དྲི་བ། ཝ་ར་གློག་བརྙན་གྱི་ནང་དོན་གཙོ་བོ་གང་ཡིན་པ་དང་གློག་བརྙན་དེ་བཟོ་སྐྲུན་གནང་དགོས་པའི་དམིགས་ཡུལ་གང་ཡིན་ནམ།

ལན། མཁྱེན་བརྩེ་རིན་པོ་ཆེ། དམིགས་ཡུལ་མ་འོངས་པར་མཐུན་རྐྱེན་དང་དུས་ཚོད་སྟབས་འགྲིག་པོ་བྱུང་ན་རང་ཉིད་ཀྱིས་སྟོན་པའི་མཛད་རྣམ་ཞིག་ཕབ་སྐྲུན་བྱ་བར་རེ་བ་ཧ་ཅང་ཆེན་པོ་ཡོད། སྟོན་པའི་རྣམ་ཐར་དེ་འདྲ་ཞིག་ཕབ་སྐྲུན་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དཔེར་ན་འགྲོ་སོང་ཕོན་ཆེན་གཏོང་དགོས་རེད་ལ་ཡག་པོ་ཞིག་ཀྱང་ཡོང་དགོས་པས་གློག་བརྙན་བཟོ་པ་པོ་ང་རང་ཉིད་ཀྱི་ངོས་ནས་ཡིན་ན་ཡང་ཉམས་མྱོང་མང་པོ་ཞིག་ཚང་དགོས་པས་རྒྱུ་མཚན་དེ་དག་ལ་བརྟེན་ནས་གློག་བརྙན་ཆུང་ཆུང་ཁ་ཤས་ཕབ་སྐྲུན་བྱ་རྒྱུ་བྱས་པ་རེད། ཝ་ར་གློག་བརྙན་ནི་དམིགས་བསལ་རྒྱ་གར་ལོ་རྒྱུས་ཤིག་ཡིན་པས་འབྱུང་འགྱུར་སྟོན་པའི་གློག་བརྙན་ཕབ་སྐྲུན་བྱ་དུས་དེ་ཡི་ནང་དུ་རྒྱ་གར་གྱི་ལོ་རྒྱུས་འཁྲབ་གཞུང་ཡོང་གིན་ཡོད་པས་དེ་དག་ལ་ཕན་ཐོགས་མི་ཡོང་ངམ་སྙམ་ནས་ཕབ་སྐྲུན་བཟོས་པ་ཡིན།

དྲི་བ། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་གསུམ་པའི་སྡིངས་ཆ་འདི་ཡི་སྟེང་རིན་པོ་ཆེ་མཆོག་གིས་ཕབ་སྐྲུན་གནང་པའི་ཝ་ར་གཟིགས་འབུལ་ཞུ་ཡུལ་གཙོ་བོ་བོད་རིགས་དང་རྒྱ་གར་བ་ཡིན་པས་ནམ་རྒྱུན་ཕྱི་རྒྱལ་གྱི་གློག་བརྙན་དུས་སྟོན་དང་མི་འདྲ་བའི་མི་མང་གཙོ་བོ་བོད་རིགས་དང་རྒྱ་གར་བ་ཡིན་པ་འདི་ལ་རིན་པོ་ཆེ་མཆོག་གིས་གཟིགས་ཚུལ་གང་འདྲ་ཞིག་ཡོད་དམ།

ལན། མཁྱེན་བརྩེ་རིན་པོ་ཆེ། སྤྱིར་བཏང་ཕྱི་རྒྱལ་གྱི་མི་མང་ཆེ་བ་གཅིག་པ་མིན་འགྲོ། ཡིན་ན་ཡང། འདིར་མང་ཆེ་བ་བོད་རིགས་རེད། དེའི་ནང་ནས་གཞོན་ནུའི་རིགས་རེད་འདུག དེང་སང་གི་དུས་ཚོད་འདིར་འགྱུར་བ་དང་གསར་བརྗེ་ཡི་རྣམ་པ་མང་པོ་ཞིག་ཡོང་གིན་འདུག་པས་ན་གཞོན་དེ་དག་གི་མདུན་དུ་གློག་བརྙན་འདི་བསྟན་ཡ་བྱུང་བ་དེ་དཔེ་མི་སྲིད་པའི་དགའ་པོ་བྱུང་། ངས་གློག་བརྙན་འདི་ཡིས་རྐྱེན་བྱས་ནས་བོད་རིགས་གཞོན་ནུ་དག་གིས་སྒྱུ་རྩལ་དང་རྣམ་དཔྱོད་དག་སྤོབས་པ་ཆེན་པོའི་སྒོ་ནས་སྤྱི་ཚོགས་ཁྲོད་དུ་དར་ཐུབ་པའི་རེ་བ་ཡོད།

