༄༅། །དུས་མཉམ་དུ་མཚན་མོ་འབྱོར་སོང་བར། མུན་ནག་གིས་ཁྲོམ་ཡོངས་སུ་བཏུམས། མི་རྣམས་ནི་ཡ་མཚན་དང་འཇིགས་སྣང་ལའང་ངལ་དུབ་སྐྱེ་སླ་བས་སོ་སོའི་གནས་སུ་གོག་གོ །འོན་ཀྱང་ཛ་རཱ་ཐུགས་གྲོལ་ད་དུང་རོ་ལ་བཅལ་ནས་བཞུགས་འདུག་སྟེ། མནོ་བསམ་ལ་བློ་གཅིག་ཏུ་གཏད་པས་དུས་ཚོད་འདའ་བའང་ཚོར་བ་མ་བྱས་སོ། །མུན་ནག་དང་གྲང་ངར་གྱི་རླུང་སྣ་ཞིག་ཁེར་བུ་བ་འདི་ཉིད་ཀྱི་སྟེང་དུ་གཡུགས་ཙ་ན། ཛ་རཱ་ཐུགས་གྲོལ་ཡར་བཞེངས་སྟེ། རང་གི་སེམས་ལ་འདི་སྐད་གཏམ་མོ། །
༄། དོན་དམ་པར། ཛ་རཱ་ཐུགས་གྲོལ་གྱིས་དེ་རིང་ཉ་ལེགས་པོ་ཞིག་བཟུང་བཞག དེ་ནི་མི་ཞིག་མ་ཡིན་པར་རོ་ཞིག་ཡིན་ནོ། །
༄། མི་ཡི་འཚོ་བ་ནི་མག་མོག་ཅིག་དང་དོན་སྙིང་གིས་དབེན་པ་ཞིག་ཡིན་ཏེ། ཇོ་ཀོ་ར་ཞིག་ཀྱང་མི་ཡི་ངན་ཤོར་གྱི་མི་ཚེའི་རྐྱེན་ངན་ཞིག་ཏུ་འགྱུར་ཆོག་པ་ཡིན།[12]
༄། བདག་གིས་མི་ལ་འཚོ་ཞིང་གནས་པའི་དམིགས་དོན་གང་ཡིན་བསྟན་འདོད་དེ། དེ་ནི་འཕགས་མིའོ། ། དེ་ནི་མི་ཡི་སྤྲིན་ནག་ལས་འཕང་བའི་ཐོག་རྒོད་དོ། །
༄། འོན་ཀྱང་བདག་ནི་མི་དང་ཐག་རིང་བོར་འདུག་པས། བདག་གི་བློ་གྲོས་ཀྱིས་ཅི་བརྗོད་པ་དེ་མི་ཡི་བློ་གྲོས་ཀྱིས་བདག་གིར་མི་ནུས་སོ། །མི་ལ་མཚོན་ན་བདག་ནི་ཇོ་ཀོ་ར་དང་རོ་ཡི་དབུ་མ་ཞིག་ཏུ་སྣང་ངོ་། །
༄། མཚན་མོ་ནི་མུན་གྱིས་འཐུམ་ལ། ཛ་རཱ་ཐུགས་གྲོལ་གྱི་བགྲོད་ལམ་ཡང་མུན་གྱིས་བཏུམས་སོ། ཤོག་དང་། གྲང་ངར་དང་མཁྲེགས་པོ་ཅན་གྱི་འབྲང་རོགས། བདག་གིས་ཁྱོད་ཉིད་སྦས་པར་གྱུར་བའི་གནས་དེ་ལ་ཐེག་འགྲོའོ། །   ། །
མཆན།

[12]ངན་དུ་ཤོར་བའི་མི་ཚེ་དང་མིའི་རིགས་ལ་མཚོན་ན། ཇོ་ཀོ་ར་ཞིག་གིས་ཀྱང་ལོ་རྒྱུས་རྐྱེན་ངན་ཏུ་བརྫངས་ཐུབ་པ་ཡིན་ནོ། །

གསལ་བཤད།
ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།