ཟླ་འདིའི་ཚེས་བཅུའི་ཉིན་ལོ་ངོ་གཅིག་ཙམ་ལ་ཡུལ་རེབ་གོང་གི་གླེང་གཞིའམ་སེམས་ཁྲལ་བྱེད་ཡུལ་དུ་གྱུར་པའི་སྤྱང་ལུང་རོང་འབྲོག་གཉིས་ཀྱིས་དབྱར་རྩྭ་ལ་དམིགས་པའི་ཁ་མཆུ་རིང་མོ་དེ་འགྲིག་ཐབས་སུ་རོང་བོ་དགོན་ཆེན་གྱི་ཨ་མྱེས་གུར་གྱི་ལྷ་ཁང་མདུན་དུ་རོང་འབྲོག་གཉིས་ཀྱི་བར་དུ་མནའ་འཇོག་ཏུ་བཅུག་པ་ཐོས་པ་དང་། ཚེས་བཅུ་གཅིག་ཉིན་བཟུ་ཁ་གྲགས་ནས་ཕན་ཚུན་གཉིས་ཀའི་རང་ཉིད་ཀྱི་མནའ་གྲོགས་ལ་འདང་རྒྱབ་ནས་ཁ་མཆུ་དེ་འགྲིག་རྒྱུ་ཡིན་ཚུལ་བརྗོད་སོང་བས་སེམས་པ་དགའ་བས་མྱོས་ཏེ་དེ་མ་ཐག་སྡེ་བ་དེ་གཉིས་ཀའི་མནའ་གན་བཞག་པའི་གནས་ཚུལ་དེ་སྐད་འཕྲིན་གྱི་བར་སྟོང་དུ་བཞག་པ་ལྟར། མང་པོ་ཞིག་གིས་དགའ་བའི་རྣམ་འགྱུར་བསྟན་སོང་བ་དེ་ལྟར་ན་ཡང་། ཚེས་བཅུ་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་བར་དུ་གྱོད་དེ་ཞི་འགྲིག་ཡོང་བའི་གསར་འགྱུར་ལ་སྒུག་བསྡད་ན་ཡང་གོ་རྒྱུ་མ་བྱུང་བས། ད་ཐེངས་ཡང་དེ་སྔ་རོང་བོ་དགོན་ཆེན་དང་རེབ་གོང་སྔགས་མང་། ཆུ་ཁོག་ཡུལ་ཚོ་བཅས་ཀྱིས་སྤྱང་ལུང་རོང་འབྲོག་གཉིས་ཀྱི་གྱོད་ཁ་འདུམ་པར་བྱས་ཏེ་ཕན་ཚུན་གཉིས་ངོས་ནས་མཛུབ་ཐེལ་དང་མིང་རྟགས་བཀོད་རྗེས་ཀྱི་ཉིན་རྗེས་མའི་ཞོགས་པར་སྤྱང་ལུང་རོང་བས་བཟུ་བ་དག་གིས་ས་མཚམས་དང་ཆུ་མཚམས་ནོར་སོང་བར་བསྙད་ནས་ཇ་དང་ཁ་བཏགས་རེབ་གོང་སྐྱབས་མགོན་གྱི་ནང་ཆེན་དུ་བསྐྱལ་བའི་གནས་ཚུལ་ཞིག་བྱུང་བའི་ཁར། རོང་བས་འབྲོག་པ་ནས་ཡིན་པའི་སློབ་འབྲིང་སློབ་མ་གཅིག་ཚུད་མི་རེ་ཟུང་སྨན་ཁང་དུ་བསྐྱལ་བ་མ་ཟད། འབྲོག་པའི་སྡེ་དཔོན་སོགས་ཡོད་པའི་རླངས་འཁོར་ཞིག་ལ་རྡོས་གཞུས་ཏེ་མི་འགའ་ཡང་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང་། རོང་བའི་མི་མང་པོ་ཞིག་གིས་རེབ་གོང་རྒྱ་སྲང་ནས་འབྲོག་པའི་རྒད་པོ་ཞིག་ལ་གཅར་ནས་སྨན་ཁང་དུ་བསྐྱལ་ཡང་ས་གནས་ཉེན་རྟོགས་པས་མ་ཤེས་པའི་ཁུལ་གྱིས་བསྡད། རིམ་གྱིས་སྤྱང་ལུང་རོང་འབྲོག་གཉིས་ཀྱིས་དུས་ཚོད་བཞི་ཙམ་རིང་རྡོ་འཛིང་བྱས་ཏེ་མཐའ་མར་རྒྱལ་བོ་སྒང་དང་ཀླུ་ཆུ། ཀོའུ་སྡེ་བཅས་སྡེ་བ་འགའ་རེས་བར་འདུམ་ཙམ་བྱས་ན་ཡང་རོང་འབྲོག་གཉིས་ཀའི་ཁྱོ་ཀ་རྨས་མ་དག་རང་རང་གི་ཆུང་མ་ལས་འཁྲིད་མཁན་མེད་པ་ལྟར་གྱུར་ཏེ་མང་པོ་ཞིག་སྨན་ཁང་དུ་བརྫངས་བ་བཞིན་ད་ལྟའི་བར་དུ་ཕ་བུ་ལྟ་བུར་བྱས་ཏེ་ཡོང་བའི་རོང་འབྲོག་གཉིས་ཀས་ད་དུང་ཡང་དབྱར་རྩྭ་བརྐོ་རན་ལ་ཐོན་དུས་ནས་དམར་འཛིངས་བྱེད་ངེས་རེད་ཨང་སྙམ་པའི་མུར་གཉིད་ཁུག་པར་གྱུར།

ཚེས་བཅུ་གཉིས་ཉིན་གྱི་ཞོགས་པ་སྔ་མོར་འབྲེལ་ཡོད་ལ་ཡང་བསྐྱར་ཁ་པར་བཏང་སྟེ་གྱོད་འགྲིག་མིན་དྲིས་སྐབས། འདང་ནུབ་ཆུ་ཚོད་གསུམ་པ་ལ་གྱོད་ཡོངས་སུ་འགྲིག་སོང་ཞེས་པ་ཐོས་པས་སེམས་ཀྱི་ཐེ་ཚོམ་ཡོངས་སུ་མེད་ཐབས་བྲལ་ན་ཡང་དགའ་སྣང་ཅུང་ཟད་ཅིག་རང་བཞིན་གྱིས་སྐྱེས་བྱུང་མོད། འོན་ཀྱང་། ནམ་རྒྱུན་གྱི་གོམས་སྲོལ་ལྟར་ཉལ་སའི་ནང་ནས་སྐད་འཕྲིན་གྱི་བར་སྟོང་ཉུལ་བ་ན་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་ཀྱིས་དམར་འཛིངས་བྱས་ཤིང་ཉ་ལུང་གི་མི་གཅིག་གསད་ཚུལ་གྱི་སྐད་ཆ་ཞིག་འདུག་ན་ཡང་། གསར་འགྱུར་དེ་འབྲི་མཁན་གྱིས་ཀྱང་གཞན་ནས་གོ་ཚུལ་ཙམ་བྲིས་འདུག་པ་དང་། སྐད་འཕྲིན་གྱི་བར་སྟོང་ནས་བཤད་ཚུལ་མཐའ་དག་བདེན་པར་མི་འཛིན་པའི་གཤིས་ཀ་དབང་བཙན་པར་བྱས་ཏེ་དེ་ལ་རྣ་བ་མ་གཡར།
ཉིན་གུང་ཙམ་ལ་དེའི་སྐོར་གྱི་སྐད་ཆ་བཤད་མཁན་མང་པོ་བྱུང་བ་བཞིན་གཏམ་དེ་བདེན་པའི་ཆ་འདུག་པར་བསམ་ནས་འབྲེལ་ཡོད་འགའ་རེར་ཁ་པར་རྒྱུད་དྲིས་པ་ན་གཏམ་ངན་གོ་ཚད་བདེན་པར་འདུག་པའི་ངེས་པ་རྙེད། གང་ལྟར་རྩྭ་ས་ཁྱིམ་ཚང་ལ་བགོས་པ་ནས་ཕ་བུའི་བར་དུ་ཡང་ས་རྩོད་བྱུང་བ་མ་ཟད། དབྱར་རྩྭ་བརྐོས་པ་ནས་སྡེ་བ་དང་སྡེ་བའི་བར། ཚོ་བ་དང་ཚོ་བའི་བར། སྐྱིད་སྡུག་གཅིག་པའི་རོང་བ་དང་འབྲོག་པའི་བར། མདོར་ན་སྤུན་དང་མིང་སྲིང་བར། ཕ་དང་བུའི་བར་དུ་ཡང