ཉིན་འགའི་སྔོན་དུ་ང་རང་ཟི་ལིང་ནས་ཕྱིར་རྫོང་དུ་ལོག་ཏེ་གྲོགས་པོ་འགའ་དང་ལྷན་དུ་དགོང་ཟས་རོལ། སྐབས་དེར་ཁོ་ཚོས་ང་ལ་ཁྱོད་ཀྱིས་རྒན་མི་ལ་ཙི་ཙི་ཚང་ནས་བྱུང་བའི་དོན་དག་དེ་ཨེ་གོ་ཞེས་དྲིས་བྱུང་། དེའང་རྩོམ་པ་པོ་ཁོང་ནི་ཡིག་ལམ་ནས་བདེན་པའི་ང་རོ་སྒྲོག་མཁན་ཞིག་ཡིན་པས་ངས་ཁོང་གི་བདེ་སྡུག་གི་ཐད་ལ་བསམ་བློ་ཞིག་མི་གཏོང་རང་གཏོང་ཆགས། འོན་ཏེ་བློ་ཡུལ་ལས་འདས་པ་ཞིག་ནི། ཁོ་ཚོས་ང་ལ་ཁོང་གི་བུ་མོ་ཆེ་བས་རྒྱ་མི་ཞིག་དང་གཉེན་བསྒྲིགས་པའི་དོན་དག་དེ་གླེང་བྱུང་། ད་དུང་གྲོགས་པོ་ཞིག་གིས་ཁ་པར་བླངས་ནས་གཉེན་སྟོན་སྟེང་གི་པར་ཅིག་ཀྱང་ང་ལ་བསྟན། ང་རང་སྤྱིར་ནས་དོན་དག་འདི་རིགས་ལ་སྤྲོ་བ་མེད་པས་ཁོ་ཚོའི་ཁ་བརྡར་ཟུར་མཉན་བྱེད་ཞོར་ཁ་རོག་གེར་བསྡད་པ་ཡིན། ཡང་ན། ངས་འུ་ཅག་གི་ཁོར་ཡུག་ནས་དོན་དག་འདིའི་རིགས་ལ་རྒྱུན་ལྡན་དུ་ལྟ་བ་རྟོགས་ཡོད་པས་ཡིན། ཡུལ་མི་ཚོ་མ་གཞི་ནས་འུར་འདྲོགས་ལ་དགའ། ང་ཁོ་ཚོ་དང་ལྷན་དུ་ཅི་ཡིན་འདི་ཡིན་མེད་པར་འུར་ཟིང་ངེར་འགྲོ་མི་འདོད་ལ། ཡང་ཁོ་ཚོ་ནང་བཞིན་འུར་མགོ་འཇགས་རྗེས་དལ་ཅག་གེར་ཡང་འགྲོ་མི་འདོད། ངས་བསམ་ན་འདི་ནི་ཡི་གེ་བ་ཞིག་གི་མ་མཐའི་གཏན་ཚུགས་རེད། འོན་ཀྱང་། ལོ་འདི་གར་ཁོ་བ་ཅག་གི་འུར་གྱི་ནང་ནའང”ལང་ཚོ”ཞིག་གམ”རེ་བ”ཞིག ཡང་ན”སད་རྟགས”ཤིག་བཅས་མངའ་བ་ནི་ཤིན་ཏུ་དགའ་འོས་པའི་གནས་སོ།།

ཕྱི་དྲོ་དེར་རྩོམ་པ་པོ་ཁོང་ལ་སེམས་ནས་མོས་གུས་བྱེད་པའི་ངའི་གྲོགས་པོ་ཞིག་གིས”ཨ་ཧ་བོ། ད་རྒན་ལགས་ལ་ཁ་གྲགས་རྒྱུ་མེད་པར་བྱས་པ་རེད”ཅེས་ཟེར་ལ། ཡང་གྲོགས་པོ་ཞིག་གིས”ཁོང་དང་དགེ་རྒན་མེ་ཏོག་སྐྱིད(ཁ་བ་ལྷ་མོ)མིང་སྲིང་གཉི་ག་ཉིན་འདི་གར་སྐད་འཕྲིན་སྟེང་དུའང་གྲགས་འགུལ་མི་འདུག མོས་ཀྱང་དུས་རྒྱུན་སློབ་མ་ཚོའི་སྔུན་ནས་མི་རིགས་དང་བོད་ཡིག་ཅེས་འུར་རྒྱག་གིན་ཡོད། ད་ཅི་བྱེད་ལྟ་ཨང”ཟེར། ད་དུང་གྲོགས་པོ་རེ་གཉིས་ཀྱིས”བོང་སྟག་གི་འབྲོང་རྒྱུད་ཆད་ཐལ”ཞེས་ཤོད་ཀྱིན་གད་མོ་ཡང་དགོད། ཁོང་ཅག་གིས་ལབ་པ་དག་བདེན་པ་ཡིན་ཆོག་ལ་ཀུ་རེ་ཡིན་ཀྱང་བླ། ང་ཚོས་རེ་ཞིག་ཟུར་དུ་གཡུགས་འཇོག ངས་འདིར་གླེང་འདོད་པ་གཅིག་ནི་ངའི་སེམས་ཁོང་གི་རྩོམ་པ་པོ་མི་ལ་ཙི་ཙི་དངོས་དེ་ཅི་ལྟ་བུ་ཞིག་ཡིན་པ་དེ་ཡིན། གཉིས་པ་ནི་ཁོའི་བུ་མོའི་གཉེན་སྟོན་དེ་ཁོ་དང་འབྲེལ་བ་ཡོད་མིན་དེ་ཡིན། གསུམ་པ་ནི་ཁོང་མིང་སྲིང་གཉི་གས་གཉེན་སྟོན་དེར་ཅི་ལྟར་བལྟ་བཞིན་ཡོད་པ་དེ་ཡིན། ཡང་ཁ་གསལ་བར་བྱས་ན་གཉེན་སྟོན་དེ་ལ་ཁོང་རྣམ་པ་གཉི་གས་རྣམ་འགྱུར་ཅི་ལྟ་བུ་ཞིག་འཛིན་གྱིན་པ་དེ་ཡིན། བཞི་བ་ནི་ད་ཐེངས་ཁོ་ཚང་གི་གཉེན་སྟོན་དེ་ཕ་ཡུལ་བོང་སྟག་ལ་མཚོན་ན་སྤྱིར་བཏང་གི་དོན་དག་ཅིག་ཡིན་ནམ་ཡང་ན”དོན་རྐྱེན”ཞིག་ཡིན་པ་ངོས་འཛིན་རྒྱུ་དེ་ཡིན། འདི་དག་ནི་ད་གཟོད་ངའི་རྩོམ་ཡིག་འདི་ཡི་བརྗོད་གཞིའི་ཁྲོད་ཀྱི”འཕྲོས”ཡིག་དང་དམ་དུ་འབྲེལ་ཡོད།

འདིར་ད་དུང་གསལ་བོར་ཤོད་རྒྱུ་ཞིག་ནི་ངས་ཁོང་དང་ཁོང་གི་བུ་མོའི་གཉེན་སྟོན་སོགས་ལ་རྒྱུས་ལོན་མཐིལ་ཏུ་ཕྱིན་པ་ཞིག་མེད་པར། ཕྱིའི”སྣང་ཚུལ”འབའ་ཞིག་ལ་གཞི་བྱས་ཏེ་དཔྱད་གླེང་སྤེལ་བ་འདི་གཅིག་བྱས་ན་འཐས་ཚང་བ་དེ་འདྲ་དང་། གནད་དུ་འཁེལ་བ་དེ་འདྲ་ཞིག་མིན་པར་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་རུ་འགྲོ་ཡང་སྲིད་མོད། རང་ཉིད་ཁོར་ཡུག་འདི་དང་སྤྱི་ཚོགས་འདིར་དོ་སྣང་དང་འགན་འཁྲི་མངའ་བའི་ན་གཞོན་ཡི་གེ་བ་ཞིག་ཡིན་པའི་ངོས་ནས་བྲིས་པ་ལགས་ཏེ། ལེགས་ཉེས་ཀྱི་འབྲས་བུ་ཅི་འབྱུང་ཡང་རང་གི་འགན་དུ་འཁུར་བ་ལས་འོས་མེད་ཅེས་སྨྲ་འདོད། ད་ནི་སྐབས་སུ་བབས་པའི་དོན་ལ་འཇུག་པར་བྱའོ།།

(༡) མི་ལ་ཙི་ཙི་ཚང་གི་བུ་མོའི་གཉེན་སྟོན་གྱི་དངོས་ཚུལ་དེ་ཕྱི་ལ་བཀྲམ་རྗེས། སྔོན་ཆད་ཁོང་ཉིད་གཙུག་ཏུ་བཀུར་བའི་ངའི་གྲོགས་པོ་འགས་ཁོང་ལ་བཅིངས་པའི་བསམ་ཚུལ་ལ་འགྱུར་ལྡོག་འབྱུང་གི་འདུག་ལ། ཡུལ་མི་ཚོའི་མིག་ནང་ནས་ཀྱང་ཁོང་གི་གོ་གནས་ཇེ་དམའ་རུ་སོང་བར་མི་ཚད་གླེང་ཕྱོགས་ཀྱང་བཟོ་ཡི་ཡོད་ཚོད། བོད་ཁམས་ཧྲིལ་བོ་ན་གནས་ཤིང་ལ་རྒྱའི་དཔུང་རྡང་གཅིག་པའི་ཁོང་གི་ཀློག་པ་པོའི་སྡེ་ཡང་དེ་བཞིན་དུ་ངེས།

མི་ལ་ཙི་ཙི་ཞེས་པའི་མིང་འདི་ངས་ཐོག་མར་ཐོས་དུས་ནི་དམའ་འབྲིང་གི་སྐབས་ཤིག་ཡིན་ལ། དེའང《རྡོ་ལྕགས་གཙུབ་བརྡར》ཅེས་པའི་ཐོལ་རྩོམ་དེབ་ཅིག་ལས་མཐོང་བྱུང་། རྗེས་སུ་ཁོང་གི་དངོས་མིང་ལ་ཕུན་ཚོགས་རྒྱལ་ཟེར་བ་དང་། མིང་གཞན་ལ་ནེའུ་ཆུང་ཟེར་བ། འབོལ་རྩོམ་ལས་གཞན་ད་རུང་ཁ་ཤགས་བཤད་མྱོང་བ་དང་སྙན་ངག་འབྲི་གིན་པ་སོགས་རྟོགས། དེ་བས་ཀྱང་གླེང་རི་བ་ཞིག་ལ་ངེད་ལ་བག་ཆགས་ཟབ་མོ་བཞག་མྱོང་བའི་ཁོང་གི་བརྩམས་ཆོས་ཤིག་སྟེ། སྐྱིད་སྡུག་གལ་རྟ་མགོ་སྦྲེལ་གྱི་ཚུལ་དུ་གནས་པའི་ཡུལ་མི་ཚོའི་དངོས་བབས་ལ་བྲིས་པའི་མུ་འབྲེལ་རྩོམ་ཡིག《ང་འདི་ན་ཡོད》ཅེས་པ་དེ་ཡིན། སྤྱིར་ན་རྩོམ་དེ་དག་ལས་ལ་ཤས་ཤིག་རྩོམ་པ་པོའི་ཚོར་བའི་དབང་བཙན་པ་ཙམ་ལས་ཞིབ་ཆ་མ་ཐོན་སའང་མཆིས་ཏེ། དངོས་དོན་ལ་ལ་ཞིག་ལ་རྩད་མ་བཅད་པར་འོལ་ཚོད་དུ་ལབ་འདུག སྐབས་དེར་བདག་གིས་ཁོང་ལ་དེའི་ཐད་ཀྱི་འཕྲིན་ཡིག་ཅིག་ཀྱང་བྲིས་ཤིང་བསྡུ་ཉར་བྱས་ཡོད། དེ་རུ་དེའི་སྐོར་ཅུང་ཁ་གསལ་དུ་བཀོད་ཡོད། འོན་ཀྱང་། གཅིག་ནས་ཁོང་གི་རྩོམ་ཡིག《ཐབས་སྡུག་ན་དད་པ་ཟོས་ན་ཆོག》ཅེས་པ་ཡིན་ནམ་ཅིག་ཏུ་བྲིས་པ་བཞིན། སྔོན་གྱི་མེས་པོ་ཚོས་དཔུང་བའི་ཤ་རྒོད་ལྷུག་ལྷུག་ངང་འཚོ་བའི་སྣང་བརྙན་བྲག་ལ་བརྐོ་ཕོད་ན་ཡང་། སྡར་གཤིས་ཅན་གྱི་བུ་རབས་ཚ་རྒྱུད་ཀྱིས་རང་གི་སྐྱིད་སྡུག་གང་ཉིད་ཀྱི་ཆ་ཤས་ཙམ་ཞིག་བརྗོད་ཆེད་ཤོག་དཀར་གྱི་ངོས་ལ་ནག་ཐིག་ཙམ་ཡང་ཕབས་མི་ཐུབ་པ་ཡིད་སྐྱོ་བར་གསུངས་པས་ཞལ་ངོར་བལྟས་པ་དང་། གཉིས་ནས་རང་སྡེ་ལུང་བ་གཅིག་གི་ནང་ཡིན་རུང”ཟུར་ཚང་སྔགས་ཁང་གི་དོན་རྐྱེན”དེ་སོགས་ལ་ང་རང་ངོས་ནས་བདེན་པའི་གཏམ་ལ་ཡི་གེ་ཨ་ཞིག་ཀྱང་མ་ཕྲིས་པར་ངོ་གནོངས་ནས་འཕྲིན་ཐུང་དེ་ཕྱི་ལ་མ་བཀྲམ། གང་ལྟར། དུས་དེ་ནས་བཟུང་ངས་ཁོང་ལ་དོ་སྣང་དང་གཙི་བཀུར་བྱས་པ་ཡིན།

