༼ད་ལོར་མཚོན་ན་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང་ནས་སེན་མགོ་ཁྲག་དང་སེན་གཏིང་སྣག་བྱས་ཏེ་ཡོང་བ་དག་ལ་འོ་དོད་ཐེངས་ཤིག་དང་ལྷན་དུ་བསམ་གཞིགས་ཟབ་མོ་ཞིག་བྱེད་དགོས་པར་གྱུར་པའི་ལོ་ཞིག་ཡིན་ལ། ལྷག་པར་དུ་རེབ་གོང་ལ་མཚོན་ན་ཕུ་ནུ་ནང་འཁྲུག་གིས་མི་ཤི་རྟ་འགྱེལ་བྱུང་བའི་ལོ་ངན་ཞིག་ཀྱང་ཡིན་མོད། ལྟས་ངན་པ་ཞིག་ལ་ཁོ་ཚོས་ད་དུང་ཡང་ཕུགས་འཕེར་རང་བཞིན་གྱི་ལས་གནས་ཤིག་ལ་འཇུ་རྒྱུ་ལས་སང་ལོར་འདི་ལས་ལེགས་པའི་སྟོང་བསམ་ཞིག་བཅངས་བཞིན་ཡོད། འདི་ལྟར་ལོ་ངོ་རེ་རེ་བཞིན་བསྐྱལ་བའི་ཕ་རོལ་ནས་འུ་ཅག་གི་དཔལ་འབྱོར་གྱི་གནས་བབ་དང་རིག་གནས་ཀྱི་གནས་བབ་འདི་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་དམ། རྩོམ་ཡིག་འདི་དྲ་བའི་སྟེང་བཀོད་ཟིན་ཀྱང་། དགོས་དབང་གིས་འདིར་བཀོད་པ་ཡིན། ༽

冬虫夏草

དབྱར་རྩྭ་དགུན་འབུ།

ལོ་རབས་བརྒྱད་ཅུ་བ་ནས་བོད་ས་ཁྱོན་ཡོངས་ལ་དུས་ཡུན་ཐུང་ངུའི་ནང་སྒོར་མོ་མང་ཙམ་རེ་ལག་འབྱོར་ཡོང་བའི་ཐབས་ལམ་ཞིག་རྙེད་པ་ནི་དབྱར་རྩྭ་རྒུན་འབུ་བརྐོ་ཤེས་པར་གྱུར་པ་འདི་ཡིན་ལ། སྨན་རྩྭ་འདི་བརྐོ་ཤེས་པ་ནས་བོད་ཀྱི་རིག་གནས་དང་ལག་ཤེས་སྒྱུ་རྩལ། དཔལ་འབྱོར་གོང་འཕེལ་སོགས་མང་པོ་ཞིག་ལ་གོད་ཆག་འབྱུང་མགོ་ཚུགས་ཡོད་པ་ནི་ད་དུང་ཡང་ངོས་ཟིན་མཁན་དཀོན་པོར་གྱུར་ནས་ལུས་ཡོད།

སྐབས་དེ་ནས་སྒོར་མོ་མང་པོ་སྤྲད་དེ་སློབ་གྲྭར་འགྲོ་བ་ལས་དབྱར་རྩྭ་དགུན་འབུ་བརྐོས་ཏེ་ཡུལ་ནས་བསྡད་ན་ལེགས་པར་འདོད་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་སློབ་བྱོལ་བྱེད་པ་དང་སློབ་གྲྭ་འགྲོ་རུ་འཇུག་མི་འདོད་པའི་ཁྱིམ་བདག་མང་པོ་བྱུང་སྟེ་བོད་ཀྱི་སློབ་གསོའི་འཚར་རྒྱས་ལ་ངན་རྐྱེན་ཆེན་པོ་ཞིག་བྱུང་། དེ་ལྟར་ལོ་རབས་བརྒྱད་ཅུ་བ་ནས་ད་ལྟའི་བར་གྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་པའི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་སྒོ་དེས་གྲོང་གསེབ་པ་མང་ཆེ་ཤོས་ཀྱི་འཚོ་བར་ཁ་ཕྱོགས་མེད་པར་གྱུར་པ་ནི་འདི་ལྟ་ལྟེ། ཤིང་བཟོ་ཤེས་པ་དག་གིས་ཤིང་ལས་བཞག་སྟེ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། མགར་ལས་ཤེས་པ་དག་གིས་མགར་ལས་བྱེད་རྒྱུའི་ཚབ་ཏུ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། ལྷ་བྲིས་པ་དག་གིས་ལྷ་འབྲི་བ་ལས་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། ཞིང་ལས་པ་དག་གིས་ཞིང་ལས་བཞག་སྟེ་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། འབྲོག་པ་དག་གིས་ཕྱུགས་ལས་བཞག་སྟེ་དབྱར་རྩྭ་དགུན་འབུར་བརྟེན་ནས་འཚོ་བ་རོལ་རྒྱུ་དྲན། འཚེམ་བཟོ་ཤེས་པ་དང་འཕྲུལ་རིགས་བཟོ་བཅོས་བྱེད་པ་སོགས་ཡོང་འབབ་རྒྱུན་ལྡན་ཅན་གྱི་ལས་རིགས་གཉེར་མཁན་སུ་དང་སུ་ཡིན་ཡང་སེམས་ལ་དབྱར་རྩྭ་དགུན་འབུའི་གདོན་ཞུགས་པ་མ་ཟད། སློབ་མ་དག་གིས་སློབ་གྲྭ་བཞག་ནས་དབྱར་རྩྭ་བརྐོས་ཁར། དགེ་རྒན་འགའ་རེས་ཡང་དུས་ཚིགས་དེར་གནངས་པ་ཞུས་ཏེ་དབྱར་རྩྭ་བརྐོ་བའམ་དེའི་ཚོང་གཉེར་ལ་ཞུགས།༼ད་དུང་ཡང་མགོ་ལོག་ཕྱོགས་སུ་སློབ་གྲྭ་དག་ལ་དབྱར་རྩྭ་བརྐོ་སྐབས་གུང་གསེང་སྤྲོད་བཞིན་ཡོད།༽ ལས་བྱེད་འགའ་རེས་ཀྱང་དབྱར་རྩྭ་བརྐོ་ཐུབ་ཚེ་ལོ་གཅིག་གི་ཟླ་ཕོགས་ནི་ཟླ་གཅིག་ལ་དཀའ་ལས་རྒྱབ་ན་ཐོབ་པར་འགྱུར་བས་དེ་ཉིད་ལེགས་པར་བསམ་ནས་དབྱར་རྩྭ་བརྐོ་བ་དང་དབྱར་རྩྭའི་ཚོང་གཉེར་ལ་ཞུགས། སྨན་པ་དག་ཀྱང་རི་མགོར་ཉུལ་ཏེ་དབྱར་རྩྭ་བརྐོས། དགོན་པ་འགའ་རེའི་གྲྭ་བ་དག་ཀྱང་དབྱར་རྩྭ་བརྐོ་བ་དང་དབྱར་རྩྭའི་ཚོང་གཉེར་ལ་ཞུགས། དབྱར་རྩྭ་ཡོད་པ་ནས་ལོ་ལོན་གོ་ཁ་ནས་འདུག་མི་བཟོད་ཅིང་། བྱིས་པ་རྩེད་ར་ནས་འདུག་མི་བཟོད་པ་ཞིག་ཏུ་གྱུར་ཅིང་། མདོར་ན་བོད་རིགས་ཚོང་ལས་འདྲ་མིན་གཉེར་མཁན་ཡོད་ཚད་ཀྱི་སེམས་ལ་དབྱར་རྩྭ་དགུན་འབུའི་གདོན་ཞུགས་ཏེ། སྐབས་རེ་ཡོད་ཡོད་འདྲ་ཞིང་། སྐབས་རེར་མེད་མེད་འདྲ་བའི་རྒྱུན་ལྡན་མིན་པའི་ཚོང་ལས་དེའི་གསེབ་ཏུ་གཞན་གྱི་ཚོང་བ་གྲིམ་པོ་རེ་སླེབས་ནས་དང་པོ་ཡིད་ཆེས་སྤྲད་དེ་བོད་པ་ཚོ་ལག་མགོར་དཀྲིས། བར་དུ་འཛུམ་མདངས་རེ་དང་ཁ་ཡག་ཅིག་གིས་བོད་པའི་ཚོང་བ་ཚོར་ཧམ་པ་བསླངས་རྗེས། མཐའ་མར་མ་རྩ་ཡོད་ཚད་རྩད་རྫོགས་བྱས་ཏེ་ཁ་གྱང་ལ་གཏད་པ་ཡང་མང་པོ་ཞིག་བྱུང་ཡོད་པ་སོགས་མདོར་ན་དེ་སྔ་ཚོང་ལས་སྣ་མང་གཉེར་མཁན་གྱི་བོད་རིགས་མང་པོ་ཞིག་ཀྱང་དབྱར་རྩྭ་དགུན་འབུའི་ཚོང་ལས་ལ་ཞུགས་ནས་ཡར་ལྡིང་མར་རྡིབ་མང་པོ་བྱུང་བ་སོགས་དབྱར་རྩྭ་དགུན་འབུས་བོད་ཀྱི་རིག་གནས་དང་དཔལ་འབྱོར་ལ་ཤུགས་བརྟན་མེད་པའི་གྱོང་གུད་གསབ་ཐབས་མེད་པ་སྤྲད།

གཞན་ཡང་། དབྱར་རྩྭ་དགུན་འབུ་བརྐོ་ཤེས་པ་ནས་བཟུང་ས་རྩོད་ཆུ་རྩོད་ཀྱི་རྣམ་པ་ཇེ་དྲག་ཏུ་གྱུར་ཅིང་། མི་ཤི་རྟ་འགྱེལ་གྱི་དོན་དག་ཀྱང་རབ་དང་རིམ་པར་བྱུང་སྟེ། ཐང་གི་རྩྭའི་དོན་དུ་གཅེས་པའི་སྲོག་ཤོར། ལག་གི་རྒྱུ་ཤོར་ཏེ་ཁྱིམ་ཚང་དང་སྡེ་བ་སྤྲང་ལ་གཏུགས་པ་སོགས་འུ་ཐུག་ཐབས་ཟད་ཀྱི་ལས་དེ་ཉིད་དངོས་སུ་མདུན་ལ་བསུས་པའི་ཉམས་མྱོང་དེ་ཤེས་བཞིན་དུ་སྡེ་བ་དང་སྡེ་བའི་བར། ལུང་ཚན་དང་ལུང་ཚན་བར་དམར་འཛིངས་བྱས་པས་དང་པོ་རྩྭ་རྩད་དེ་བྱུང་བའི་གྱོད་ཁ་རིམ་གྱིས་མི་གསད་པའི་སྙིང་ནད་དུ་གྱུར་ཏེ་ཕ་རིང་བུ་རིང་ལ་བརྣག་པའི་དོན་རྐྱེན་ཆེན་པོ་ཞིག་ཏུ་གྱུར། ད་སྐབས་ཀྱང་ བྱང་སེམས་དང་སྙིང་རྗེ་ཅན་དུ་གྲགས་པའི་རང་ཅག་བོད་ཀྱི་ས་ཆ་འགའ་རེ་ན་དམག་ཚོགས་རྒྱབ་སྟེ་མདའ་ཁྲལ་རྟ་ཁྲལ་འཇོག་བཞིན་ཡོད་ལ། རི་ཁ་དང་སྡེ་འདབས་དག་དམག་གིས་སྐོར་ནས་འདུག་དགོས་པར་གྱུར་ཡོད། འདི་ལྟར་འཛམ་གླིང་ཇེ་ཆུང་དུ་ཕྱིན་ཏེ་ནུབ་ཀྱི་རྒྱ་མཚོའི་ཁ་ནས་ཀི་བཏབ་ནས་ཤར་གྱི་གངས་རིའི་རྩེ་ནས་ལན་འདེབས་པའི་ཚན་རྩལ་ཡར་རྒྱས་ཀྱི་དུས་འདིར། མི་རྣམས་ཀྱིས་ཤེས་རིག་གི་བང་ཁ་འགྲན་བཞིན་པའི་སྐབས་སུ་ཡང་ནང་རིག་པའི་ཕྱོགས་ནས་གཞན་གྱི་དོ་ཟླར་མ་ཡོང་ཡང་། ཕྱིའི་སྤྱོད་ཚུལ་ཐད་ནས་ཀྱང་འཛམ་གླིང་མི་གྲལ་དུ་མགོ་བོ་བཀྱག་ནས་འགྲོ་སྲོལ་མེད་པ་ཞིག་ཏུ་གཏོང་མཁན་ནི་རང་ཅག་གི་རིགས་གཏོགས་འགའ་ཡིན་ལ། མངལ་ནས་སྐྱེས་པའི་མི་དག་གི་རང་ཚུགས་ཐང་ནས་སྐྱེས་པའི་རྩྭ་ཞིག་གིས་འཆོལ་བར་བྱས་པ་ཡང་རང་ཅག་གི་རིགས་འདི་ཡིན།

མང་ཚོགས་བྱིངས་ཀྱིས་དཔལ་འབྱོར་ཕོན་ཆེན་ལ་ལག་ལེན་བྱས་མྱོང་མེད་པ་དང་དཔལ་འབྱོར་གྱི་གཞུང་ལུགས་རང་བཞིན་གྱི་ཟབ་སྦྱོང་མེད་པ་ང་ཚོར་མཚོན་ནས་བཤད་ན། ཟླ་ངོ་གཅིག་གི་རིང་རང་ཚོད་ཀྱིས་སྒོར་མོ་ཕོན་ཆེན་ལག་ཏུ་ཡོང་བའི་གསར་བུ་ཚོའི་མི་གཤིས་ལ་རྡོག་བརྫིས་བཏང་ཞིང་། ལོ་ལོན་ཚོའི་མ་ཎི་ལ་བར་ཆད་བཏང་། ང་ཚོས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་མཐོང་ཐུབ་པ་སྟེ། དབྱར་རྩྭ་བརྐོས་ཚར་རྗེས་ཀྱི་ཟླ་ངོ་འགའ་ནི་ཚོང་ཁང་དང་ཟ་ཁང་དང་། ཆང་ཁང་དག་གི་ཡོང་སྒོ་ཆེས་བཟང་བའི་སྐབས་ཡིན་པ་མ་ཟད། བོད་ཁུལ་གྱི་གཞི་རིམ་ས་ཆ་དག་ན་ཆང་འཐུང་ཆེས་མང་པའི་སྐབས་ཡིན་པས་སྤྱི་ཚོགས་བདེ་འཇགས་ལ་ཡང་བརྡབ་གསིག་གཏོང་གིན་ཡོད། དེ་བཞིན་ལོ་ལོན་གོ་ཁར་ལྷུང་བ་དང་། བྱིས་པ་སྣབས་ལུད་གཙང་མར་བཟོ་མི་ཤེས་པ་དག་ཀྱང་འདུག་དབང་མེད་པར་འུ་ཐུག་ཐབས་ཟད་ཀྱི་ཀློང་ན་སྡུག་ལས་སྣ་ཚོགས་རོལ་དགོས་པར་གྱུར་ཡོད།