དྲི་བ། རིན་པོ་ཆེ་མཆོག་ལ་ཞུ་རྒྱུར། ཝ་ར་གློག་བརྙན་འདི་དེ་སྔོན་གློག་བརྙན་<ཕོར་བ།>དང་<ཆང་ཧུབ་ཐེངས་གཅིག་གི་འཁྲུལ་སྣང་།>གཉིས་དང་མི་འདྲ་བར་ཝ་ར་གློག་བརྙན་ནང་དུ་རྒྱ་གར་གྱི་ཆེད་ལས་གློག་བརྙན་འཁྲབ་སྟོན་པ་མང་པོ་ཞིག་འདུག་པས་རིན་པོ་ཆེ་སྐུ་ཉིད་དེ་ཚོ་དང་མཉམ་དུ་ཕྱག་ལས་གནང་དུས་མྱོང་ཚོར་དང་དགེ་མཚན་མི་འདྲ་བ་གང་འདྲ་ཞིག་བྱུང་སོང་།

ལན། མཁྱེན་བརྩེ་རིན་པོ་ཆེ། སྔོན་མ་དཔེར་ན་ཕོར་བ་ལྟ་བུ་ཞིག་ཡིན་ན་འཁྲབ་མཁན་མི་སྣ་དེ་དག་ང་རང་གི་ངོ་ཤེས་པ་རེད་ལ་ཕབ་སྐྲུན་བཟོ་ས་ཡང་ང་རང་ཉིད་ཀྱི་སྡོད་ས་དེ་རེད། དེ་འདྲ་ཡིན་དུས་ཕན་ཚུན་འདྲིས་ཆེན་པོ་ཡོད་པ་མ་ཟད་ང་རང་ཉིད་བླ་མའི་མིང་ཞིག་ཁུར་ཡོད་པས་བླ་མའི་མིང་དེ་བེད་སྤྱད་ནས་དབང་ཡོད་ཅུང་ཙམ་བཤད་ཆོག་པས་གནས་ཚུལ་ཁ་ཁ་རེད། ད་ཐེངས་ཀྱི་གློག་བརྙན་འདིའི་འཁྲབ་གཞུང་རྒྱ་གར་གྱི་ལོ་རྒྱུས་ཡིན་པར་མ་ཟད་ས་ཆ་དང་འཁྲབ་མཁན་དག་ཆ་རྒྱུས་དེ་ཙམ་མེད་དུས་དཔེ་དཀའ་ངལ་བྱུང་། ཡིན་ན་ཡང་། ཉམས་མྱོང་ཐད་ལ་ཕན་ཐོགས་མང་པོ་ཞིག་བྱུང་སོང་།

དྲི་བ། རིན་པོ་ཆེ་གློག་བརྙན་བཟོ་སྐྲུན་ཐད་ལ་དགུང་ལོ་ཅི་ཙམ་ཞིག་ལ་དོ་སྣང་དང་ཕྱི་ཡི་མཐུན་སྦྱོར་གང་འདྲ་ཞིག་གི་ཐད་ནས་དོ་སྣང་སླེབ་པ་རེད་།

ལན། མཁྱེན་བརྩེ་རིན་པོ་ཆེ། ང་སྤྱིར་བཏང་སྔོན་མ་དབྱིན་ཇིའི་ལུང་པར་སློབ་སྦྱོང་ཅུང་ཙམ་བྱས་ནས་བསྡད་པ་རེད། དེ་དུས་ང་རང་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་གློག་བརྙན་འདྲ་མིན་མང་པོ་ཞིག་རིན་གོང་སླ་མོའི་ཐོག་ནས་ལྟ་ཡ་མང་པོ་ཡོད་པས་དེ་དུས་སློབ་སྦྱོང་དེ་ཙམ་མ་བྱས་པར་གློག་བརྙན་ཤ་སྟག་བལྟས་ནས་བསྡད་པ་རེད། དེ་དུས་གློག་བརྙན་ཕབ་སྐྲུན་བཟོ་མཁན་གྲགས་ཅན་འགས་བཟོས་པའི་གློག་བརྙན་ཐུན་མོང་མ་ཡིན་པ་ཁ་ཤས་ལྟ་རྒྱུ་རག་བྱུང་། རང་ཚོས་དེ་འདྲ་ཞིག་བཟོས་པ་ཡིན་ན་གཏམ་རྒྱུད་སོགས་ཆ་རྐྱེན་ཡོད་རེད་དྲན་ནས་བསམ་བློ་ཁོར་མྱོང་། དེ་དུས་<Italy>ཨི་ཀྲར་ལི་ཡི་གློག་བརྙན་བཟོ་མཁན་སྐད་གྲགས་ཆེན་པོ་ཞིག་ཡོད་རེད། ཁོས་སངས་རྒྱས་སྐོར་གློག་བརྙན་ཞིག་ཕབ་སྐྲུན་བྱ་རྒྱུ་ཡིན་པས་དེ་ལ་སློབ་སྟོན་པ་ཞིག་དགོས་གིན་འདུག་ཟེར་ནས་ང་ཡི་རྩར་སླེབ་བྱུང་བས་གོ་སྐབས་དེ་དང་དུ་བླངས་པ་ཡིན། ཡིན་ན་ཡང་། གློག་བརྙན་དེ་ཧ་ཅང་གཞི་རྒྱ་ཆེ་བས་སློབ་སྦྱོང་དེ་ཙམ་ཐོབ་མ་སོང་།