་རྩོད་གླེང་སྣ་ཚོགས་ཤིག་བྱུང་དང་འབྱུང་མུས་ཡོད་པ་བཞིན། ཡུལ་རེབ་གོང་གཅིག་པུར་མཚོན་ན་ཡང་ནུབ་ཀྱི་བྱ་ཁྱུང་རྫ་འདབས་གཅིག་པུར། ཤ་སྦྲང་དང་ཆུ་མ་སྡེ་བ་གཉིས་ཀྱི་བར་ལོ་ངོ་དུ་མའི་རིང་དམག་འཁྲུག་བྱས་ཏེ་མི་འགའ་རེ་གསད་པ་དང་འགའ་རེ་ད་དུང་ཡང་བཙོན་དུ་ལུས་ཡོད། ཤ་སྦྲང་དང་བློན་ཆོས་གཉིས་ཀྱི་བར་ནས་ཀྱང་མི་འགའ་རེ་གསད་རྨས་བྱས། ཤ་སྦྲང་དང་དོར་ཉིན་གཉིས་ཀྱི་བར་དུ་ཡང་མི་ལ་རྨས་སྐྱོན་དང་འཕྲུལ་རྟ་སོགས་གཅོག་རེས་ལན་འགར་བྱས། ཉ་ལུང་དང་ཀོའུ་སྡེ་གཉིས་ཀྱི་བར་ཡང་འཁྲུག་འཛིངས་བྱུང་སྟེ་ཁ་སང་མི་གཅིག་གསད་བཞག་པ་དེ་རེད། དེ་ནས་ཀོའུ་སྡེ་དང་དམག་སར་བར་དུ་ཡང་ལོ་རེར་རྒྱག་རེས་ཚབ་ཆེན་བྱས་ཏེ་ད་ལྟའི་བར་ཡོང་བ་རེད། མདོར་བསྡུས་ནས་བཤད་ན་བྱ་ཁྱུང་རྫ་འདབས་སུ་ཡོད་པའི་སྡེ་བའི་ཁྲོད་ད་ལྟའི་བར་དབྱར་རྩའི་ཆེད་དུ་ཁ་རྩོད་ཙམ་ཡང་བྱས་མ་མྱོང་བའི་སྡེ་བ་ཞིག་རྩ་བ་ནས་མེད་ཀྱང་། ལོ་རེ་བཞིན་རེབ་གོང་རྫོང་གི་ལས་བྱེད་པ་དག་གིས་དབྱར་རྩྭ་བརྐོ་སྐབས་གཅིག་པུར་ས་མཚམས་སྲུང་བ་སོགས་བྱེད་པ་ལས་གྱོད་སྣ་ཁ་མཆུ་དེ་འདུམ་ཐབས་ལ་ཤུགས་རྒྱབ་མེད་པ་ནི་ལོ་ངོ་མང་པོ་འགོར་བའི་དེ་རིང་ཡང་ཆུ་མ་དང་ཤ་སྦྲང་སྡེ་བ་གཉིས་ཀྱི་གྱོད་དོན་ཡང་ཐག་བཅད་མེད་པ་འདི་རེད། དེ་ལྟར་ལོ་རེར་དམར་འཛིངས་བྱས་ཀྱང་གྱོད་དེ་འདུམ་ཐབས་མ་བྱས་པར་ཡོང་བའི་ཉེར་ལེན་དེའི་དབང་གིས་དབྱར་རྩྭ་ལས་ཡོང་སྒོ་གཞན་མེད་པའི་སྡེ་བ་དག་གིས་ཀྱང་དབྱར་རྩྭ་སྲོག་ལ་བརྗེས་ནས་ཁ་མཆུ་ལོ་རེ་བཞིན་འབྱུང་བཞིན་པ་འདིར་རྒྱུ་རྐྱེན་འགའ་རེ་ཡོད་དེ། དེ་ཡང་ས་གནས་སྲིད་གཞུང་གི་ལས་བྱེད་དག་གིས་འཆམ་མཐུན་དང་མཐུན་སྒྲིལ། བདེ་འཇགས་བཅས་རྩ་བར་བྱེད་པའི་རྒྱལ་ཁབ་ཀྱི་དམིགས་ཡུལ་ལ་སྣང་མེད་ཀྱིས་སྡེ་བ་སོ་སོའི་བར་ནས་ཁ་ཚོན་པོ་ཡོད་ན་ཟ་རྐྱང་དང་ཆང་མངར་མོ་ཡོད་ན་བཏུང་རྐྱང་བྱེད་པ་ལས། གྱོད་ཀྱི་རྩ་བ་བཅད་ནས་མཐུན་པའི་ལག་རྡང་སྦྲེལ་དུ་འཇུག་པའི་དམིགས་ཡུལ་གཏན་ན་མ་བཟུང་བ་ནི་གསལ་བོ་ཡིན་ཏེ། ཟླ་སྔོན་མར་སྤྱང་ལུང་རོང་འབྲོག་གཉིས་ཀྱིས་སྤྱང་ལུང་དང་རྒྱལ་བོ་སྒང་གཉིས་ཀྱི་ས་མཚམས་ཀྱི་རི་མགོ་ཞིག་ནས་དུས་ཚོད་བཞི་ཙམ་རིང་ལ་རྡོ་འཛིང་བྱས་ཏེ་ཚབ་ཆེ་ཆུང་གི་རྨས་མ་མང་པོ་བྱུང་ཡང་། མཐར་ཐུག་རྒྱལ་བོ་སྒང་སྡེ་བའི་ལུག་རྫི་འགས་སྡེ་བར་བར་གཤོལ་དུ་ཡོང་དགོས་པའི་བརྡ་རྒྱབ་ནས་༼ས་དེར་རྐང་ཐང་ལ་སོང་ན་དུས་ཚོད་གཅིག་དང་ཕྱེད་ཀ་ནས་གཉིས་བར་འགོར་ངེས།༽ བར་གཤོལ་དུ་ཡོང་བ་དང་། དེ་ནས་རྒྱལ་བོ་ཀླུ་ཆུ༼འཕྲུལ་རྟ་ཞོན་ཡོང་ན་ཡང་དུས་ཚོད་གཅིག་ལྷག་འགོར་ངེས།༽ དང་། ཀོའུ་སྡེ༼དུས་ཚོད་གཉིས་ཙམ་འགོར་ངེས།༽ སྤྱང་ལུང་སྒར་གསར་དགོན་པའི་༼དུས་ཚོད་གཅིག་ལྷག་འགོར་ངེས།༽གྲྭ་བ་དག་བཅས་ཡོང་ནས་བར་འདུམ་བྱས་རྗེས་རོང་འབྲོག་གཉིས་ཀ་བར་འདུམ་ཙམ་བྱས་ཏེ་ཁྱོ་ཀ་རྨས་མ་དག་རང་རང་གི་ཆུང་མས་འཁྲིད་ནས་སྨན་ཁང་དུ་འགྲོ་ཐུབ་ཙམ་བྱུང་བ་ལས། རེབ་གོང་རྫོང་གི་སྤྱི་བདེ་མི་སྣ་དང་དམག་མི། ཆུ་ཁོག་ཡུལ་ཚོ་བཅས་ཀྱི་ལས་བྱེད་དང་བདེ་སྲུང་སུ་གཅིག་གིས་ཀྱང་བར་འདུམ་མ་བྱས་པར་བཞག་པ་འདིའི་དམིགས་ཡུལ་ཅི་ཞིག་ཡིན་ནམ། སྤྱིར་ཡིན་ན་ཉེ་བའི་ལོ་ཤས་སྔོན་ནས་སྡེ་བ་སོ་སོའི་ནང་དུ་ཏང་ཡོན་བྱ་སྒྲུབ་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཆེད་དུ་ཁང་པ་རྫིག་ཐག་ཆོད་དེ་རྒྱབ་ནས་དེའི་ནང་སྡེ་བ་རེ་རེའི་བདེ་འཇགས་འགན་ལེན་མི་སྣར་གྲགས་པའི་ཡུལ་ཚོ་དང་རྫོང་གི་ལས་བྱེད་འགའ་རྒྱུན་དུ་བཞག་ཡོད་པ་མ་ཟད། ཁྱིམ་ཚང་རེ་རེའི་སྒོ་ངོས་སུ་ཡུལ་ཚོ་དང་རྫོང་གི་བདེ་འཇགས་འགན་ལེན་མི་སྣའི་འདྲ་དཔར་དང་མིང་། ཁ་པར་ཨང་གྲངས་བཅས་སྦྱར་ཡོད་པའི་མི་སྣ་དེ་དག་གང་ལ་བུད་སོང་བ་ཡིན་ནམ། ཡུལ་སྡེ་དམར་འཛིངས་ཀྱི་དོན་རྐྱེན་འདི་རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན་པ་དག་གི་མིག་གིས་མི་མཐོང་བ་འདིའི་རྒྱབ་ཏུ་