༄༅། ། ཉེ་རབས་ཀྱི་ཨ་རིའི་སྲིད་འཛིན་ནང་ནས་ཁེན་ནེ་ཏི་དང་རཻ་ཀིན་གཉིས་ལ་ལོ་རྒྱུས་འདང་འཇོག་ལེགས་པོ་ཡོད་རེད། དེ་གཉིས་ཀྱི་འཕྲོ་ནས་བྷི་ཤུ་ཆུང་བ་སྙན་གྲགས་མཐོ་ཤོས་རེད། འོན་ཀྱང་བྷི་ཤུའི་མཛད་རྗེས་ཐད་ལ་ད་དུང་རྩོད་གླེང་མང་པོ་ཡོད་རེད། གཅིག་ན་ཁོ་རང་སྲིད་འཛིན་བྱས་པའི་དུས་ཚོད་ཤིན་ཏུ་ཉེ་བོར་ཆགས་པས་མི་ཚོས་ཚོར་བ་ཉེ་རིང་མེད་པ་གཅིག་ཡོང་ཐུབ་ཀི་མེད་པ་དང་། གཉིས་ན་ཨོ་པཱ་མཱ་སྲིད་འཛིན་འོས་མིར་རྒྱུགས་སྐབས། བྷི་ཤུའི་སྐད་གྲགས་ལ་སྨྲ་བརྗོད་ཀྱི་ཕམ་ཉེས་ཆེན་པོ་ཐེབ་ཡོད་དེ། སྐབས་དེར་ཨ་རི་བས་ད་དུང་ཆབ་སྲིད་ལ་བླང་དོར་དང་ཀུན་སྤྱོད་ཀྱི་ཁ་མདོག་མཐུག་པོ་སྤྲས་ནས་ཡོད་པ་དང་། ཁྱད་པར་ཏུ་འབྱོར་འབྲིང་གྲལ་རིམ་གྱི་ཤེས་རིག་རླུང་ཁམས་ནི་གཡོན་གྱིས་ཁ་ཕྱོགས་བསྒྱུར་ནས་ཡོད་པ་མ་ཟད། ཤར་དབུས་ཀྱི་དམག་འཁྲུག་ལའང་རྒྱལ་སྤྱིའི་སྐྱོན་བརྗོད་གང་མང་ཐེབ་ཀྱིན་ཡོད་པས། ཨ་རིའི་མི་མང་དཀྱུས་མ་ལ་ཐེ་ཚོམ་ཆེན་པོ་བཟོས་པ་དང་། བྷི་ཤུ་ཆུང་བའི་དམག་དོན་སྐོར་ལ་ཞེ་ལོག་བྱུང་ཡོད་པ་རེད། དེ་ལྟར་ཕྱིན་ཙང་རྒྱལ་སྤྱིའི་ཤེས་རིག་པའི་སྡེ་ཁག་གིས་ཨོ་པཱ་མཱ་ལ་ནོ་བྷེལ་ཞི་བདེའི་རྟགས་མ་སྤྱིན་པ་དང་། དམག་མིའི་རྒྱབ་ཁུངས་ཡོད་པའི་འོས་མི་འགྲན་ཡ་མག་གེ་ཨིན་མཐའ་མར་ཕམ་སོང་བ་རེད།

ཨོ་པཱ་མཱ་སྲིད་འཛིན་ལ་ཐོན་རྗེས། བྲོ་བ་ལྡན་པའི་བྱ་བ་གཙོ་བོ་གཉིས་བྱས་པ་ནི། ཕྱི་སྲིད་ཀྱི་ཆ་ནས་ཞི་བའི་འཐབ་ཇུས་འཐེན་པ་དང་ནང་སྲིད་ཀྱི་ཆ་ནས་འདྲ་མཉམ་བཙན་སྤྲོད་བྱས་པ་དེ་རེད། ཨོ་པཱ་མཱ་སྲིད་འཛིན་གྱི་ཁྲི་ཁར་ཕེབས་ཐུབ་དོན་ཆེ་ཤོས་ཞིག་ནི་སྐབས་དེའི་མི་མང་གི་དམག་རྒོལ་སེམས་ཁམས་ལ་རག་ལས་པ་རེད། དེ་བས་ཁོ་པས་མི་མང་གི་སེམས་ཁམས་དེ་ལ་ཤིན་ཏུ་བསྟུན་ནས་ཤར་དབུས་ནས་དམག་མི་ཕྱིར་འཐེན་བྱས་པ་དང་། རྗེས་ཕྱོགས་སི་རེ་ཡཱ་སོགས་ཀྱི་ཟིང་ཆའི་ཁྲོད་ལ་ནུས་ཤུགས་ཡོད་རྒུ་འདོན་ཕོད་མེད་པ་རེད། ནང་སྲིད་ཀྱི་ཆ་ནས་ཨ་རིའི་ཆབ་སྲིད་ཁོར་ཡུག་དང་ཤིན་ཏུ་མི་མཐུན་པའི་ཨོ་པཱ་མཱའི་ནད་བཅོས་འགན་ཐེག་ཟེར་བ་དེ་སྤེལ་བ་རེད། སྲིད་ཇུས་འདི་གཉིས་ལ་སྐྱོན་ཆ་ཆེ་ཤོས་གཉིས་བྱུང་བ་ནི། ཕྱི་སྲིད་ཀྱི་ཆ་ནས་ཨ་རིས་ཤར་དབུས་ཟིང་དོན་རིམ་བྱུང་ཁྲོད་ནས་བྷི་ཤུའི་སྲིད་ཇུས་སམ་ཨ་རིའི་སྲོལ་རྒྱུན་རིང་མོ་སྐྱོང་མ་ཐུབ་པ་དེས། ཨ་རིའི་འགྲན་ཡ་རྒྱལ་ཁབ་རོག་ཤེ་ཡ་ལྟ་བུས་ཨ་རིའི་སྙིང་སྟོབས་ཞན་འགྱུར་བྱས་ཡོད་པ་མཐོང་ནས་ཤར་དབུས་ནང་ནུས་ཤུགས་ཆེན་པོ་སྤེལ་བ་དང་། མཐའ་མར་ཡོ་རོབ་ནང་ལའང་སྔ་མོའི་དགོག་སྲུང་གི་དམའ་ས་ཡོད་པའི་རྣམ་འགྱུར་འཕང་ནས་ཕྱིར་རྒོལ་གྱི་མཐོ་སར་ལངས་ཐུབ་ཡོད་པ་རེད། ཨུ་ཁི་རན་གྱི་གནས་ཚུལ་དེ་དེ་འདྲ་རེད་ལ། རོག་ཤེ་ཡས་ཨུ་ཁི་རན་གནད་དོན་ཐད་ནས་དྲག་པོའི་ཚུགས་ཀ་སྟོན་ཐུབ་དོན་ཡང་ཨོ་པཱ་མཱའི་ཕྱི་སྲིད་འཐབ་ཇུས་ལ་ཐུག་ཡོད་པ་རེད། ཨོ་པཱ་མཱ་ལས་ཤར་དབུས་ནས་དམག་མི་ཕྱིར་འཐེན་བྱས་རྗེས་ཨེ་ཤེ་ཡ་ནང་སྟོབས་ཤུགས་བསྐྱར་བཞེངས་བྱེད་དགོས་ཚུལ་ལབ་པ་རེད། འོན་ཀྱང་ད་ལྟ་མཐོང་ཐུབ་པ་ནི་ཧོང་ཀོང་གི་ཆབ་སྲིད་འཐབ་འཛིང་སྣ་ཚོགས་རྒྱབ་ཏུ་ཨ་རིས་ནུས་ཤུགས་ཅུ་ཙམ་སྤེལ་ཐུབ་ཡོད་པ་ལས། དེ་མིན་ཉི་ཧོང་དང་ཀོར་དཀར་ནང་གི་གནས་སྟངས་ལ་སྔར་ཡོད་རྒྱུན་གཏན་ལས་ཡར་རྒྱས་ཆེན་པོ་བྱུང་མེད་པ་དང་། ཧྥེ་ལི་ཕིང་སོགས་སུའང་རང་འགུལ་རང་དབང་ཞིག་ཐོབ་མེད་པ་འདྲ་བོ་བྱུང་ཡོད་པ་དེ་རེད། ཨ་རིའི་དམིགས་ཡུལ་ནི་ཀྲུང་གོ་སོགས་ཀྱི་ནུས་ཤུགས་ཉེན་རྟོག་བཟོ་བ་དེ་རེད། འོན་ཀྱང་ཨོ་པཱ་མཱ་ཡི་སྲིད་འཛིན་དུས་ཚོད་ནང་ལ་དམིགས་ཡུལ་དེ་སྒྲུབ་ཐུབ་ཡོད་མ་རེད། ཀྲུང་གོ་ལ་མཚོན་ན་དེ་ནི་རྒྱལ་ཁ་ཞིག་ཡིན་མོད། ཨ་རིའི་མཐོ་རིམ་གྱིས་མིག་ལ་ལྟས་ན་དེ་ནི་ཨོ་པཱ་མཱའི་ཕམ་ཁ་ཞིག་ཡིན་ཤས་ཆེ། གཉིས་ན་ཨོ་པཱ་མཱའི་ནད་བཅོས་འགན་ཐེག་སྐོར་ནས་ཡིན་ན། སྲིད་ཇུས་འདི་ཡིས་དབུལ་བོའི་ཕྱོགས་ལ་སྲིད་ཇུས་ལྟ་རྟོགས་ཀྱི་ནུས་ཤུགས་སྤེལ་འདོད་ཡོད་རུང་། ཨ་རིའི་མི་མང་གི་ངོས་ནས་ཡིན་ན། དབུལ་བོ་དག་ལ་མཚོན་ན་ལས་ཀའི་གོ་སྐབས་དང་ཡོང་