དྲི་བ། རིན་པོ་ཆེས་གློག་བརྙན་བཟོ་སྐྲུན་གནང་དུས་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་དང་འབྲེལ་བ་གནང་དགོས་པས་བོད་པའི་སྤྱི་ཚོགས་ནང་བླ་མ་དང་རིན་པོ་ཆེ་དག་གིས་ཆོས་ཕྱོགས་ནས་འཚོ་བ་ཡང་དག་པ་ཞིག་སྐྱེལ་དགོས་གིན་རེད་ཟེར་ནས་ལབ་གླེང་མང་པོ་ཞིག་འབྱུང་གིན་ཡོད་པས་རིན་པོ་ཆེ་མཆོག་གིས་གློག་བརྙན་གི་ཁྲ་ཁྲ་ཟིང་ཟིང་དེ་དང་ནང་ཆོས་ཉམས་ལེན་གནང་ཕྱོགས་དེ་གཉིས་བར་བཏང་སྙོམས་གྱི་ཚོད་འཛིན་སམ་ནམ་རྒྱུན་དགོངས་ཕྱོགས་གང་འདྲ་ཞིག་གནང་གིན་ཡོད་དམ།

ལན། མཁྱེན་བརྩེ་རིན་པོ་ཆེ། ད་བཏང་སྙོམས་རེད་ཐུབ་གིན་ཡོད་མ་རེད། ཧ་ཅང་ཁྲ་ཁྲ་ཟིང་ཟིང་རེད་ཤོར་གིན་ཡོད་རེད། ཡིན་ན་ཡང། གཙོ་བོ་ཀུན་སློང་དེ་ཡག་པོ་ཞིག་སྐྱེ་ཨེ་ཐུབ་ལྟ་ཡ་ཞིག་དང་རྩ་བའི་གནད་འགག་ཆེ་ཤོས་ཀྱི་སྟེང་ཞབས་འདྲེན་མ་རེད་ན་མིག་འཚུམ་ནས་ཅི་ཞིག་ལབ་ན་གང་ཞིག་བྱེད་ན་བསམ་ནས་ཁྲ་ཁྲ་ཟིང་ཟིང་ཆགས་ཀྱིན་ཡོད་རེད།

དྲི་བ། རིན་པོ་ཆེ་གློག་བརྙན་བཟོ་སྐྲུན་པའི་སྒྱུ་རྩལ་པ་ཞིག་ཡིན་པས་ཁྱེད་ཀྱིས་སྒྱུ་རྩལ་པ་ཟེར་དུས་གང་འདྲ་ཞིག་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། མཁྱེན་བརྩེ་རིན་པོ་ཆེ། སྤྱིར་བཏང་དུས་ཚོད་དང་མཐུན་རྐྱེན་ཡོད་པ་ཡིན་ན་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སོགས་ཧ་ཅང་རྒྱ་ཆེན་པོ་ཡིན་པས་རྣམ་དཔྱོད་སྟོན་ས་མང་པོ་ཡོད་རེད། ཡིན་ན་ཡང་། གློག་བརྙན་ཕབ་སྐྲུན་བྱ་རྒྱུ་དེ་ངའི་ལས་ཀ་གཙོ་བོ་མ་རེད། མུ་འཐུད་ནས་སངས་རྒྱས་གློག་བརྙན་དེ་ཕབ་སྐྲུན་བཟོ་ཐུབ་ན་མ་གཏོགས་གློག་བརྙན་ཕབ་སྐྲུན་བཟོ་བའི་འཆར་གཞི་མེད།

དྲི་བ། མཐའ་མ་བོད་ཀྱི་གཞོན་སྐྱེས་གློག་བརྙན་ལ་དོ་སྣང་ཡོད་མཁན་དག་ལ་ཁ་བརྡ་ཞིག་གནང་རོགས།

ལན། མཁྱེན་བརྩེ་རིན་པོ་ཆེ། སྤྱིར་བཏང་ང་རང་ཚོ་བོད་པས་སྒྲུང་ཞིག་བཤད་ན་ཡང་བཤད་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡོད་རེད། དེ་དག་ངེས་པར་དུ་བདག་པོ་ཡག་པོ་གནང་ནས་ལག་ལེན་གནང་ཐུབ་པ་བྱ་རྒྱུ་གནད་འགག་ཆེན་པོ་མིན་འགྲོ་དྲན་གིན་འདུག གང་ཡིན་ཞེ་ན། དེང་སང་<Hollywood>དང་<Bollywood>དེ་ཚོའི་སྒྲུང་བཤད་སྟངས་དེ་དག་ཤུགས་ཆེ་ཐག་ཆོད་ནས་ང་ཚོའི་སྒྲུང་བཤད་སྟངས་དག་ཀྱང་དེ་འདྲ་ཆགས་པའི་ཉེན་ཁ་ཡོད་རེད།

 

ཝ་ར་གློག་བརྙན་དུས་སྟོན་ཞིག་ལ་གློག་འཕྲིན་ཁང་ཞིག་གིས་མཁྱེན་བརྩེ་རིན་པོ་ཆེ་ལ་བཅར་འདྲི་བྱས་པ་ཞིག