ག་རེ་སྦས་ཡོད་དམ། སྡེ་བ་འདི་གཉིས་གྱོད་ལ་ཐུག་པའི་ཐོག་མའི་དུས་སྐབས་ནས་སྡེ་བ་དང་ཕུ་ནུའི་ནང་དཀྲུགས་ཤིང་འཕེན་མཁན་གྱི་མི་མང་པོ་ཞིག་བཙོན་དུ་འཛིན་པ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཡོད་ཚེ་དོན་རྐྱེན་འདི་འདྲ་ཚབ་ཆེན་ཞིག་ཏུ་ག་ལ་འགྱུར་ཐུབ་བམ། གང་ལྟར་གོང་སོང་བཞིན་སྡེ་བ་འདི་གཉིས་ཀྱིས་མནའ་བཞག་པའི་ཉིན་ཕྱི་མ་དེར་ཀོའུ་སྡེ་དང་ཉ་ལུང་གཉིས་ཀྱིས་དུས་ཚོད་བརྒྱད་རིང་དམར་འཛིངས་བྱས་རྗེས་མི་གཅིག་དམར་གསོད་བྱས་པ་དེ་ཡང་ད་ལྟའི་བར་རེབ་གོང་དུ་བྱུང་བའི་གྱོད་དང་ཁ་མཆུ་དག་ལ་ལྷོད་གཡེང་གི་སྲིད་ཇུས་དམིགས་བསལ་བ་ཞིག་བྱིན་པའི་ཉེར་ལེན་ལས་འགྲོ་ས་གཞན་ཡོད་དམ།
མི་རིགས་ས་ཁུལ་དུ་མི་མཁོ་བའི་སྲིད་ཇུས་དམིགས་བསལ་བ་འདིས་རེབ་གོང་རྫོང་གི་སྤྱི་ཚོགས་ཡར་རྒྱས་དང་། མི་དམངས་འཆམ་མཐུན་ལ་གནོད་པ་ཆེན་པོ་བྱས་ཡོད་པ་མ་ཟད། སྲིད་གཞུང་གི་བྱ་བའི་ཕྱོགས་ལ་ཡང་གནོད་པ་ཚབ་ཆེན་བྱས་ཡོད་པ་ནི་དབྱར་རྩྭ་བརྐོ་མགོ་ཚུགས་པ་ནས་རྫོང་སྲིད་གཞུང་གི་ལས་ཁུངས་གང་དུ་སོང་ཡང་ལས་ཀ་བྱེད་མཁན་མེད་པ་འདི་གཅིག་པུས་ཀྱང་ཤེས་ནུས་ན་ཡང་། ལོ་རེ་བཞིན་ལས་བྱེད་དག་ས་མཚམས་སྲུང་དུ་འགྲོ་བ་ལས་ས་མཚམས་གཏན་ནས་སྲུང་མི་དགོས་པའི་ཕྱོགས་ལ་ཐབས་ཤེས་ཤིག་མ་རྙེད་པ་འདི་ནི་མཚར་བོ་ཞིག་རེད་ཨང་།
ཁར་ཉིན་ཀོའུ་སྡེ་དང་ཉ་ལུང་སྡེ་བ་གཉིས་ཀྱིས་དམར་འཛིངས་དུས་ཚོད་མང་པོའི་རིང་བྱེད་པའི་སྐབས་ཀྱང་སྡེ་བ་གཉིས་ཀའི་ཁྱིམ་མཚེས་སྡེ་བ་དག་གིས་བར་འདུམ་ཙམ་བྱེད་ཐབས་བྱས་པ་ལས་ནམ་རྒྱུན་མི་གྲངས་ཉི་ཤུ་ཙམ་རེ་ཕྱོགས་གཅིག་ཏུ་འདུས་ཚེ་ཉེན་རྟོགས་པ་ཁྱུ་དང་ཁྱུ་བྱས་ནས་ཡོང་བའི་སྤྱི་ཚོགས་བདེ་འཇགས་རྟོགས་ཞིབ་པ་ཚོ་གང་དུ་བུད་སོང་བ་ཡིན་ནམ། ཡོད་པ་དག་གིས་ཀྱང་རང་སྲུང་ལས་ནམ་རྒྱུན་ཐབས་དང་བཀོད་པ་ཤིན་ཏུ་ཆེ་བའི་དུག་མདའ་སོགས་གང་དུ་སྦས་པ་ཡིན་ནམ། ཁྱེད་ཅག་ལ་སྡེ་བ་དམར་འཛིངས་ཀྱི་བྱེད་གཏེ་རུ་གྱུར་པའི་མི་དག་འཛིན་པའི་ནུས་པ་མེད་སོང་བ་རེད་དམ། འདི་དག་ནི་ངོ་མ་བློས་དཔོག་པ་ཞིག་མ་རེད།
གྱོད་དང་ཁ་མཆུའི་གསེང་ན་རྒྱལ་ཁབ་ཀྱི་ཟླ་ཕོགས་བླངས་ཏེ་ཤ་ཚོན་པོ་དང་ཆང་མངར་མོ་བཏུང་མཁན་གྱི་རེབ་གོང་གི་ལས་བྱེད་པ་ཚོ། ད་དུང་ཡང་བྱ་ཁྱུང་རྫ་རི་དང་འདབས་འབྲེལ་དུ་ཡོད་པའི་སྡེ་བ་དག་ལ་མུ་མཐུད་དམར་འཛིངས་བྱེད་དུ་འཇུག་རྒྱུ་ཡིན་ནམ། ཡང་ན་ལོ་རེ་བཞིན་ལས་ཁུངས་སྟོང་བར་བཞག་ནས་ས་མཚམས་སྲུང་དུ་འགྲོ་རྒྱུ་ཡིན།
མཐའ་མ་འདིར་ཞོར་ནས་ཞུ་འདོད་པ་ཞིག་ལ། ཁ་སང་དེ་རིང་སྐད་འཕྲིན་གྱི་བར་སྟོང་གཙོ་བོར་གྱུར་པའི་མི་མང་འདུས་ས་གང་ཡིན་ཡང་། རྩྭ་ས་རྩོད་གླེང་བྱེད་པ་ནི་ཤིན་ཏུ་ནོར་འཁྲུལ་ཞིག་ཏུ་འདོད་པ་དང་། དབྱར་རྩྭ་དགུན་འབུ་རྩད་དེ་ཕུ་ནུ་ནང་དམེ་བྱེད་པ་ནི་གཏན་ནས་མི་རུང་བར་བསམ་མཁན་དག་ལ་ཡང་བསམ་བློ་གཏོང་རྒྱུ་འདི་ཡོད་དེ། དཔལ་འབྱོར་འགྲན་རྩོད་ཀྱིས་སྨྱོ་ལ་ཁད་བྱེད་པའི་སྤྱི་ཚོགས་འདིའི་ཁྲོད་རང་གི་ས་ཆའི་དབྱར་རྩྭ་དགུན་འབུ་གཞན་ལ་འབུལ་ནུས་མཁན་མེད་པ་འདི་ཤེས་དགོས་ན་ཡང་། གྱོད་འདིའི་རིགས་ལ་ཁྲིམས་ཀྱི་རྒྱབ་སྐྱོར་འཚོལ་བའམ་ཡང་ན་ཞི་བའི་སྒོ་ནས་འགྲིག་མཐུན་རེ་ཡོང་ཐབས་ལ་འབད་ཐུབ་ཚེ་རང་གཞན་གཉིས་ཀར་ཕན་པ་མི་དམན་པ་རེ་ཡོང་ལོས་ཐུབ་སྙམ་པ་ཞིག་རེད་མོད། འདི་ཡང་ལས་སླ་བོ་ཞིག་མིན་པར་བསམ་ནས་ཡུལ་ལུང་བྱེ་བྲག་པར་ཕྲག་དོག་གི་དབང་གིས་རྩྭ་ས་རྩོད་གླེང་ཐལ་ཆ་ཆེན་པོར་འདོད་པ་དག་གིས་ཀྱང་བྲང་ཁར་ལག་པ་བཞག་ནས་བསམ་བློ་གཏོང་དགོས་པ་མང་པོ་འདུག་ལ། ལྷག་པར་དུ་ད་སྐབས་དབྱར་རྩྭའི་ཆེད་དུ་འཁོན་འཛིངས་བྱེད་བཞིན་པའི་སྡེ་བ་དང་ཡུལ་ཚོ་སུ་ཡིན་ཡང་གྱོད་བཤད་ནས་ཐག་གིས་ཆོད་པ་ལས་གསད་ནས་ཐག་གིས་མི་ཆོད་པ་འདི་སེམས་ལ་ངེས་པར་བྱས་ཏེ། རང་གི་མི་རིགས་སམ་ཡུལ་ལུང་ནང་ཁུལ་དུ་འཁོན་འཛིངས་ཀྱི་སྣེ་འདྲེན་པ་ནི་བྱས་རྗེས་ཆེན་པོ་རུ་འགྱུར་ཐབས་གཏན་ནས་མེད་དོ།།