འབབ་ཡར་རྒྱས་གཙོ་བོ་ཡིན་པ་ལས་ནད་བཅོས་འགན་ཐེག་གཙོ་བོ་མིན། རྒྱུ་མཚན་ནི་ལས་ཀ་དང་ཡོང་འབབ་བརྟན་པོ་བཟོ་ཐུབ་པ་ཡིན་ན་ནད་བཅོས་འགན་ཐེག་ནི་རང་སོས་ཚོང་ར་ནས་ཉོ་ཆོག་པ་རེད། ཨོ་པཱ་མཱ་ཡིས་མ་རྩ་རིང་ལུགས་ཀྱི་ཁྲོད་ན་སྤྱི་ཚོགས་རིང་ལུགས་ཀྱི་ཆ་ཤས་ཡོད་རེད་ཟེར་ནས་བཤད་པ་རེད། དེ་ནི་ཨ་རིའི་ཆབ་སྲིད་མཐོ་གྲལ་དང་ཡེ་ཤུ་སྲོལ་རྒྱུན་སྨྲ་བ་དག་གི་རྣ་ལ་ཤིན་ཏུ་མི་འོས་པའི་སྐད་ཆ་ཞིག་རེད། ཨོ་པཱ་མཱས་བརྗོད་པ་འདི་ནི་ཡོ་རབ་ཀྱི་གནས་ཚུལ་དངོས་ཞིག་རེད་མོད། ཨ་རི་ལ་མཚོན་ན་གནས་ཚུལ་གསར་བ་ཞིག་རེད། ད་ལྟ་ཕྱིར་འདང་རྒྱབ་ན་ཨོ་པཱ་མཱ་ཡིས་ཡོ་རོབ་ལ་དཔེ་ལད་བྱས་ནས་སྲིད་ཇུས་འཐེན་གྱིན་ཡོད་ཚོད་རེད།

ཨོ་པཱ་མཱ་ཡི་སྲིད་ཇུས་ལ་ཤེས་ཡོན་ཅུང་ཙམ་ཡོད་ཀྱང་ཆབ་སྲིད་ལས་ཀ་དངོས་ལ་ཞུགས་མེད་མཁན་དག་གིས་དགའ་བསུ་ཆེན་པོ་ཞིག་བྱེད་བཞིན་ཡོད། འོན་ཀྱང་མི་སེར་དཀྱུས་མ་དང་ཆབ་སྲིད་ཤེས་ཡོན་པ་རྩེ་གྲས་ཀྱིས་ཨོ་བཱ་མཱའི་སྲིད་ཇུས་ཀྱི་ཉེན་ཁ་མཐོང་ཡོད་རེད། གང་ཡིན་ཟེར་ན། མི་སེར་དཀྱུས་མ་ཚོའི་ལས་ཀའི་གོ་སྐབས་དང་ཡོང་འབབ་ཀྱི་སྟེང་ནས་ཨ་རིའི་དཀའ་ཁག་ཚོར་གྱིན་ཡོད་པ་དང་། ཤེས་ཡོན་པ་རྩེ་གྲས་ཀྱིས་ཨོ་པཱ་མཱས་རྒྱལ་སྤྱིའི་གླེང་ཕྱོགས་ལ་ཉན་ཆེ་བ་དང་རྒྱལ་ཁབ་གཞན་ལ་འགྲན་རྩོད་གོ་སྐབས་སྤྲད་བཞིན་ཡོད་པ་རང་ནུས་འཕྲི་བཅོག་གི་ཉེན་ཁ་ཞིག་ལ་ཤེས་ནས་ཡོད་པ་རེད། ཨོ་པཱ་མཱ་ཡིས་པར་དང་འཁྲབ་སྟོན་སྣ་ཚོགས་ལ་བསྟེན་ནས་སྐད་གྲགས་རྒྱུན་འཁྱོང་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཚོར་བ་ཆེས་བརྟུམ་པའི་མཐོ་དམའ་གཉིས་མིན་གྱི་གྲལ་རིམ་དེ་ཡིས་པར་དང་འཁྲབ་སྟོན་ལ་ཡིད་ཆེས་ནས་ཨ་རིའི་ཉེན་ཁ་མཐོང་མེད་དུ་བྱེད་ཀྱིན་ཡོད་རེད། ཡང་ཡོ་རོབ་པའི་བསམ་བློ་ལ་ཞེན་པ་་ཅང་ཆེ་བའི་སློབ་ཆེན་དགེ་སློབ་དང་གསར་ལམ་ལས་བྱེད་པ་དག་གིས་ཨོ་པཱ་མཱའི་བྱེད་སྟངས་འདི་མི་མང་ལ་ཉེ་བར་བྱེད་པའི་སྤྱོད་པ་ཞིག་ལ་ངོས་བཟུང་ནས་དགའ་བསུ་བྱེད་པ་རེད། ཨོ་པཱ་