༄༅།    ། དེའི་ཚེ།  མི་རྣམས་ཧ་ལས་ཧོན་ཐོར་དུ་བཅུག་པའི་དོན་དག་ཅིག་བྱུང་ངོ་། །སྐུད་འགྲོའི་འཁྲབ་སྟོན་པ་དེ་སྒེའུ་ཞིག་ལས་བུད་ཀྱང་ལྕགས་སྐུད་ཀྱི་སྟེང་ནས་བགྲོད་པར་བྱས། ལྕགས་སྐུད་འདི་ལྕོག་འཁར་གཉིས་ཀྱི་བར་དུ་མཐུད་ཡོད་ལ་ཁྲོམ་དང་མང་ཚོགས་ཀྱི་ཀླད་ནས་དཔྱངས་ཡོད་དོ། །འཁྲབ་སྟོན་པ་དེ་སྐུད་པའི་དཀྱིལ་ཙམ་དུ་སླེབས་ཙ་ན། སྒེའུ་དེ་ལས་འཆོར་གོས་གྱོན་པའི་ཇོ་ཀོ་ར་[10]ཞིག་ཐོན་བྱུང་སྟེ།  སྔོན་མ་དེའི་རྗེས་སུ་མྱུར་བར་བཅད་དོ། །  ཞ་བོ་ཁྱོད། མདུན་དུ་བསྐྱོད་ཅིག །ཁོས་སྐད་སྒྲ་ཐོན་པོའི་ངང་ནས་བོས་པ་དང་མུ་མཐུད་དུ་བོས་པར།  མདུན་དུ་བསྐྱོད་ཅིག །རུས་པ་ལེ་ལོ་ཅན།  ལམ་གྱི་རྐུན་པོ།  ཤི་མདོག་ཅིག་སྟོན་ནས་ང་ཡི་རྡོག་ཐོ་བཞུ་དགོས་པ་མིན་ནམ།  ཁྱོད་རང་ལྕོག་མཁར་གཉིས་ཀྱི་བར་ལ་ཐོན་ནས་ཅི་བྱེད།  ཁྱོད་ཀྱིས་ཁྱོད་ལས་འཕགས་པའི་མི་ཞིག་གི་ལམ་བཀག་པས།  ལྕོག་མཁར་གྱི་བཙོན་ཤག་ལ་ཁྱོད་ཉིད་བཅུག་ན་འགྲིག་སོང་།  དེ་ལྟར་ཚིག་འབྲུ་རེ་རེ་སྨྲ་བཞིན་སྔོན་གྱི་མི་དང་ཐག་ཇེ་ཉེར་ཕྱིན་པ་དང་། ཕ་ལམ་གོམས་གང་ལས་ལྷག་མེད་པའི་མཚམས་ནས་ཐམས་ཅད་ཧ་ལས་སུ་བཅུག་པའི་དོན་དག་ཅིག་བྱུང་བར།  ཇོ་ཀོ་ར་དེས་འདྲེ་སྐད་གཅིག་ཅོར་ནས་སྔོན་མ་དེའི་ཀླད་ནས་མདུན་དུ་མཆོང་ངོ་། །སྔོན་མ་དེས་རང་གི་འགྲན་ཟླས་རྒྱལ་ཁ་ཐོབ་པ་མཐོང་བས། བསམ་བློ་ཚུབ་སྟེ་རྡོག་པས་སྐུད་པ་མ་གནོན་པར་ལྷུང་ངོ་། །ཁོང་གིས་ལག་གི་སྐྱོར་ཤིང་ཤོར་ལ་རྐང་ལག་ཕར་གཡུག་ཚུར་གཡུག་བྱེད་བཞིན་སྐྱོར་ཤིང་ལས་མགྱོགས་པར་ས་ལ་བརྡབ་བོ། །ཁྲོམ་དང་མི་ཚོགས་ནི་རྒྱ་མཚོ་དྲག་རླུང་གིས་འཕྱོ་བ་ལྟར་བྱས་པར། མི་རྣམས་ངེས་མེད་དུ་བྲོས་ཐོར་བྱས་ལ་འཁྲབ་སྟོན་པ་ལྷུང་སྲིད་པའི་གནས་དེ་ནི་འ་འུར་གྱིས་གང་ངོ་།  །

༄།   འོན་ཀྱང་ཛ་རཱ་ཐུགས་གྲོལ་བརྟན་པོར་ལངས་ནས་བསྡད།  འཁྲབ་སྟོན་པ་དེ་ཁོང་གི་འཁྲིས་སུ་ལྷུང་ལ་ལུས་དང་ཕུང་པོ་ལྷག་མེད་དུ་ཉེས་མོད་དེ་མ་ཐག་མ་ཤི། ཏོག་ཙམ་འགོར་རྗེས།  རྨས་མ་དེ་དྲན་པ་སོས་ཙམ་བྱུང་བ་དང་།  ཁོས་ཛ་རཱ་ཐུགས་གྲོལ་པུས་མོ་བཙུགས་ནས་ལོགས་སུ་བཞུགས་པ་མཐོང་།  ཁྱོད་འདི་རུ་ཡོང་ནས་ཅི་བྱ། ཁོང་གིས་མཐའ་མར་སྐད་འདི་ཙམ་ཞིག་བྱིན་ཐུབ་སོང་ལ། ངས་ནི་བདུད་རྒྱལ་[11]གྱིས་ང་ལ་རྐང་པས་འཁྲིལ་བར་བྱེད་པ་སྔ་མོ་ནས་གསལ་བ་ཡིན།  ད་ལྟ་ཁོ་རིང་གིས་ང་དམྱལ་ཁམས་སུ་དྲུད་བཞིན་ཡོད་པས།  ཁྱོད་ཀྱིས་དེ་བཟློག་ཐབས་བྱེད་ཐུབ་བམ་ཞེས་སྨྲས།

༄།    བདག་གིས་སྙན་གྲགས་དཔང་དུ་གསོལ་ནས་མནའ་བྱེད་ཆོག་གོ །བདག་གི་གྲོགས་པོ།   ཛ་རཱ་ཐུགས་གྲོལ་གྱིས་སྨྲས་པར། དེ་ན་དམྱལ་ཁམས་དང་བདུད་རྒྱལ་བྱ་བ་མེད་དོ། །ཁྱོད་ཀྱི་རྣམ་ཤེས་ནི་ཁྱོད་ཀྱི་ལུས་ཕུང་ལས་འཆི་བར་མགྱོགས་སྲིད་པས། དེ་ཕྱིར་ཁྱོད་ལ་འཇིགས་པ་མ་སྐྱེས་ཨང་།

༄།   མི་དེས་ཐེ་ཚོམ་གྱི་ངང་ནས་ཡར་ལ་བལྟས་པ་དང་སྨྲས་པར།  གལ་ཏེ་ཁྱེད་ཀྱིས་གསུང་བ་དེ་བདེན་ན། ང་ཡི་ཚེ་སྲོག་འདི་ཤོར་ཡང་ཕངས་པ་མིན་ཏེ།  ང་ནི་དུད་འགྲོ་ལྟར་ལྕགས་ལོ་དང་བཟའ་བཏུང་རག་ཙམ་གྱི་རྐྱེན་གྱིས་བྲོ་འཁྲབ་མཁན་ཞིག་ཡིན་ནོ། །

༄།   དེ་ལྟར་མ་རེད།  ཛ་རཱ་ཐུགས་གྲོལ་གྱིས་སྨྲས་པར།  ཁྱོད་ཀྱིས་ཉེན་ཁ་ཆེན་པོ་ལས་སུ་གཉེར་བ་འདིར་མཐོང་ཆུང་བྱ་བ་མི་རུང་ངོ་། །ད་ལྟ་ཁྱོད་ཉིད་ལས་ཀའི་ཕྱིར་དུ་འཆི་འགྲོ་བ་ཡིན་ཙང་། བདག་གིས་ཁྱོད་ཉིད་ཀྱི་ཕུང་པོ་དུར་དུ་འཇུག་པར་བྱེད་དགོས་འགྲོ །

༄།   ཛ་རཱ་ཐུགས་གྲོལ་གྱིས་དེ་ལྟར་སྨྲས་ཙ་ན།  འཆི་ལ་ཁད་ཀྱི་མི་དེས་ཅི་ཡང་མ་སྨྲས་མོད།  ཁོས་ཐུགས་རྗེ་ཞུ་ཆེད་དུ་ལག་པ་དེ་འགུལ་ཙམ་བྱས་ནས་ཛ་རཱ་ཐུགས་གྲོལ་གྱི་ལག་པར་འཇུ་གྲབས་བྱས་སོ། །

 

མཆན།

[10]དབྱིན་སྐད་Jokerབྱ་བའི་སྒྲ་ཟུར་དུ་ཆགས་ནས་བོད་སྐད་དུ་འདྲིས་པ་ཞིག །དེ་ནི་འཁྲབ་སྟོན་ཁྲོད་ཀྱི་བཞད་གད་སློང་མཁན་ཨ་ཙ་ར་ལྟ་བུ་ཞིག་ཡིན།

[11]མ་རྩོམ་ནང་དུ་Devilཞེས་པ་དེ་གོང་དུ་འདྲེ་ཞེས་བསྒྱུར་ཡོད་པ་དང་འདི་རུ་བདུད་རྒྱལ་ཞེས་བསྒྱུར་ཡོད།  ཡེ་ཤུ་ཆོས་ལུགས་ནང་Devilདམྱལ་བའི་བདག་པོ་ཡིན་ལ།  དེ་ནི་ལྷ་ཆེན་ལས་ལྡོག་སྟེ་གནོད་བྱེད་བདུད་ཀྱི་རྒྱལ་བོ་ཡིན།

འདི་དོན་ཆེད་དུ་གསལ་བཤད་ཞུ་བ་ལ། ངའི་རྩིས་འཁོར་གྱི་ཡིག་གཟུགས་འགྱུར་ཏེ། མཆན་བུར་བཏབ་པ་དག་མཐོང་མི་ཐུབ་པར་གྱུར་འདུག །དེ་རིང་ཡིག་གཟུགས་བསྒྱུར་ཏེ་ལྟ་སྐབས་འོག་ན་མཆན་བཏབ་ཡོད་པ་མཐོང་ཞིང་། དེ་འཕྲལ་གོང་དུ་སྤེལ་ཟིན་པའི་རྩོམ་དུམ་དག་གི་གཤམ་ནའང་མཆན་བུ་ཚང་མ་ཡང་བསྐྱར་སོ་ན་བཀོད་ཡོད་པས། དེ་དོན་ཀུན་ཀྱིས་ཐུགས་ལ་འདོགས་རོགས་ཞུའོ། །  ཞེས་གོ་ཙོ་ཙིས།

—————————

གསལ་བཤད།

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།