༄༅། །ཛ་རཱ་ཐུགས་གྲོལ་གཉིད་ལ་ཡུན་རིང་དུ་ཡུར་བར། ས་སྲོད་ཀྱི་དམར་འོད་དེ་ཁོང་གི་ཞལ་ལས་བརྒྱུད་པ་མ་ཟད། ཞོགས་པའི་གསལ་འོད་ཡང་འཕྲོས་སོ། །དེའི་མཐར། ཁོང་གིས་སྤྱན་ཕྱེས་ནས་ངོ་མཚར་དོད་པོས་ལྷིང་འཇགས་ཀྱི་ནགས་ཚལ་ཁྲོད་དུ་གཟིགས་པར་མ་ཟད། ངོ་མཚར་དོད་པོས་རང་ཉིད་ལ་གཟིགས་སོ། །དེ་ནས་ཁོང་ཉིད་མྱུར་བར་བཞེངས་པ་དང་། གྲུ་པ་ཞིག་རྒྱ་མཚོར་ཡུན་རིང་བསྐྱོད་ནས་མཐར་ཐུག་ཏུ་སྐམ་ས་མཐོང་བ་ལྟར་རང་གིས་གསར་དུ་མཐོང་བའི་བདེན་པ་དེའི་དོན་དུ། གློ་བུར་དུ་སྤྲོ་བའི་གད་རྒྱངས་སྒྲོག་ལ། ཁོང་ཉིད་ཀྱིས་རང་གི་སེམས་ལ་འདི་སྐད་སྨྲས་སོ། །

༄། འོད་སྣང་ཞིག་བདག་ལ་འཕྲོས་སོང་། བདག་ལ་ཟླ་གྲོགས་གསོན་པོ་ཞིག་དགོས་སོ། །བདག་གིས་གང་འདོད་དུ་ཁྱེར་ཆོག་པའི་ཟླ་གྲོགས་ཤི་བོ་དང་རོ་ཞིག་མ་ཡིན་པར།

༄། བདག་ལ་ཟླ་གྲོགས་གསོན་པོ་ཞིག་དགོས་ཏེ། ཁོང་ནི་བདག་གི་རྗེས་སུ་འབྲངས་ཏེ་ཡོང་བར་འགྱུར་ལ། བདག་འགྲོ་བའི་གནས་ནི་ཁོང་རང་ཉིད་ཀྱང་འགྲོ་བར་འདོད་པའི་གནས་སོ། །

༄། འོད་སྣང་ཞིག་བདག་ལ་འཕྲོས་སོང་། ཛ་རཱ་ཐུགས་གྲོལ་གྱིས་མི་ཚོགས་ལ་འཆད་པ་མི་བྱེད་དེ་རང་གི་ཟླ་གྲོགས་སུ་འགྱུར་བ་ལ་འཆད་དོ། །ཛ་རཱ་ཐུགས་གྲོལ་ནི་རྫི་བོ་མི་བྱེད་ལ་རྫི་ཁྱིའང་མི་བྱེད་དོ། །

༄། ལུག་ཁྱུའི་ཁྲོད་ནས་ལུག་གང་མང་བདག་གིས་བསླུ་བར་བྱེད་དོ། །བདག་ནི་དེ་དོན་དུ་ཐོན་པ་ཡིན། མི་ཚོགས་དང་ལུག་ཁྱུ་ཡིས་བདག་ལ་སྡང་སྲིད་དེ། ལུག་རྫི་ཡིས་ཛ་རཱ་ཐུགས་གྲོལ་ལ་ཇག་པ་ཞེས་འབོད་སྲིད་དོ། །

༄། བདག་གིས་ལུག་རྫི་ཞེས་པ་དེ་དག་གིས་རང་ལ་བཟང་བོ་དང་དྲང་པོ་ཞེས་པའི་མིང་བཏགས་ཡོད། བདག་གིས་ལུག་རྫི་རུ་འབོད་པ་དེ་དག་གིས་རང་ལ་ཡང་དག་བསྟན་པའི་དད་ལྡན་པ་ཞེས་འབོད་སྲིད།