རྗེས་སུ་ངས་ཁོང་ལ་རྗེས་འདེད་བཏང་ཏེ་སེང་རྡོར་དྲ་བ་ནས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་དང་། མི་སྒེར་འཕྲིན་སྟེགས”འུག་ཚང་རྩོམ་སྒྲིག”སོགས་སུ་ཉུལ་ནས་ཁོང་གི་བརྩམས་ཆོས་དག་ཆད་མེད་དུ་བཀླགས། བར་སྐབས་ཤིག་ལ་ཁོང་གི་སྐད་འཕྲིན་ཡང་སྦྲེལ་མྱོང་། འོན་ཏེ་དུས་ངེས་ཅན་ཞིག་ནས་བཟུང་ང་དང་གྲོགས་མགོན་པོ་སྐྱབས་སོགས་ཀྱིས་ཁོང་གི་གྲོགས་ཚོམས་མི་མཐོང་བར་བྱས་འདུག་པས། ཅི་ཡིན་ཧ་མ་གོ། སྐབས་དེར་ངས་ད་དུང་ཁོང་གི་མི་གཤིས་ལའང་དོགས་པ་ཞིག་ཟོས་ཐལ་མོད་དེ་ཙམ་སེམས་ལ་བཅངས་ནས་ཆེད་དམིགས་ཀྱིས་ཁོང་ལ་སྐད་ཆ་སྦོམ་པོ་གཅིག་ཀྱང་ཐལ་མ་མྱོང་། སྐབས་དེར་ཚོགས་པ་ཞིག་ཏུ་རྒན་ཁ་བ་ལྷ་མོ་ལགས་དང་ངེད་གཉིས་བར་རྩོད་པ་ཏོག་ཙམ་ཞིག་བུད་པ་དེར་རྐྱེན་བྱས་པ་མིན་འགྲོ། གང་ལྟར། དུས་དེ་ཤེད་ཅིག་ནས་ངས་ཁོང་ལ་བཟུང་བའི་ལྟ་ཚུལ་ལའང་འགྱུར་བ་འབྱུང་མགོ་ཚུགས། སྔོན་ཆད་ངས་ད་དུང་ཁོང་གི་འབོལ་རྩོམ་མམ་ཐོལ་རྩོམ་དེ་དག་མི་རིགས་རིང་ལུགས་ཐལ་མཐའ་བའི་ལས་ལ་གཞོལ་ཆེ་བར་དོགས་པ་ཟ་མྱོང་། ལྷག་པར་འཁྲབ་ཁྲིད་པ་རྒན”པད་ཚེའི་བཀག་བསྐྱིལ་དོན་རྐྱེན”ཐད་ལ་བྲིས་པའི་རྩོམ་ཡིག་དེ་བཀླགས་རྗེས་ང་ལ་དེའི་ཐད་ཀྱི་སྒྲུབ་བྱེད་ཀྱང་ཇེ་མང་དུ་གྱུར། དེ་བས་གང་དེའི་སྔ་གཞུག་གི་ཁོང་གི་དྲྭ་རྩོམ་གཅིག་ཀྱང་བཀླགས་འདོད་མ་བྱུང་ལ་བཀླགས་ཀྱང་མེད། ཡིན་ཀྱང་། ང་སྔར་བཞིན་ཁོང་གི་རྩོམ་རྩལ་དེར་དགའ་མོས་ཡོད། ད་དུང་རྒྱུན་པར་ཁོང་ནི་ལྷུག་རྩོམ་འབྲི་མཁན་མཆོག་ཅིག་ཏུ་བསྔགས་ཀྱིན་ཡོད། སྤྱིར་ནས་ཁོང་གི”འབོལ་རྩོམ”དག་ལ་དུངས་ཞེན་ཀྱི་ཤུགས་ཆེ་ཞིང་བརྟག་དཔྱད་ཀྱི་ཆ་ལྟོས་བཅོས་སུ་ཉུང་།

ངས་དུས་རྒྱུན་རྩོམ་རིག་གི་ཐད་ནས་ཁ་བརྡ་གློད་སའི་ཕ་ཡུལ་གཅིག་པའི་གྲོགས་པོ་ཞིག་གིས་སྔོན་ཆད་ང་ལ་འདི་ལྟའི་དྲི་བ་ཞིག་དྲིས་མྱོང་ཡོད། “ཁྱོད་ཀྱིས་བོད་ཀྱི་རྩོམ་པ་པོ་དག་གི་བརྩམས་ཆོས་ཀྱི་ཐོལ་བརྒལ་གླེང་ཞིང་མོས་གུས་བྱེད། འོ་ན་རང་ཡུལ་བོང་སྟག་གི་ལུང་བ་འདིའི་ནང་ན་ཁྱོད་ཀྱིས་མོས་གུས་བྱེད་རི་བའི་སྙུག་འཛིན་པ་ཞིག་མེད་དམ”ཟེར། དེར་ངས་དེ་ལོས་ཡོད། སྐྱ་བོ་སྙུག་འཛིན་པའི་སྡེ་ནས་རྒན་ཉྭ་ནག་བ་རེས་སོགས་ལའང་གུས་གཙི་ཡོད་མོད། དེ་བས་ཀྱང་ངས་དགའ་མོས་བྱེད་ས་ནི་རྩོམ་པ་པོ་ཅུང་རྒན་ཤོས་ལ་མོག་ཆུང་ཕུར་ཁོ་ལགས་དང་གཞོན་ཤོས་སུ་མི་ལ་ཙི་ཙི་ལགས་ཡོད་ཅེས་ལབ་པ་ཡིན། དེའང་སྔ་མས་སྙན་ངག་པ་ཞེས་པའི་མིང་སྐམ་དེ་བསྙེགས་མེད་པར་བརྩམས་སྒྲུང་དང་དཔྱད་རྩོམ་སོགས་བྲིས་ལ། ཨ་མདོའི་ཡུལ་གྱི་ཕ་སྐད་ལ་གཙིགས་ཆེན་དང་ཕྱི་ཡི་གཞུང་ལུགས་ལ་སློབ་སྦྱོང་སྒོས་ང་ཚོ་རྗེས་རབས་པ་ཚོར་བཞུད་ལམ་ཡངས་པོ་ཞིག་ཕྱེས་ཡོད། ཕྱི་མས་སྐད་ཆ་དང་བསམ་བློའི་རྣོ་དབལ་འབར་བའི་འབོལ་རྩོམ་མམ་ཐོལ་རྩོམ་མང་དུ་བྲིས་ཏེ་སྐྱིད་སྡུག་གཅིག་པའི་ཡུལ་མི་ཚོར་ལ་རྒྱ་དང་དྲང་བདེན་བརྩད་ཡོད།

འདིར་ངས་ཁོང་ལ་བཅངས་པའི་ལྟ་ཚུལ་མདོར་ཙམ་ཞིག་ཞུས་ཟིན། མདོར་ན་ངས་ནི་མཐའ་གཅིག་ཏུ་ཁོང་ལ་བཀུར་བ་ཡང་མིན་ཏེ། ལས་སམ་བྱ་བའི་ལེགས་ཉེས་ཀུན་ལ་རང་བློས་བརྟག་ཅིང་དཔྱད་དེ་བཀུར་བ་ཡིན། མི་སྣ་གྲགས་ཅན་ཡིན་ཟེར་བ་གཞན་དག་ལའང་དེ་བཞིན་ཏེ། མི་ཚེ་རིང་མོའི་འཕྲང་དུ་རང་གི་ལྟ་ཚུལ་མང་པོར་འགྱུར་བ་ཐེབས་ངེས་སོ།། ངས་དུས་རྒྱུན་རང་གི་ཉེ་འཁོར་གྱི་གྲོགས་པོ་ཚོར་གཞན་སུ་ལའང་རེ་བ་མ་འཛིན་ཞེས་ལབ་གིན་ཡོད། དེའི་དོན་གྱི་རྩ་བ་ཡང་གནས་ཚུལ་འདི་ལྟ་བུར་ཐུག་ཡོད།

གོང་དུ་བྲིས་པ་ནི་ངའི་སེམས་ཁོང་གི་མི་ལ་ཙི་ཙི་དངོས་དེ་ཡིན་ལ། རང་ཡུལ་གྱི་སྙུག་ཐོགས་པ་ཞིག་ལ་ཡུན་རིང་དོ་སྣང་བགྱིས་པའི་བརྟག་འབྲས་ཕྲན་བུ་ཞིག་ཀྱང་ཡིན་ཟེར་ཆོག ལྷག་པར། སྐབས་ཤིག་ལ་ངས་ཁོང་ཉིད”ཏང”ལས་སྒོར་འདོན་བྱས་པའི་གནས་ཚུལ་ཞིག་ཀྱང་ཐོས་བྱུང་སྟེ་དེ་ཉིད་བདེན་ན་ སེམས་གཏིང་ནས་རྟེན་འབྲེལ་ཞིག་ཀྱང་ཞུ་དགོས། དེ་ཡི་རྒྱུ་མཚན་ནི་ཤོད་མི་དགོས་སོ།།

(༢) མི་ལ་ཙི་ཙིའི་བུ་མོའི་གཉེན་སྟོན་འདིར་རྐྱེན་བྱས་ཏེ་སྤྱི་ཚོགས་སྟེང་ཁོང་ལ་ཁ་རྡུང་གཏོང་མཁན་དང་ལྟ་ཚུལ་འདོན་མཁན། སྐད་ཆ་སྣ་ཚོགས་ཤོད་མཁན་སོགས་མང་ཚོད་རེད། དེ་བས་ངས་འདིར་གླེང་བའི་གནད་དོན་ཞིག་སྟེ་གཉེན་སྟོན་དེ་ཁོང་དང་འབྲེལ་བ་ཡོད་མིན་དེ་ཡང་ང་ཚོས་ཤེས་གལ་ཆེ། རྒྱུ་མཚན་དེང་སང”གཉེན་སྒྲིག་རང་དབང”ཟེར་བ་ཞིག་ཀུན་གྱིས་ཁ་ལ་འཁྱེར་གྱིན་པས་སོ།།

གཉེན་སྟོན་འདི་རྩོམ་པ་པོ་ཁོང་ལ་ཐད་ཀར་འབྲེལ་བ་ཞིག་ཀྱང་མ་ཡིན་པར་བརྒྱུད་པའི་སྒོ་ནས་འབྲེལ་བ་ཞིག་ཡིན། དེ་ཡང་ཕ་བུའི་འབྲེལ་བ་ཡིན། ངས་འདང་མི་དཔོག་ས་ཞིག་ནི་མི་ལ་ཙི་ཙི་ལགས་ཀྱིས་ཁོ་རང་གི་བུ་མོའི་གཉེན་སྟོན་ལ་བཀག་འགོག་མ་བྱས་པ་དེ་རེད། ལྷག་པར་ཁོང་ཉིད་མི་རིགས་རིང་ལུགས་པ(འདིར་གཙོ་བོ་ཁོ་རང་གི་འབོལ་རྩོམ་དག་གཞིར་བཟུང་ནས་སྨྲས་པ་ཡིན)ཞིག་ཡིན་པའི་ངོས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་གང་ཞིག་ངོས་ལེན་བྱས་པ་དེ་རེད། ཁོང་གིས་གཞུང་ཞབས་པའི་གླ་ཕོགས་བློས་ཐོངས་ས་ཞིག་ནས་རྒྱལ་ཁབ་ཀྱི་གསབ་དངུལ་ཙམ་ལ་རེ་སྲིད་དམ། དེ་ནི་བློས་མི་དཔོག་པ་ཞིག་རེད། ཡང་ན་གཉེན་སྟོན་འདིའི་ཕག་ན་གཞན་སུས་ཀྱང་མི་རྟོགས་པའི་གསང་བ་ཞིག་ཡོད་དམ། དེ་ཡང་དོགས་པ་ཞིག་རེད། གཉེན་སྟོན་དེའི་སྟེང་གི་པར་དེར་བལྟས་ན་ཁོ་རང་བུ་མོ་དང་མག་པ་གཉིས་ཀྱི་གམ་དུ་འཛུམ་ཀྱིལ་ལེར་ལངས་འདུག་པས་གཞན་སུ་ལའང་ཤོད་དཀའ་བའི་གསང་བ་ཞིག་ཡོད་པ་མི་མཐོང་།

