དོན་དངོས་སུ་ཤེས་རྒོལ་རིང་ལུགས་པ་ནི་དབང་ཆ་རིང་ལུགས་པ་ཡིན་པས།དབང་ཆར་ཁ་ལོ་བསྒྱུར་དུ་འཇུག་པ་དང་དབང་ཆ་སྙིང་བོར་བྱེད་པ།དབང་ཆ་གནས་ལུགས་སུ་འདོད་པ།དབང་ཆ་ཀུན་སྤྱོད་དུ་བལྟ་བ་སོགས་བྱས་ཏེ།ཡོད་ཚད་དབང་ཆར་ཁ་ལོ་བསྒྱུར་དུ་བཅུག་ནས་ཡོད་ཚད་དབང་ཆས་མི་ནུས་པ་ཞིག་མེད་པར་བྱེད།

༡༩༥༩རྗེས་ནས་སྐམ་ས་རུ་ཤེས་རྒོལ་རིང་ལུགས་པ་མཚམས་ཆད་མྱོང་མེད།༡༩༤༩རྗེས་སུ་ཐོག་མར་ས་བདག་དང་ཁྱུ་མཆོག་ས་བདག་དག་མེད་པར་བཟོས་ཤིང་།རྗེས་ནས་སྤྱི་ཚོགས་རིང་ལུགས་སུ་བསྒྱུར་ཏེ་མ་རྩ་རིང་ལུགས་པར་ངོ་རྒོལ་བྱས་ནས་རྩེ་ཕུད་ཀྱི་ཁེ་ལས་དང་ཁྲོམ་ར་མེད་པར་བཟོས་པ་རེད།མཐའ་མར་གཡས་ཕྱོགས་ལ་རྒོལ་ཏེ་ཤེས་ཡོན་པས་བདེན་ལུགས་བཤད་མི་ཕོད་པར་བྱས་ཏེ།རིག་གསར་སྐབས་སུ་ཤེས་རྒོལ་པར་བསྟན་པ་ཆེ་ཆེར་དར་ཞིང་།ཤེས་ཡོན་པའི་གོ་གནས་ཉམས་ཤིང་གུད་པ་རེད།

བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་རྒྱ་ནག་ཏུ་སློབ་ཆེན་སློབ་གསོ་བསྐྱར་དར་བྱུང་ཞིང་།དུས་ཚོད་ཐུང་ངུའི་ནང་དུ་ཤེས་རྒོལ་རིང་ལུགས་ཀྱིས་མི་རྣམས་ཀྱི་མཐོང་རྒྱ་གླེང་ན་ཡང་།ཆབ་སྲིད་ཀྱི་སྒྲིག་གཞི་ལ་བཅོས་བསྒྱུར་དང་ཡར་ཐོན་མ་བྱུང་ཞིང་།སློབ་ཆེན་གྱི་རྟོག་པ་གསལ་པོ་མིན་པས།ཡུན་རིང་མ་འགོར་པར་ཤེས་རྒོལ་རིང་ལུགས་སླར་ཡང་སློབ་ཆེན་དུ་འཛུལ་ནས་རིམ་གྱིས་དེ་ཉིད་སློབ་ཆེན་པའི་གཙོ་རྒྱུགས་ཀྱི་འདུ་ཤེས་དང་སྣེ་ཁྲིད་ཀྱི་བསམ་བློར་གྱུར་པ་རེད།
སློབ་ཆེན་ནང་གི་ཤེས་རྒོལ་རིང་ལུགས་ཀྱི་མངོན་རྟགས་ནི་གཤམ་གསལ་དག་རེད།

གཅིག སློབ་ཆེན་སྲིད་འཛིན་ཅན་དུ་གྱུར་པ་སྟེ། དཔོན་པོ་སོར་གནས་དར་ཁྱབ་ཆེ་བ་རེད།གནས་ཚུལ་འདིའི་འོག་ཏུ་སློབ་ཆེན་གྱི་སློབ་དཔོན་དང་མཁས་པ་རྣམས་དཔོན་སར་འབུད་པའི་ལམ་དུ་མ་སོང་ཐབས་མེད་ཡིན།ཆིན་ཧྭ་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ནི་དེ་ཡི་དཔེ་མཚོན་གཅིག་ཡིན། མཁས་པ་དཔོན་པོར་འདུག་པར་ཁ་ཅིག་གིས་རྒོལ་ཞིང་ཁ་ཅིག་གིས་རྒྱབ་སྐྱོར་བྱེད་པ་རེད།ངོ་རྒོལ་མཁན་གྱིས་མཁས་པ་དཔོན་སར་འདུག་པ་ནི།རིག་གཞུང་དང་དཔོན་ས་ཉོག་པོར་བཏང་སྟེ།སློབ་ཆེན་སློབ་མ་དང་སློབ་དཔོན།སློབ་ཆེན་གསུམ་གར་གནོད་སྐྱེལ་བར་བཤད།