༄། བཟང་བོ་དང་དྲང་པོ་འདི་དག་གིས་སུ་ལ་ཤིན་ཏུ་སྡང་བ་རེད་དམ་ཞེ་ན། དེ་དག་གིས་རིན་ཐང་གི་རྡོ་ལེབ[15]་ཆག་ཀྲུམ་དུ་བྱེད་མཁན་དེ་ལའོ། །དེ་ནི་གཏོར་བཤིག་པ། དེ་ནི་ཉེས་ཅན་ཡིན་ནོ། །འོན་ཀྱང་། དོན་དམ་དུ་དེ་ནི་གསར་གཏོད་པའོ། །

༄། བསྟན་པ་སྣ་ཚོགས་ཀྱི་དད་ལྡན་རློམ་མཁན་དེ་དག་གིས་སུ་ལ་ཤིན་ཏུ་སྡང་བ་རེད་དམ། དེ་དག་གིས་རིན་ཐང་གི་རྡོ་ལེབ་ཆག་ཀྲུམ་དུ་བྱེད་མཁན་དེ་ལའོ། །དེ་ནི་གཏོར་བཤིག་པ། དེ་ནི་ཉེས་ཅན་ཡིན་ནོ། །འོན་ཀྱང་། དོན་དམ་དུ་དེ་ནི་གསར་གཏོད་པའོ།  །

༄། གསར་གཏོད་པ་ཡིས་འཚོལ་བཞིན་པ་ནི་ཟླ་གྲོགས་ཏེ། རོ་ནི་མ་ཡིན་ནོ། །ལུག་དང་དད་མཁན་ཡང་མ་ཡིན་ནོ། །གསར་གཏོད་པས་འཚོལ་བཞིན་པ་ནི་རྡོ་ལེབ་གསར་བའི་སྟེང་དུ་རིན་ཐང་གསར་བ་འབྲི་ནུས་པའི་གསར་གཏོད་ཀྱི་གྲོགས་པོ་ཡིན།

༄། གསར་གཏོད་པ་ཡིས་འཚོལ་བཞིན་པ་ནི་ཟླ་གྲོགས་ཏེ། མཉམ་རུབ་ཀྱིས་སྨིན་འབྲས་བསྡུ་མཁན་ནོ། །གསར་གཏོད་པས་འཚོལ་བཞིན་པ་ནི་སྨིན་པ་ཐམས་ཅད་བསྡུ་ཐུབ་མཁན་ནོ། །འོན་ཀྱང་ཁོང་ལ་ཟོར་བ་བརྒྱ་མེད་པས། ཁོང་གིས་ཁོང་ཁྲོ་ཆེན་མོས་ལོ་ཏོག་རྣམས་ཀྱི་རྣ་ལོ་བཏོགས་སོ། །

༄། གསར་གཏོད་པ་ཡིས་འཚོལ་བཞིན་པ་ནི་ཟླ་གྲོགས་ཏེ། རང་གི་ཟོར་བ་བརྡར་ཤེས་པ་དག་གོ །མི་རྣམས་ཀྱིས་ཁོ་ཚོ་ལ་ལེགས་ཉེས་ཀྱི་བཅོམ་པོ་དང་གཏོར་བཤིག་མཁན་ཞེས་འབོད་སྲིད་མོད། ཁོ་ཚོ་ནི་སྨིན་འབྲས་བསྡུ་མཁན་དང་ལོ་ལེགས་ཀྱི་དགའ་བ་རོལ་མཁན་ནོ། །

༄། ཛ་རཱ་ཐུགས་གྲོལ་གྱིས་གསར་གཏོད་པ་འཚོལ་བ་ཡིན། ཛ་རཱ་ཐུགས་གྲོལ་གྱིས་སྨིན་ཏོག་བསྡུ་མཁན་དང་དགའ་བ་རོལ་མཁན་འཚོལ་བ་ཡིན། དེ་ནི་ལུག་ཁྱུ་དང་། ལུག་རྫི། ཤི་རོ་བཅས་ལ་འབྲེལ་བ་མེད་དོ། །

༄། དེ་ན། བདག་གི་ཟླ་གྲོགས་དང་པོ་ཁྱོད། བདེ་བར་གཤེགས་ཤིག བདག་གིས་ཁྱོད་ཉིད་ཁོག་སྟོང་གི་སྡོང་བོར་བརྫངས་ནས་སྦས་ཡོད།  ཁྱོད་ནི་ནམ་ཡང་སྤྱང་ཀིས་མི་རྙེད་པར་སྦས་ཡོད་དོ། །