སྤྱིར་ཁོ་རང་བུ་མོའི་ཁྱིམ་མི་ཞིག་ཡིན་པའི་ངོས་ནས་མ་མཐའ་ཡང་གཉེན་སྟོན་དེར་མི་འཐད་པའི་རྣམ་འགྱུར་འཛིན་ཆོག་གི་ཡོད། རང་དང་བུ་མོའི་བར་གྱི་འགལ་བ་ཙམ་ལ་དོགས་ནས་ཤེས་ཡོན་པའི་ལངས་ཕྱོགས་ལ་རྒྱབ་གཏོད་བྱས་ན་དེ་ནི་གཏན་ཚུགས་མེད་པའི་མི་ཅོལ་ཆུང་ཚོའི་ལས་སྲོལ་རེད། ཁོའི་སྔོན་ཆད་ཀྱི་རྩོམ་ཡིག་མང་པོའི་ནང་དུ་ཕྱི་གླིང་གི་སྐྱེས་ཆེན་ཚོའི་མཛད་པར་བསྔགས་ཡོད། ད་ཡིན་ན་ཁོས་སྐྱེས་ཆེན་དེ་དག་གི་མིང་གཡར་ནས་འཁྲབ་སྟོན་ཙམ་བྱས་པ་དང་མི་འདྲ་འམ། ལྷག་པར། ཁོས་སྔོན་ཆད་བྲིས་པའི་ཡི་གེ་དག་ལས་བརྒྱ་ཆའི་དྲུག་ཅུ་བདུན་ཅུ་ཞིག་སྐྱག་དོང་དུ་དེད་པ་དང་མི་འདྲའམ།

བར་འདིར་ངས་གྲོགས་འབྲུག་བྱམས་ཐར་གྱིས་ཁོའི་བུ་མོའི་གཉེན་སྟོན་ཐད་ལབ་པའི་སྐད་ཆ་ཞིག་འཇུག་འདོད། དེའང་རྩོམ་འདི་བློས་བསླངས་བྱས་པའི་ཕྱི་ཉིན་ང་རང་རྫོང་ཐོག་ལ་སོང་སྟེ”པདྨ་མ་འདབ་བརྒྱད”ཅེས་པའི་ཟ་ཁང་ནང་གྲོགས་དང་ལྷན་དུ་གཉེན་སྟོན་དེའི་ཐད་ཁ་བརྡ་བྱས། དེར་གྲོགས་ལགས་ཀྱིས་བཤད་རྒྱུར། “དོན་དེ་ཐོས་མ་ཐག་ཏུ་ངས་དང་ལེན་བྱེད་དཀའ་བྱུང་། རྒྱུ་མཚན་བློ་ཡུལ་ལས་འདས་པ་ཞིག་རེད། ངས་ད་དུང་ཁོང་ཉིད་དཀའ་ཁག་ཅིག་ལ་འཕྲད་ནས་ཅི་བྱ་གཏོལ་མེད་དུ་གྱུར་བ་ཡིན་ནམ་ཡང་སྙམ་མྱོང་། དཔེར་ན་ཁོའི་བུ་མོའི་འདོད་ཐོག་ལ་མ་བཞག་ན་མོ་སྐྱེབས་རྩིས་བྱེད་པ་ལྟ་བུའོ”ཟེར། གྲོགས་པོས་དེ་མ་ཉིད་དུ་རྔམས་པ་ཞིག་འཐེན་རྗེས་སླར་ཡང”ཁོའི་བུ་མོ་གཉི་ག་རྒྱ་དབྱིན་ཡིག་ལ་འགྲོ་བ་ངས་སྔར་ནས་ཤེས་ཡོད། དེ་བས་ངས་ཁོ་མོ་གཉི་གའི་བོད་སྐད་ཡིག་རིག་གནས་ཀྱི་རྨང་གཞི་ཡང་ལེགས་པར་འདོད་ཡོད། མ་བསམ་ས་ནས་དོན་དག་འདི་ལྟ་བུ་ཞིག་བྱུང་སོང་། འདི་ནི་རྒན་ལགས་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་ཁོ་ཚང་གི་ཁྱིམ་ཚང་སློབ་གསོའི་ཕམ་ཁ་རེད”ཟེར། དེ་ཡང་གྲོགས་ཀྱིས་ལབ་པ་ནང་བཞིན་རེད། རང་རེའི་མི་ཆེན་དག་དང་བླ་དཔོན་གཙིག་ཏུ་བཀུར་ཀྱིན་པ་དག་གི་སྲས་སྲོས་རྣམ་པ་འདི་ལྟར་མི་རིགས་ཀྱི་ཞབས་འདྲེན་དུ་གྱུར་དང་འགྱུར་གྱིན་ཡོད། རང་ཉིད་ཆེན་པོར་རློམ་པའི་ཁོ་བ་ཅག་གི་ཁ་བཤད་དང་ལག་ལེན་འགལ་བས་ན་ང་ཚོ་ན་གཞོན་པའི་མིག་དཔེ་རུ་མི་འོས། ང་ཚོས་སྔར་བཞིན་རང་ཉིད་འབའ་ཞིག་ལ་རེ་བ་འཛིན་ཏུ་རིགས་སོ།། གནས་ལུགས་ལྟར་བྱས་ན། ཁོ་ཚང་གི་བུ་མོས་རྒྱ་རིགས་ཙམ་མ་ཟད་ཁྱི་དང་ཞི་ལར་གཉེན་བསྒྲིག་ན་ཡང་ང་ལ་སྡུག་རྒྱུ་ཅི་ཡང་མེད་དོ།།

གོང་དུ་ཁོང་གི་བུ་མོའི་གཉེན་སྟོན་དང་འབྲེལ་བའི་ཁོང་གི་འགན་འཁྲིའི་སྐོར་ཡང་ཅུང་ཟད་བརྗོད་ཟིན། ད་ནི་ཁོའི་བུ་མོ་དེ་གླེང་བར་བྱ། དེའང་ཕྱོགས་གཉིས་ཏེ་སྤྱིར་བཏང་ཡོངས་ཁྱབ་རིན་ཐང་དང་དམིགས་བསལ་མི་སྒེར་གྱི་གོ་རྟོགས་སོ།།

ཡོངས་ཁྱབ་རིན་ཐང་དང་རྒྱལ་ཁབ་འདི་གའི་རྩ་ཁྲིམས་ཀྱི་ངོས་ནས་རིགས་རྒྱུད་དང་ཤ་མདོག ཆོས་ལུགས་གྲུབ་མཐའ་སོགས་གང་ལ་ཡང་ལྟོས་པ་མེད་པར་གཉེན་སྒྲིག་རང་དབང་ཡིན་ལ། ལྷག་པར་ཕ་མ་གཉིས་དང་མི་བདག་མི་རྩའི་ཁ་དབང་ལའང་མ་བསྟུན་ན་ཆོག་པ་རེད། དེ་བས་ང་ཚོ་སུས་ཀྱང་ཁོང་གི་བུ་མོའི་གདམས་ཀ་དེ་མི་ལེགས་ཞེས་བསྙད་དུ་མི་རུང་། མི་འགྲིག་ཅེས་ཤོད་ཀྱང་མི་ཆོག ད་དུང་ང་ཚོས་ཁོའི་བུ་མོ་ནི་རང་གི་ཁེ་དབང་རྩོད་ལེན་ཤེས་པའི་བུ་མོ་ངར་བ་ཞིག་ལ་ངོས་འཛིན་དགོས། འོན་ཏེ་མི་བུ་སྒེར་གྱི་གོ་རྟོགས་ལ་གཞིག་ནས་ལབ་ཡོང་དུས་ཁོའི་བུ་མོ་དེ་དངོས་གནས་དེ་འདྲ་ཞིག་རེད་དམ་ཅེ་ན། ངའི་སྐད་ཆ་ནི་བཤད་ཁག་པོ་འདུག་ཅེས་པའོ།། རྒྱུ་མཚན་ལོ་འདི་གར་རྒྱ་གཞུང་གིས”མི་རིགས་ཆིག་སྒྲིལ”གྱི་སྲིད་ཇུས་ཤིག་སྤེལ་གྱིན་ཡོད་པས་ཁོ་མོས་གང་དེ་དང་ལེན་བྱས་པར་མ་ཟད། ཧི་མ་ལ་ཡའི་ཤེས་རིག་གི་རྒྱུན་གཅོད་པའི་ཉེས་ཅན་གྱི་ལས་སུའང་ཞུགས་པ་རེད། མ་མཐའ་ཡང་ཕྱི་ཚུལ་ནས་དེ་འདྲ་རེད། དེ་ཡིན་ན་མོས་རང་ལུས་ཀྱི་ཁེ་དབང་གང་ཞིག་བློས་བཏང་བ་སྟེ། རང་དབང་རིང་ལུགས་པའི་ངོས་ནས་དེ་སོགས་ཅི་ཡང་རུང་ནའང་མི་རིགས་རང་ལུགས་པའི་ངོས་ནས་ལོ་རྒྱུས་ཀྱི་ཉེས་ཅན་དུ་གྱུར་བ་རེད། ཁོ་མོ་དང་ཁོ་མོ་ལྟ་བུའི་ན་གཞོན་ཕོ་མོ་དེ་དག་ཚང་མ་ལོ་རྒྱུས་སྟེང་གི་ཉེས་ཅན་དུ་གྱུར་ཚར་བ་རེད།

སྐབས་འདིར། ངས་མི་རིགས་རིང་ལུགས་ཀྱི་ལས་ལ་བློ་གཉིས་མེད་ཀྱིས་ཞུགས་ཀྱིན་པའི་དགེ་རྒན་ཞིག་གིས་བདག་ལ་ལབ་པའི་སྐད་ཆ་ཞིག་དྲངས་འདོད། དེ་ཡང་ངས་རྒྱ་ནང་དུ་མཐོ་འབྲིང་འདོན་སྐབས་སུ་དགེ་རྒན་ཁོང་ལ་ཀུ་རེའི་ཚུལ་དུ། མ་འོངས་པར་ངས་རྒྱ་མོ་ཞིག་གམ་ཡང་ན་མི་རིགས་གཞན་གྱི་བུ་མོ་ཞིག་ཆུང་མར་ལེན་དགོས་ཀྱང་སྲིད། ཁོ་མོ་བོད་ཀྱི་ཤེས་རིག་ལ་གུས་གཙི་ཡོད་པའི་ཐོག་ཕན་ཚུན་བར་བརྩེ་དུང་ཆགས་ཚར་དུས་ཁ་འབྲལ་རྒྱུ་ཡང་དཀའ་མོ་ཡིན་ནི་རེད་ཅེས་ལབ་པར། ཁོང་གིས”དེ་ཅི་ལ་མི་ཆོག ཁྱོད་དང་བུ་མོ་དེ་གཉིས་ཀྱི་བར་དུ་བརྩེ་དུང་མངའ་བ་རེད། དེ་ནི་མི་རིགས་དང་འབྲེལ་བ་ཡོད་པ་མ་རེད། འོན་ཏེ་ཁྱོད་ཀྱི་བྱིས་པ་ལ་ངེས་པར་བོད་ཡིག་དང་བོད་སྐད་བསླབ་དགོས། དེ་ལྟར་མ་ནུས་ན་ཁྱོད་ཀྱི་རུས་པའི་གསེང་ན་རྐང་མེད་སོང་ནི་རེད”ཅེས་གསུངས་སོང་། ངས་ད་ལྟའི་བར་དུ་རྒན་ལགས་ཀྱི་ལེགས་བཤད་འདི་སེམས་ལ་ཉེ་བར་བཞག་ཡོད། དེ་རིང་ངས་འདི་རྩོམ་པ་པོ་མི་ལ་ཙི་ཙིའི་བུ་མོ་དང་ཁོའི་བུ་མོ་ལྟ་བུའི་མི་རིགས་གཞན་ལ་གཉེན་སྒྲིག་གིན་པའི་ན་གཞོན་ཚོར་འབུལ་བ་ཡིན།