གཉིས།སློབ་ཆེན་དཔོན་རིགས་ཀྱིས་ཐོན་ཁུངས་མང་པོར་སྒེར་སྡེམ་བྱེད་པ་རེད།རྒྱ་ནག་གི་སློབ་ཆེན་སློབ་གཙོ་དང་དཔོན་རིགས་ཚང་མ་ཀུན་ནུས་ཡིན་པ་སྟེ།ཁོ་ཚོ་སློབ་གཙོ་ཡིན་པ་དང་དཔོན་རིགས་ཡིན་པའི་ཕན་དུ་ཚན་རིག་པ་དང་སློབ་དཔོན་ཆེན་མོ།རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཆེད་ལས་པ།ལས་གཞི་མང་པོའི་དཔྱད་འདེམ་པ་སོགས་ཡིན་པ་རེད།དེ་བས།མཐའ་མར་རིག་གཞུང་ཞིབ་འཇུག་གི་ལས་ལ་ཧུར་གྱིས་འཇུག་པའི་སློབ་དཔོན་ཆེན་མོ་དེ་དག་གིས་རིག་གཞུང་ཞིབ་འཇུག་མི་བསྐྱུར་རང་བསྐྱུར་དུ་གྱུར་ཡོད་དེ།རིག་གཞུང་ཞིབ་འཇུག་ལ་མདུན་ལམ་དང་སྒོར་མོ་འཚོལ་བའི་ལམ་ཁ་མེད་པས།རིག་གཞུང་ཞིབ་འཇུག་ནི་སློབ་ཆེན་དགེ་རྒན་གྱི་འཆི་ལམ་དུ་གྱུར་པ་རེད།

གསུམ།སློབ་ཆེན་དགེ་རྒན་གྱིས་དཔོན་པོ་མང་པོར་སྲི་ཞུ་བསྒྲུབ་དགོས།སློབ་ཆེན་སློབ་དཔོན་གྱིས་རིག་གཞུང་ལ་མགོ་བོ་མི་སྒུར་ཞིང་རིག་གཞུང་ལ་བརྩི་འཇོག་མི་བྱེད་པར།སློབ་ཆེན་དཔོན་རིགས་ལ་ཐལ་དྲགས་པའི་བརྩི་འཇོག་བྱས་ཏེ།དཔོན་པོར་སྲི་ཞུ་བསྒྲུབ་ཅིང་ངོ་བསྟོད་བྱེད་པ་རེད།དེ་རིགས་ཀྱིས་དཔོན་རིགས་ཀྱི་དགོས་མཁོར་བསྟུན་པའི་དཔྱད་རྩོམ་འབྲི་ཞིང་།རིག་གཞུང་གི་རིན་ཐང་གང་ཡང་མེད་པའི་རིག་གཞུང་ཆེད་རྩོམ་ཟེར་བ་རྩོམ་ཞིང་བསྒྲིགས་ཏེ་དཔོན་པོར་རྒྱན་གོས་འགེབས་པར་བྱེད།དེ་བས།རིག་གཞུང་ལ་ཤེས་སློབ་གང་ཡང་མེད་པའི་དཔོན་རིགས་དེ་ཚོ་ནི་རྩོམ་པ་པོ་དང་ཆེད་ལས་པ་གྲགས་ཅན་དུ་འགྱུར་ཞིང་།ཁོ་ཚོ་ནི་སྔར་བཞིན་ཤེས་ཡོན་ལ་བརྩི་འཇོག་མི་བྱེད་པའི་སློབ་དཔོན་གྱི་རིགས་ཡིན་པ་དེའོ།།

བཞི། ཉོག་འཛིང་གི་མི་འབྲེལ་ལ་བརྟེན་ནས་སློབ་ཆེན་དགེ་རྒན་གྱིས་སྡུག་བཤད་མི་ཕོད་པར་བྱེད་པ་རེད།ཤེས་བྱ་ཡོད་མེད་ནི་རིག་གཞུང་གི་སྟེང་དུ་མེད་པར།མི་འབྲེལ་བྱེད་པའི་ནུས་པའི་སྟེང་དུ་ཡོད་པ་རེད།མི་འབྲེལ་བཟང་ཚེ་རིག་གཞུང་གི་ཤེས་བྱ་མེད་ཀྱང་བསྟོད་བསྔགས་བྱེད་མཁན་ཡོད་པས།རིག་གཞུང་གི་ཤེས་བྱ་མེད་པ་ཡོད་པར་འགྱུར་བ་རེད།ལྡོག་སྟེ།མི་འབྲེལ་མ་བཟང་ཚེ།རིག་གཞུང་ལ་ངར་པས་ས་ཆོད་མེད་པ་དེ་རེད།གནས་ཚུལ་འདིའི་འོག་ཏུ་སློབ་ཆེན་སློབ་དཔོན་རྣམས་ཀྱིས་རིག་གཞུང་ནི་རང་འགན་རྩོད་མེད་ཅིག་ཏུ་བལྟ་མི་ཐུབ་ཅིང་།སློབ་ཁྲིད་ནི་ལས་འགན་ཞིག་ཏུ་འཛིན་མི་སྲིད།དེ་བས།ཁོ་ཚོས་མཐོ་རིམ་གྱི་དཔོན་རིགས་རིམ་པར་འབྲེལ་བ་མི་བྱེད་ཐབས་མེད་ཡིན་པ་རེད།རིག་གཞུང་ནི་ཐོན་བསྐྱེད་ནུས་ཤུགས་མིན་པར།འབྲེལ་བ་ནི་ཐོན་བསྐྱེད་ནུས་ཤུགས་ཡིན་པས།དེ་ཉིད་སློབ་ཆེན་དགེ་རྒན་གྱི་སྲུང་བྱ་ཞིག་ཏུ་གྱུར་ཡོད་པ་རེད།