མཱ་ཡིས་རིན་བདེའི་ཀུ་ཤུ་ཟ་སྐབས། ཨོ་པཱ་མཱ་ཡིས་རིན་བདེའི་ཟས་ཁང་ནང་ཟ་མ་ཟ་སྐབས། བར་མའི་གྲལ་རིམ་གྱིས་ལྟོས་དང་། ཨ་རིའི་སྙིང་སྟོབས་འདི་ན་ཡོད་ཟེར་ནས་སྐད་རྒྱབ་པ་རེད། ཡིན་ནའང་གསར་ལམ་གྱི་འ་འུར་དེ་ཡིས་འོག་ཏུ་སྐུང་བ་ནི་གྲལ་རིམ་མཐོ་དམའ་གཉིས་ཀྱི་བསམ་ཚུལ་རེད། །

ཧེ་ལ་རེ་་ཁི་ལིན་ཏོན་ནི་ཆབ་སྲིད་པ་ངར་བ་ཞིག་ཡིན། ཉམས་མྱོང་ཤིན་ཏུ་ལྡན་པ་དང་མི་རྒྱུ་ཤིན་ཏུ་ཆེ་བ་ཞིག་ཡིན། འོན་ཀྱང་མོ་ཡང་གཡོ་སྒྱུ་ཅན་ཞིག་ཀྱང་ཡིན་ཚོད་འདུག ང་རང་གིས་མོས་འོས་རྒྱུགས་གཏམ་བཤད་མང་པོ་མ་ཉན་རུང་། ཐྲུམ་ཕི་དང་ཐད་ཀར་རྩོད་པ་བྱེད་ས་ཞིག་ཞིབ་ལྟས་བྱས་པ་ཡིན། ཐྲུམ་ཕི་ཡིས་མོ་ལ་ཁྱོད་ཀྱི་སྲིད་ཇུས་ནི་དེ་འདྲ་ལེགས་པོ་ཡིན་ན། ད་ལྟ་ཁྱོད་རང་རྒྱལ་སྲིད་སྤྱི་ཁྱབ་ཡིན་པས་ལག་བསྟར་མི་བྱེད་གེ་རེ་ཡིན་ཅེས་དྲིས་པ་རེད། མོས་དེ་ལ་ལན་ཐད་ཀར་མ་གནང་བ་རེད། དེ་ཡིས་མོ་རང་གི་གཡོ་སྒྱུ་མཚོན་ཡོད། མོས་ཨོ་པཱ་མཱའི་བྱ་ཚུལ་ཁ་ཤས་ལ་ཐེ་ཚོམ་ཡོད་ཤག་ཤག་ཡིན་མོད། མོས་ཡར་ཞུ་ནན་ཏན་བྱས་མེད་པའང་ཁོ་ཐག་རེད། མོ་ལ་ཨོ་པཱ་མཱའི་རྒྱབ་སྐྱོར་དགོས་པས། མོས་ཁོ་ལ་ཡ་ཁ་ཕྱི་མཆུ་བཏུགས་འདོད་ཀྱིན་ཡོད་མ་རེད། གཉིས་ན་མོས་མོ་རང་ཐེངས་འདིར་ཁེ་ངེས་པའི་ཡིད་ཆེས་ཞིག་བཟུང་ཡོད་པས། མོ་རང་ཁྲི་འདོན་བྱས་རྗེས་སྲིད་ཇུས་ལེགས་བཅོས་བྱས་ན་ཨོ་པཱ་མཱ་དང་བསྡུར་བཞིན་ཇེ་བཟང་འབུར་ཏུ་མངོན་ཐོན་འབྱུང་ཐུབ་པའི་འདང་རྒྱབ་ཡོད་ཤས་ཆེ། དེ་བས་མོས་རང་གི་ཆབ་སྲིད་ནུས་པ་དང་བློ་མིག་མང་པོ་ཨོ་པཱ་མཱའི་ཆེད་དུ་ལྷག་མེད་བྱས་ཡོད་པ་མ་རེད། དེ་ནི་གཡོ་སྒྱུ་ཞིག་ཏུ་རྩི་ཆོག་པ་མ་ཡིན་ནམ།

ཧེ་ལ་རཻ་ལ་ཨ་རིའི་གྲལ་རིམ་བར་མའི་རྒྱབ་སྐྱོར་ཡོད་པ་དང་ཐྲུམ་ཕི་ལ་གྲལ་རིམ་མཐོ་དམའ་གཉིས་ཀྱི་རྒྱབ་སྐྱོར་ཡོད་རེད། དེ་གཉིས་ཀྱི་ཁྱད་པར་ནི་ཚོང་སྲིད་རྩེ་གྲས་དང་གྲལ་རིམ་དམའ་ཤོས་ཁག་ནི་ཡེ་ཤུའི་ཆོས་ལུགས་ལ་དད་པའི་གྲལ་རིམ་ཡིན་པ་དང་གཙོ་བོ་མི་དཀར་ཀྱི་གྲོང་གསེབ་ཁག་རེད། འདི་རྣམས་