(༣) མི་ལ་ཙི་ཙི་དང་ཁ་བ་ལྷ་མོ་མིང་སྲིང་གཉི་གས་བུ་མོ་དེའི་གཉེན་སྟོན་ལ་མི་འཐད་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པ་ནི་ང་ལ་མཚོན་ན་ཤིན་ཏུ་དཔོག་དཀའ་བ་ཞིག་སྟེ། དེ་གོང་དུ་སྨྲས་པ་བཞིན་ནོ།། ལྷག་པར་ཉིན་དེ་གར་ཁོང་གཉིས་དྲ་ལམ་སོགས་ན་གྲགས་འགུལ་མེད་པ་དེའང་ཤིན་ཏུ་མཚར། ཅི་རེད། མི་ཆེན་གྱི་ཚུགས་ཀར་ལད་ཟློས་ཀྱིས་སྒམ་ཚུགས་སྟོན་འདོད་པ་རེད་དམ། དེ་ལྟར་སོང་ཙང་བོད་རིགས་ཀྱི་ལས་དོན་རྐྱང་བ་གླེང་བའི་ཁོང་གཉིས་ཀྱི་བརྩམས་ཆོས་དེ་གས་ཅི་ཞིག་བྱེད།(འདིར་ཁོང་གཉིས་ཀྱི་བརྩམས་ཆོས་གཞན་དག་གླེང་གི་མེད།) སོ་སོའི་བུ་སློབ་དག་ལ་སློབ་གསོ་ཅི་ལྟར་གཏོང་། ང་ཚོས་ཡོད་ཚད་རང་ཉིད་ནས་མགོ་རྩོམ་དགོས་ཟེར་བ་མིན་ནམ། རང་སའི་རྩོམ་འབྲི་བ་དང་སྙུག་ཐོགས་པ་ཚོ་ནི་སྤྱི་ཚོགས་གང་དེའི་སྣེ་འཁྲིད་མཁན་དུ་བཀུར་གྱིན་པ་མིན་ནམ། ཁོང་གཉི་གས་ཀུན་ལ་མིག་དཔེ་འདི་ལྟར་སྟོན་པ་ཡིན་ནམ། དེས་ན་སོ་སོའི་སྐད་འཕྲིན་དུ་རིགས་ལ་ཤ་ཚ་མདོག་དང་བུ་ཚ་བོད་རྣལ་མ་ཡིན་མདོག་སྨྲ་བ་དེ་སོགས་ཨ་ཙ་རེ།

དེ་སྔོན་ཡང་ངའི་གྲོགས་པོ་ཞིག་གིས”ཁོང་ཚང་ལ་ཁྱིམ་ཚང་སློབ་གསོ་ཡག་པོ་ཡོད་ཚོད་འདུག ལྷག་པར་ཁྱིམ་རྒྱུད་ངར་བ་ཞིག་ཡིན་ཤག་རེད”ཅེས་དཔག་པའང་ཡིད་རྟོན་འཕེར་བ་ཞིག་མིན་པ་འདྲ།

ཁོང་གཉིས་ཡི་གེ་བ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་འཕེལ་ཕྱོགས་མིག་གིས་མཐོང་མེད་པ་ཨེ་ཡིན་ནམ། ཡང་ན་རྣ་རྒྱབ་ལྷགས་པའི་ཚུལ་གྱིས་ཡོད་ཚད་ལ་དོ་སྣང་མ་བྱས་པ་ཨེ་ཡིན་ནམ། དབྱིན་ཇི་ཡོབ་གླིང་མནའ་འབྲེལ་ལས་གྱེས་པ་དང་། ཨ་རིའི་སྲིད་འཛིན་གསར་བའི་གཏམ་སྤྱོད་གང་ལ་བརྟག་ཀྱང་དཔལ་ཡོན་གྱི་ཁ་ཕྱོགས་ཤིག་མཐོང་གི་མི་འདུག་གམ། དེ་ཡིན་ན་ཁོང་རྣམ་གཉིས་དང་ཁོང་རྣམ་གཉིས་ལྟ་བུའི་བོད་ཀྱི་རྩོམ་པ་པོ་དག་གིས་རྒྱའི་མི་རིགས་ཆེན་པོའི་རིང་ལུགས་ལ་བསྟུན་ཅི་ཐུབ་བྱེད་པ་འདི་མཚར་བོ་རེད། ད་དུང་ནུབ་ཕྱོགས་པས་ལག་རྩལ་སྤྱད་ནས་འཛམ་གླིང་ཧྲིལ་བོར་ཁོ་པ་ཚོའི་འཇིག་རྟེན་ལྟ་བ་ཡང་ཡང་སྤེལ་ནའང་མཐར་ཐུག་ཕམ་པར་གྱུར་ལ། ཡོབ་གླིང་གི་གྱོན་གོས་ཇུས་འགོད་པས་ཀྱང་རྟག་པར་གླིང་ལྔའི”རྗེེས་ལུས”ས་ཁུལ་ཀྱི་གནའ་བོའི་སྒྱུ་རྩལ་ཁྲོད་གསར་གཏོད་ཀྱི་རྟོག་པ་ཞིག་འཚོལ་གྱིན་པ་སོགས་བཱང་ཧྲིན་ཀྲི་ཡི་རྩོམ་ན་སྒྲུབ་བྱེད་དང་བཅས་པ་འདུག དེའང་ཧ་གོ་བའི་མི་ལ་བརྡ་ཡི་ཚུལ་དུ་མི་འགྲོའམ། ང་རང་དངོས་གནས་ཚུལ་འཆོས་ལ་གོམས་པའི་འུ་ཅག་བོད་ཀྱི་ཡི་གེ་བའི་སྡེ་ལ་སྐྱུགས་མེར་ཅིག་ལངས་ཡོང་། ཁོ་ཚོའང་སྐུ་ཞབས་ཞོགས་དུང་གིས་གསུངས་པ་ནང་བཞིན་བག་ཆགས་གང་རུང་གི་འདམ་མྱགས་ནང་ལ་བྱིངས་ནས་ཡོད། ན་ནིང་ཞིག་ལ་དྲ་ཐོག་ཏུ་རྒྱུགས་ཆེ་བའི་སྐུ་ཞབས་མེ་ལྕེའི་རྩོམ་ཡིག་ཅིག་སྟེ《ཨ་མ་ནང་སྐོར་ཇེ་མང་ཇེ་ཆེ་རེད》ཟེར་བ་ཞིག་ཡོད། དེ་དུས་ངས་ཕ་ཡུལ་ནའང་ཨ་མ་ནང་སྐོར་མང་བར་སྨྲ་མྱོང་། ད་ནི་བདེན་དཔང་རི་འདྲ་བ་ཞིག་ང་ཚོའི་མདུན་དུ་བརྩེངས་ཡོད་པ་འདི་མིན་ནམ།

སྤྱིར་ན་མི་ལ་ཙི་ཙི་ཁོང་གིས་ལབ་པ་བཞིན་ཁོང་མིང་སྲིང་གཉི་ག”རི་བོ་ཐེམ་ཆེན་གྱི་ན་ཟུག་ཚོར”མཁན་དང”ཆུ་བོ་པུ་ཤའི་ངུ་འཁུན་ཐོས”(ཁོང་གི་རྩོམ་ཡིག་ཅིག་གི་གླེང་སློང་དུ་བྲིས་ཡོད།)མཁན་སྔ་མའི་གྲས་ཡིན་ན་འགྲིག་མོད། ད་ཐེངས་ཁོ་ཚང་གི་བུ་མོའི་གཉེན་སྟོན་དེས་ང་དང་ང་ལྟ་བུའི་ཕ་ཡུལ་གྱི་ན་གཞོན་སྐོར་ཅིག་ལ་ན་ཟུག་གཞན་ཞིག་བསླངས་སོང་། ཁོང་གཉི་གས་་སྐབས་འདིའི་ངེད་ཅག་གི་འུ་འཁུན་ཐོས་ཀྱི་ཡོད་དམ། ན་ཟུག་ཚོར་གྱིན་ཡོད་དམ།