འདི་ལྟར་དབྱར་རྩྭ་དགུན་འབུས་བོད་ཀྱི་དཔལ་འབྱོར་དང་། མི་གཤིས། རིག་གནས་དང་སློབ་གསོ་སོགས་ལ་གོད་ཆག་ཆེན་པོ་འབྱུང་བཅུག་པའི་རྒྱུད་རིམ་འདིའི་ཁྲོད་བོད་པ་ཚང་གི་ངོ་བོ་མི་མངོན་པའི་ཚུལ་གྱིས་ཆུ་ནང་ལ་ཁ་བ་འཐིམས་པ་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད། སྤྱིར་ན་མི་མང་བྱིངས་ལུས་ཤུགས་ངལ་རྩོལ་བ་ཡིན་པའི་ང་ཚོའི་རིགས་ལ་ས་བརྐོ་རྡོ་སློག་གི་འཕྲུལ་ཆས་དར་ཁྱབ་ཆེས་ཆེར་བྱུང་སྟེ་ལུས་ཤུགས་ལ་བརྟེན་པའི་དཔལ་འབྱོར་ཡོང་སྒོ་ཡང་མཚམས་གཅོད་ལ་ཉེ་བའི་སྐབས་འདིར། རང་ཁ་གསོ་རོགས་སུ་ལས་འདི་ལྟ་བུ་ཞིག་ལ་འཕྲད་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་མོད་ཀྱང་། བྱ་ལས་འདི་གཉེར་རིམ་མ་ཤེས་པའི་གོ་རིམ་འདིས་བོད་པ་ཡོངས་རྫོགས་སྒྱིད་ལུག་ཅན་དུ་བསྒྱུར་ཏེ་སྒོར་མོ་ཕོན་ཆེན་ཞིག་ལག་ཏུ་མ་ཡོང་ཚེ་ལས་རིགས་གང་ཡང་གཉེར་མི་འདོད་པར་གྱུར་པས། མགོའི་ཁང་བ་ལས་མཁན་ནས་སྒོའི་རྒྱུ་ཟོག་འཚོ་མཁན། རྐང་གི་ལྷམ་འཚེམ་མཁན་ནས་མགོ་བོའི་སྐྲ་གཞར་མཁན་ཚུན་གཞན་ལག་ཏུ་གཏད་དགོས་བྱུང་བའི་ཉེན་ཁ་འདི་དངོས་སུ་བྱུང་བ་རེད། ད་དུང་ཡང་ང་ཚོ་འདི་ལྟར་ལོ་ངོ་འགའ་རེ་སོང་ཚེ་བོད་པ་དག་ནི་དབྱར་རྩྭ་དགུན་འབུའི་གཡོ་འོག་ཏུ་ཚུད་པའི་ཕམ་ཉེས་པ་སྐོར་ཞིག་ཏུ་འགྱུར་བར་གདོན་མི་ཟ།

ང་ཚོས་སྐབས་ཐོག་དེ་ཙམ་གྱི་ཡོང་སྒོའི་ཆེད་དེ་ལ་བརྩོན་ལེན་བྱེད་པ་ནི་ཤིན་ཏུ་ནས་ལེགས་མོད།  ཤེས་ཡོན་སློབ་གསོར་གཙིགས་ཆེན་བྱས་ཏེ་རྨོངས་པའི་གཉིད་ལས་སད་ཐབས་ལ་འབད་བརྩོན་དང་བཅས་ཕུགས་འཕེར་ཡུན་གནས་ཀྱི་འཚོ་ཐབས་ཤིག་ལ་འབད་པ་བྱེད་རྒྱུ་ལས་ཡོད་ཚད་དབྱར་རྩྭ་ལ་བཅོལ་ནས་མི་མཐུད་སོང་ཚེ་ང་ཚོ་ནི་རིག་གནས་དང་དཔལ་འབྱོར་གཉིས་ངོས་ནས་ཕམ་ཁ་ཆེས་ཆེར་ཉོ་མཁན་གྱི་མི་རིགས་དེར་འགྱུར་བར་སྙམ་ན་ཞེ་བློ་ལྷོད་ལ་འབབ་པ་ཞིག་རྩ་བ་ནས་མ་རེད།