ཀྱི་ཆབ་སྲིད་མཉམ་ཞུགས་ཀྱི་མོས་པ་ཤིན་ཏུ་ཆེ་བ་ཡིན་ཏེ། ཁོ་ཚོས་རང་ཉིད་ཨ་རིའི་བདག་པོ་ལྟ་བུ་ཞིག་ལ་བསམ་གིན་ཡོད་རེད། གྲལ་རིམ་བར་མ་ནི་རིག་གནས་སྣ་མང་གི་གྲལ་རིམ་ཞིག་ཡིན་ལ། ས་ཕྱོགས་སོ་སོ་ནས་ཡོང་བའི་གོ་སྐབས་འཚོལ་མཁན་དང་། དམར་ཤོག་གི་ལྟ་བ་ཡོད་པའི་སློབ་ཆེན་དགེ་སློབ། ལྷ་མེད་སྨྲ་མཁན་སོགས་རེད་ལ་ཁོ་ཚོ་གཙོ་བོ་གྲོང་ཁྱེར་ནང་བསྡད་ཡོད་རེད། འོན་ཀྱང་འདི་དག་གི་གཞི་བརྟེན་བྱེད་སའི་རྒྱལ་སྤྱི་མགྲོན་པོ་དག་ལ་ནི་ཁ་ཤས་ལ་ཆབ་སྲིད་ཐོབ་ཐང་མེད་པ་དང་། ཁ་ཤས་ལ་ཆབ་སྲིད་མོས་པ་དེ་འདྲ་ཆེན་པོ་ཡོད་མ་རེད། །

གང་ལྟར། ཨ་རིའི་རྒྱལ་ཁབ་ཀྱི་སྲོག་ཤིང་ནི་ཡེ་ཤུ་ཆོས་ལུགས་རེད། ཁྱད་པར་ཏུ་སྡོམ་གཙང་གི་ལྟ་གྲུབ་དེ་རེད། ཡུན་རིང་ཞིག་གི་ནང་ལ། ཨ་རིའི་སྲོག་ཤིང་ལྟ་བུར་གྱུར་བའི་སྡོམ་གཙང་བཞེས་མཁན་དང་ཡེ་ཤུ་ཆོས་ལུགས་འཛིན་མཁན་དག་གིས་རིག་གནས་གཞན་ཁག་ལ་ཆབ་སྲིད་གོ་སྐབས་གནང་བ་དང་། ཁོ་ཚོ་རྒྱབ་ལོག་ཏུ་བསྡད་པ་རེད། ཡིན་ནའང་ཨོ་པཱ་མཱའི་ནད་བཅོས་འགན་ཐེག་དང་མུ་སི་ལིམ་ལ་ལྷོད་ཡངས་བྱེད་པ་སོགས་ཁོ་ཚོས་ཨ་རིའི་ཡེ་ཤུའི་སྙིང་སྟོབས་རྦད་ནས་རྩ་མེད་བཟོ་རྩིས་བྱེད་པའི་ཉེན་ཁ་ཞིག་ལ་མཐོང་ཡོད་པ་རེད། དེ་བས་གནད་འགག་གི་དུས་ཚོད་ལ་སླེབས་སྐབས། མི་དཀར་གཙོ་བྱས་པའི་གྲལ་རིམ་མཐོ་གྲས་དང་དམའ་གྲས་མདུན་དུ་ལངས་བ་རེད། ཨོ་པཱ་མཱ་སྲིད་འཛིན་ལངས་སྐབས་ཀྱི་འོས་ཤོག་མང་ཤོས་ནི་མི་དཀར་མིན་པའི་མི་མང་དེ་དག་རེད། ད་ཐེངས་ཁྲ་བོའི་མི་རིགས་འདི་དག་གི་ཕྱོགས་ཁྲིད་ལ་རྒོལ་ཆེད། དཀར་ཁྲ་གཉིས་ཀྱི་ཆབ་སྲིད་གདོང་ཐུག་ཞིག་གཡོལ་མེད་དུ་བྱུང་བ་རེད།

དེ་ལྟར་ཡིན་རུང་། མི་མགོ་ཤ་སྐལ་བྱས་པའི་འོས་ཤོག་ཐད་ནས། ཧེ་ལ་རཻའི་ཤོག་གྲངས་ནི་ཐྲུམ་ཕི་ལས་མང་བ་རེད། དེ་དངོས་ནས་ཉེན་ཁ་ཆེན་པོ་མཚོན་ཡོད་དེ། མི་དཀར་ལ་མཚོན་ན་ཁོ་ཚོས་མེས་པོ་དང་བུ་རྒྱུད་ཀྱིས་ཤ་ཁྲག་གཉིས་ཀྱིས་བརྗེས་པའི་རྒྱལ་ཁབ་འདི་ད་ལྟ་ཕྱི་འོང་སྐབས་འཚོལ་མི་སྣ་ཁག་གིས་མགོ་རྟིང