ལྔ།སློབ་ཆེན་དཔོན་རིགས་ཀྱིས་སློབ་དཔོན་དག་ལ་དཔྱད་ཞིབ་སྣ་ཚོགས་བཀོད་སྒྲིག་བྱས་ཏེ།དགེ་རྒན་དག་དཀའ་ངལ་དང་མི་ཁོམ་པར་འདེད།སློབ་ཆེན་ཚང་མར་ལོ་རེ་རེར་སློབ་ཁྲིད་དང་དཔེ་ཁྲིད།དཔྱད་ཞིབ་སོགས་ལ་གྲོས་བསྡུར་གྱི་ཚོད་དཔག་བྱེད་ཅིང་།དེ་ལ་དཔོན་རིགས་ཚོར་ཆད་སྣང་མེད།རིག་ཚན་དང་རིག་གཞུང་གང་ཞིག་ལ་མཁས་ཤིང་།སློབ་ཁྲིད་ལ་འཇོན་པ་ལས་ཆབ་སྲིད་ཡང་དག་ཡིན་པས་བཟང་ཞིང་།ཆབ་སྲིད་ལ་ལྟ་ཚུལ་ཡག་ཚེ་རིག་གཞུང་ཞིབ་འཇུག་ལ་སྟོང་ཆ་དང་ཞན་ཆ་ཅི་ཙམ་ཆེ་ཡང་སྐྱོན་བརྗོད་མེད་ཅིང་བྱ་དགའ་འཐོབ་པ་རེད།

དྲུགསློབ་ཆེན་དཔོན་རིགས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པའི་མིང་ཐོག་ནས་དུས་མིན་དུ་དགེ་རྒན་ལ་ལྟ་རྟོག་བྱེད་པ་རེད།དཔོན་རིགས་དེ་ཚོས་སློབ་ཁྲིད་ཀྱི་ནང་དོན་མི་གོ་པ་སྟེ།ཁུང་ཙིས་བཤད་པ་མོང་ཙིས་བཤད་པ་རེད་ཅེས་བཤད་ཀྱང་ཧ་ལམ་མི་ཤེས་མོད།སློབ་ཁྲིད་ལ་ཉན་ཏེ་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལ་སྐྱོན་འཛུགས་མང་དུ་བྱེད་པ་རེད།དེ་ལྟར་བྱེད་པ་ནི་སློབ་ཁྲིད་ཀྱི་ཆེད་དུ་མིན་པར་དཔོན་ལ་མགོ་བོ་སྒུར་དུ་འཇུག་ཕྱིར་ཡིན་པ་རེད།

བདུན།སློབ་ཆེན་དགེ་རྒན་དག་ལ་དབང་ཆའི་སྐད་བརྡའི་སྟེང་ནས་རྩོད་སྒྲུབ་བྱེད་དུ་འཇུག དབང་ཆ་ཅན་གྱི་སྐད་ཆ་ནི་སློབ་ཆེན་གྱི་མཛུབ་སྟོན་བསམ་བློ་དང་བཀའ་བཀོད་དུ་འགྱུར།དབང་ཆ་ཡོད་ཚེ་དེའི་སྐད་ཆ་ལ་གནས་ལུགས་ཡོད་མེད་དང་སློབ་གྲྭའི་དར་འཕེལ་ལ་ཕན་མིན་མི་བལྟ་བར།དེ་ཉིད་གཙོ་བོ་དང་ཡང་དག་ཏུ་འཇོག་པ་རེད།

མཐར་དོན། སློབ་ཆེན་གྱི་གཙོ་རྒྱུགས་ཀྱི་བསམ་བློ་དང་འདུ་ཤེས་ཚང་མ་ཤེས་རྒོལ་རིང་ལུགས་ཀྱི་བསམ་བློར་གྱུར་ཞིང་།དེའི་སྣེ་ཁྲིད་འོག་ཏུ་གནས་དགོས་ཚེ།མུ་མཐུད་དུ་སློབ་ཆེན་ཚུགས་ཤིང་གནས་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དོ།།