༄། འོན་ཀྱང་བདག་གཉིས་འདི་ནས་གྱེས་པར་བྱེད། འོད་དང་འོད་ཀྱི་བར་ནས་བདེན་པ་ཞིག་བདག་ལ་འཕྲོ་བར་བྱས་སོང་།

༄། བདག་ནི་ལུག་རྫི་བྱེད་པར་མི་འགྲོ་ལ། བདག་ནི་དུར་དོང་རྐོ་མཁན་བྱེད་དུའང་མི་འགྲོ། བདག་གིས་དེ་བཞིན་མི་ཚོགས་ལ་འཆད་པ་མི་བྱེད་ལ། འདི་ནི་བདག་གིས་རོ་ལ་སྐད་ཆ་ལབ་ཐེངས་མཐའ་མའོ། །

༄། བདག་ནི་གསར་གཏོད་པ་དང་། སྨིན་འབྲས་བསྡུ་མཁན།  དགའ་བ་ཆེན་པོ་རོལ་མཁན་དག་དང་འགྲོག་རྒྱུ་ཡིན།  བདག་གིས་དེ་དག་ལ་འཇའ་ཚོན་དང་འཕགས་མིའི་ལམ་རིམ་སྟོན་པར་བྱེད་དོ། །

༄། བདག་གིས་དབེན་སྒྲུབ་པ་དང་ཟུང་སྒྲུབ་པ་[16]དག་ལ་བདག་གི་གླུ་གྱེར་འགྲོ། སྔོན་མ་མ་བྱུང་བའི་གནས་ལུགས[17]་ལ་ཉན་པར་སྤྲོ་མཁན་ཡོད་ན།  བདག་གིས་སྤྲོ་སྣང་ཆེན་པོས་དེ་དག་གི་སེམས་ལྗིད་པར་བྱེད་དོ། །

༄། བདག་གིས་བདག་གི་དམིགས་ཡུལ་སྒྲུབ། བདག་ནི་བདག་གི་ལམ་ལ་འགྲོ། རྣམ་གཡེང་ཅན་དང་རྗེས་ལུས་ཅན་རྣམས་བདག་གིས་རྒྱབ་དུ་སྐྱུར་འགྲོ། དེ་ལྟར་བྱས་ནས།   བདག་གི་བརྒལ་བ་དེ་དེ་དག་གི་རྒུད་པར་གྱུར་ཅིག །

 

མཆན།

[15]ལྷ་ཆེན་གྱིས་ཆོས་རྗེ་མཱོ་ཤུ་ལ་མི་ཡི་ལུགས་མིན་འདུལ་བའི་ལྷ་ཆོས་གཙང་མ་བཅུ་བྱ་བ་རྡོ་ལེབ་ཏུ་བཀོད་ནས་གནང་བ་ཡིན་ཞེས་ལྷ་སྒྲུང་དུ་གསལ།

[16]འཇར་མན་སྐད་དུ་དབེན་སྒྲུབ་པ་ལ་Einsiedlerཞེས་བྱ་སྟེ། Einནི་གཅིག་པུའི་དོན་ནོ། །འོན་ཀྱང་མིང་ཚིག་འདི་ལས་Einགྱིས་གཅིག་གི་དོན་སྟོན་པ་མིན་རུང་། ནེ་ཐྲིས་ལྟོས་བཅས་སུ་Zweisiedler ཞེས་པ་གསར་དུ་མཛད་པ་དང་།Zwei གཉིས་ཀྱི་དོན་ནོ། །དབྱིན་ཡིག་ཏུ་འདི་གཉིས་ལ་Lone-dweller དང་ Twain-dwellersཞེས་པར་བསྒྱུར་འདུག

[17]  སྔོན་དུ་མ་བྱུང་བའི་གནས་ལུགས་ནི་ཛ་རཱ་ཐུགས་གྲོལ་གྱིས་འཆད་པར་འགྱུར་བའི་གནས་ལུགས་སོ། །

 

གསལ་བཤད། 

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།