་སློག་བཞིན་ཡོད་པ་རེད། སྤྱིར་ན་ཨ་རི་ནི་སྲོལ་རྒྱུན་གྱི་རྒྱལ་ཁབ་ཞིག་མིན་པར། དེ་ནི་ཚོང་ར་ཆེན་པོ་ཞིག་ཡིན་པ་རེད། ཚོང་ར་ཡིན་ན་མི་འཇོན་ཐང་ཅན་ཁོ་ན་འགུགས་དགོས་པ་ཡིན་མོད། ཡུན་རིང་གཅིག་གི་ནང་ལ། ཨ་རི་དེ་སྤྲང་བ་འཁྱམ་པོའི་སྐྱིད་ཉལ་རྒྱག་སར་ཆགས་པ་རེད། ཉི་ཧོང་གིས་རྒྱལ་ཁབ་འདི་ལ་སྤྲང་པོ་གཅིག་ཀྱང་མེད་ཟེར་ཆོག་པ་རེད། འོན་ཀྱང་སྟོབས་ཤུགས་དེ་ལས་ཆེ་བའི་ཨ་རི་ལ་སྤྲང་པོ་ཆད་མེད་རེད། རྒྱུ་མཚན་ནི་ཨ་རིས་ཤེས་འཇོན་མི་སྣ་འགུགས་བཞིན་པའི་དུས་དང་ཆབས་གཅིག་ཏུ། རྒྱལ་སྤྱི་སྤྲང་པོ་འཁྱམ་པོ་དག་ཀྱང་འགུགས་བཞིན་ཡོད་པ་རེད། སྤྲང་པོ་འདི་དག་ནི་ཨ་རི་རང་གིས་བཟོས་པ་མིན། དེ་དག་ནི་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་མ་ནུས་ནས་འདིར་འཁྱམ་དགོས་བྱུང་པ་རེད། ཨ་རིས་སྔོན་ཚེ་མི་སྣ་འདི་རིགས་གསོ་སྐྱོང་བྱས་པ་རེད། འདི་དག་ལ་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་སེར་འདྲ་འདྲ་བྱས་ནས་རོགས་སྐྱོར་བྱས་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཤེས་འཇོན་མི་སྣ་དང་གསར་དར་དཔལ་འབྱོར་གོང་བུ་དག་གིས་ཨ་རིའི་མི་སེར་ནུས་མེད་དག་གི་བདེ་སྐྱིད་ཉམས་དམས་སུ་བཏོང་བཞིན་ཡོད་པ་རེད། སྔོན་ཚེ་ཨ་རི་རང་གི་གླེན་པ་ཚོ་ལ་གྲལ་བསྒྲིགས་བྱས་པའི་ལས་ཀའི་གོ་སྐབས་དེ་དག་རྒྱལ་སྤྱིའི་མགྲོན་པོ་སྤྱང་པོ་དག་གིས་འཕྲོག་བཞིན་ཡོད་པ་དང་། སྡེ་པ་གཞུང་གི་རོགས་སྐྱོར་ལེན་མཁན་ཇེ་མང་ཕྱིན་ཚེ་ཨ་རིའི་འགྲོ་སོང་གྲངས་དམར་ཇེ་ཆེར་འགྲོ་དགོས་ཐུག་ཡོད་པ་རེད། ད་ལྟ་ཨ་རིའི་རང་མི་ལའང་ལས་ཀའི་གོ་སྐབས་སྲ་མོ་མེད་འགྱུར་ན། ལྷ་རང་མགོ་མི་ཐོན་པ་ཞིག་གིས་འདྲེ་རྒྱབ་ཁུར་ཅི་ལྟར་བྱེད། དེའི་རྒྱབ་ཁུངས་འོག་ནས་ཐྲུམ་ཕི་ཡིས་སྲིས་ཇུས་ནི་རང་ཚུགས་མི་ཤོར། གཞན་སེམས་མི་འགུགས་པ་ལྟ་བུར་ཆགས་་རེད།

ཐྲུམ་ཕིའི་དང་བྷི་ཤུ་ཆུང་བ་གཉིས་ཀྱི་རྩ་བའི་ལངས་ཕྱོགས་འདྲ་ནའང་། ཐྲུམ་ཕི་ཡིས་ཐད་ཀར་བྷི་ཤུའི་སྲིད་ཇུས་བསྐྱར་གསོ་ཐུབ་པ་མ་རེད། ད་ལྟ་ཚོད་དཔག་བྱས་ན། ཐྲུམ་ཕི་ཡིས་ཐོག་མར་ཨོ་པཱ་མཱའི་ནད་བཅོས་འགན་ཐེག་མེད་པ་བཟོ་དགོས་པ་རེད། མ་མཐའ་ཡང་ད་ལྟ་སྡེ་པ་གཞུང་གིས་གྱོན་ཁ་གསེབ་པའི་ལས་ཐབས་དེ་ཡང་དག་གི་ཚོང་ལས་ཞིག་ཏུ་བསྒྱུར་དགོས་པ་རེད། གཉིས་པར་ཞི་བདེ་རྒྱ་མཚོའི་ཚོགས་པ་ལ་བསྐྱར་ཞིབ་དགོས་པ་རེད། དེ་གཉིས་གྲུབ་རྗེས་ཐྲུམ་ཕི་ཡིས་ཡོ་རོབ་ལ་སློབ་ཚན་ཁྲིད་དགོས་པ་རེད་དེ། དེ་བས་ཕྱིར་ཐྲུམ་ཕི་ཡིས་ཨ་རིའི་དམག་ཤུགས་ཤར་དབུས་ནང་བསྐྱར་སྒྲིག་བྱེད་ཐུབ་པ་མ་ཡིན་པར། ཨོ་པཱ་མཱ་ལྟར་རྒྱང་འཛིན་གནམ་གྲུ་མངགས་དགོས་རྒྱུ་ཡིན། འོན་ཀྱང་ཡོ་རོབ་ལ་གནས་ཚུལ་གསལ་བོ་མཐོང་ཏུ་བཅུག་ཆེད་ཨ་རིས་ཤར་དབུས་ལ་ཡུན་རིང་ཞིག་གི་རང་མོས་ཀྱི་གོ་སྐབས་སྤྲོས་དགོས་པ་རེད། དེ་ལྟར་བྱས་ན་ཡོ་རོབ་ཀྱིས་རང་ཉིད་འཛམ་གླིང་རྒྱལ་པོ་མིན་པ་ཤེས་སྲིད་ལ། ཡོ་རོབ་ཀྱི་ཤེས་ཡོན་པའི་སྡེ་ཡི་རང་ནུས་མ་ལྟོས་པའི་སྙིང་རྗེ་ཆེན་པོ་ལ་འགྲམ་ལྕགས་བཞུ་ཐུབ་པ་ཡིན། ཡོ་རོབ་རྒྱལ་ཁབ་ལོ་མང་པོའི་རིང་ལ་ཨ་རིའི་པང་ཐོག་ནས་སྐྱིད་ཉལ་རྒྱབ་པ་རེད། མ་ཟད་སྐྱིད་ཉལ་འོག་ནས་རྨི་ལམ་སྣ་ཚོགས་རྨིས་པ་རེད། ཁྱད་པར་ཏུ་ཧྥ་རན་སིའི་ཤེས་ཡོན་པའི་སྡེ་ནང་ན་གཡོན་ཤོག་གི་ལྟ་བ་གླེང་མཁན་མང་པོ་བྱུང་བ་དང་། དེ་དག་གིས་འཛམ་གླིང་ཤེས་ཡོན་པའི་སྡེ་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་རེད། ཧྥ་རན་སི་དང་འཇར་མན་ནི་འཛམ་གླིང་དེང་རབས་བསམ་བློའི་འབྱུང་ཁུངས་ཆེ་ཤོས་གཉིས་རེད། འོན་ཀྱང་ཁོང་གཉིས་ཀྱིས་རང་གི་བསམ་བློ་ལག་བསྟར་བྱས་རྗེས་ཧྥ་རན་སིའི་གསར་བརྗེ་ཆེན་མོ་དང་འཇར་མན་ནཱ་འཚེ་ལས་འགུལ་བྱུང་བ་རེད། བསམ་བློ་སྣ་ཚོགས་བྱུང་ཡོད་མོད་བེད་ཡོད་ཅིག་བྱུང་ཡོད་མ་རེད། བསམ་བློ་ཚང་མ་ཐལ་གྱུར་བའི་ལམ་ཁ་ནས་འཁྲབ་སྟོན་བྱས་པ་རྐྱང་རྐྱང་རེད། ཧྥ་རན་སི་དང་འཇར་མན་གྱིས་འཛམ་གླིང་དམག་འཁྲུག་གཉིས་དང་རྒྱལ་སྤྱིའི་མཉམ་ལས་ལས་འགུལ་སློང་བ་རེད། དེའི་རྗེས་ནས། ཡེ་ཤུ་ཆོས་ལུགས་ཀྱི་ལྟ་བ་ལ་ཐེ་ཚོམ་བྱེད་མ་མྱོང་བའི་ཨ་རིའི་བསམ་བློ་དེ་ད་གཟོད་འཛམ་གླིང་གིས་བརྟན་ལྷིང་གི་གཞི་མར་ཁས་བླངས་པ་རེད། དེ་ཚེ་ཨ་རིའི་བསམ་བློ་ཡིས་ཡོ་རོབ་ཤེས་ཡོན་པའི་སྡེ་ལ་ཤུགས་རྐྱེན་བཟང་བོ་བཟོས་པ་རེད། དཔེར་ན་ཇོ་ཇུ་ཨོ་ཝེར། རོ་སུ། ཧྭ་ཡེ་ཀི་སོགས་ལྟ་བུ་བྱུང་བ་རེད། འོན་ཀྱང་དམག་ཆེན་གཉིས་པ་ལས་དབུགས་མགོ་ལྷོད་ཙམ་བྱུང་དུས། ཡོ་རོབ་ཀྱི་སྲོལ་རྒྱུན་དུང་སྤྲུག་གི་སྨྱོ་རྟགས་བསླར་ཡང་སོས་ཏེ། ད་ལྟའི་ཆར་ཨ་རིའི་སློབ་ཆེན་ཁག་གིས་ཆོས་ལུགས་དོགས་སློང་སྨྲ་བའི་ཡོ་རོབ་མཁས་པ་དག་ལ་མགོ་སྒུར་ཕྱག་འཚལ་བྱེད་ཀྱིན་ཡོད་པ་རེད། འཛམ་གླིང་ས་ཕྱོགས་གཞན་གྱིས་གླེང་བའི་འཛམ་གླིང་སྔོན་ཐོན་ལྟ་བའང་ཕལ་ཆེན་དེ་འདྲ་རེད།

ད་ལྟ་ཐྲུམ་ཕི་ཡིས་འཕེལ་ཕྱོགས་འདི་བཅོས་དགོས་པ་རེད། ཐྲུམ་ཕི་ཡིས་མི་རིགས་དང་ཆོས་ལུགས། ཆབ་སྲིད་དང་སྤྱི་ཚོགས་བར་གྱི་འབྲེལ་བ་ཡང་དག་དེ་བསྐྱར་ནན་དགོས་པ་རེད། ཨ་རིའི་ཡེ་ཤུ། ཡོ་རོབ་ཀྱི་ཡེ་ཤུ། ཤར་དབུས་ཀྱི་མི་སུ་ལེམ་སོགས་ཆོས་ལུགས་ནུས་ཤུགས་ཡོད་ཚད་ཆབ་སྲིད་ནུས་ཤུགས་ཡང་དག་གཅིག་ལ་གསལ་འགྲེལ་བྱས་ཏེ། དེ་དག་ལ་ཨ་རིའི་ཆབ་སྲིད་སྲིད་ཇུས་ཀྱི་ལེགས་ལམ་སྟོན་རྒྱུ་དགོས་པ་དང་། འཛམ་གླིང་མཉམ་སྐྱིད་མཉམ་སྡུག་གི་ཡོ་རོབ་བསམ་བློ་སྤང་ཏུ་བཅུག་ནས་ཡུལ་ཤོག་རང་འགན་རང་སྒྲུབ་ཀྱི་ལམ་ཁར་ཁྲིད་དགོས་པ་རེད། ཨ་རིའི་ཆབ་སྲིད་ཆོས་ལུགས་ལྟ་བ་ནི་གང་འདྲ་རེད་ཟེར་ན། ཕལ་ཆེར་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག་ལྟ་བུ་ཞིག་རེད། དེ་ཡིས་ཆོས་སྲིད་ཁ་ཁར་སྨྲ་བའི་བསམ་བློ་ནོར་བཅོས་བྱེད་དགོས་པ་དང་། བློ་འབྱེད་ཀྱི་སྟེང་ནས་འཛམ་གླིང་གཅིག་འགྱུར་བྱེད་པའི་ཧམ་པ་རྩ་མེད་བཏང་དགོས་པ་རེད། འདི་དག་གྲུབ་རྗེས། ང་ཚོས་རིག་གནས་སོ་སོའི་རང་མགོ་རང་ཐོན་གྱི་རྣམ་པ་གསར་བ་ཞིག་བསྐྲུན་ཐུབ་ལ། ཡོངས་ཁྱབ་ཀྱི་རིན་ཐང་ཁྲོད་ནས་ཡོ་རོབ་པའི་སྒེར་ཆོས་གཙང་སེལ་བྱེད་ཐུབ་པ་ཡིན་ནོ། །