གཞན་ཡང་ཁོང་གིས་ཕུར་བུ་སྐྱབས་ཟེར་བའི་རྒྱ་གཞས་གཏོང་མཁན་དེས་རྒྱ་མོ་ཞིག་གཉའ་རུ་ཁུར་བ་མཐོང་མ་ཐག་ཧ་ཅང་གནས་ལུགས་ཡོད་མདོག་གིས《ལྟུག་པུ་ཀ་ཀ་དང་ཁིས་ཁིས་གཉའ་སྒོང》ཞེས་པའི་རྩོམ་ཞིག་བྲིས་ཏེ། དགག་པ་སྤྲོས་ཡོད་པ་མིན་ནམ། དེས་ན་ཁོང་གི་བུ་མོས་རྒྱ་རྒན་ཞིག”ཁིས་ཁིས་གཉའ་སྒོང”བྱེད་པ་འདིར་ཁ་རོག་གེར་སྡོད་རྒྱུ་ཡིན་ནམ། རྩོམ་དེར་ད་དུང་ཁོང་གིས་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ”ཁིས་ཁིས་གཉའ་སྒོང”བྱས་ཡོད་མེད་ལ་དོགས་པ་ཟོས་ཚུལ་ཞིག་བྲིས་ཡོད་ཁ་ཡིན། ད་ནི་ཡོད་ཚད་གསལ་བར་བྱས་འདུག་སྟེ། ཁོང་གིས་སྨྲས་པའི”དམག་དཔོན་མིག་གསུམ་མའི”(ཁོང་གི་རྩོམ་ཡིག་གཞན་ཞིག་ཏུ་གསལ)རྒྱུད་པ་རྒྱ་མི་ཚོར”ཁིས་ཁིས་གཉའ་སྒོང”བྱེད་མཁན་ནི་ སྲོང་བཙན་སྒམ་པོ་ལགས་ལྟ་བུའི་མེས་པོ་སྒལ་རུས་སྲ་མོ་ཅན་དག་མིན་པར། “བུ་ཡག”གེ་སར་རྒྱལ་བོའི་རྒྱུད་པ་རུ་རློམ་པའི་ཁོང་གི་བུ་མོ་དང་ཁོང་གི་བུ་མོ་ལྟ་བུའི་བུ་རབས་ཚ་རྒྱུད་དག་རེད།

(༤) ཁོང་གི་བུ་མོས་བོད་ཀྱི་གསར་བུ་སྟག་འདྲ་གཟིག་འདྲ་ཚོ་བསྐྱུར་ནས་རྒྱ་མི་ཞིག་གི་མཚན་མ་ལྡག་པ་འདི་གཅིག་བྱས་ན་ཡག་དང་རྒྱུ། དབང་ཐང་། བདེ་སྐྱིད་སོགས་བསམ་པ་ཡིན་སྲིད་ལ།དེ་མིན་ངས་གོང་དུ་ལབ་པ་བཞིན་སུས་ཀྱང་མི་རྟོགས་པའི་གསང་བ་ཞིག་གམ་སྡུག་ཅིག་ཡོད་པར་ཡང་སྲིད།(ཕྱི་མ་འདི་ཕལ་ཆེར་སྲིད་རྒྱུ་མ་རེད།) གཅིག་བྱས་ན་ཕྱི་གླིང་གི་གཏམ་དཔེ་སྟེ”པུས་མོ་བཙུགས་ཏེ་གསོན་པ་ལས་དྲང་བོར་ལངས་ནས་ཤི་ན་དགའ”ཟེར་བ་འདི་ཁོང་ཕ་བུ་གཉི་གས་གོ་མ་མྱོང་བ་ག་ལ་སྲིད།

དེའང་ངའི་གྲོགས་པོ་དག་གིས་གནས་ཚུལ་འདི་ང་ལ་ཤོད་དུས”དོན་དག་ཅིག”ཅེས་པའི་ཚིག་ཟུར་ཅིག་ཐོན་བྱུང་། ཡིན་ན་ཡང་། ང་ཚོས་བློ་རྣལ་མོའི་ངང་ནས་བསམ་བློ་རེ་བཏང་ན་འདི་ནི་དོན་དག་ཅིག་མིན་པར”དོན་རྐྱེན”ཞིག་རེད། སྤྱིར་བཏང་ཕ་ཡུལ་གྱི་འབྲོག་པའི་བུ་ཕྲུག་ཅིག་གིས་མི་རིགས་གཞན་ལ་གཉེན་སྡེབ་ཚེ་ང་ཚོས་སྣང་མེད་དུ་བཞག་འཇོག ལས་བྱེད་པའི་བུ་ཕྲུག་ཅིག་གིས་མི་རིགས་གཞན་ལ་གཉེན་སྡེབ་ཚེ་ཡང་ང་ཚོས་སྣང་མེད་དུ་བསྐྱུར་འཇོག རྒྱུ་མཚན་སྔ་མའི་ཁྱིམ་བདག་གི་མིག་རྒྱང་ཐུང་བར་བཤད་ལ། ཕྱི་མའི་ཁྱིམ་བདག་གིས་གོ་རྟོགས་དམན་པར་ལྟ། འོན་ཀྱང་། བོད་མི་རིགས་ཀྱི་སྐྱིད་སྡུག་ཐད་སྐད་ཆ་སྨྲ་མཁན་ཞིག་དང་རང་གི་ཁ་ཕོར་འདོར་མྱོང་མཁན་གྱི་རྩོམ་པ་པོ་ཞིག་གི་བུ་མོ་དང་། བོད་མོ་སྙན་ངག་པ་ཞིག་དང་བོད་ཀྱི་བྱིས་པ་དག་གི་རྒྱུད་ལ་སྐད་ཡིག་གི་ས་བོན་འདེབས་མཁན་གྱི་དགེ་རྒན་ཞིག་གི་ཚ་མོས་འདི་ལྟར་མི་རིགས་གཞན་ལ་གཉེན་སྡེབ་ན། དེ་ནི་སྤྱི་བའི་གླེང་བརྗོད་ལས་གཡོལ་ཐུབ་པ་ཞིག་མིན། ལྷག་པར་མི་སྣ་དེ་ལྟ་བུ་གཉིས་ཀྱི་ནང་མི་ཞིག་གི་ངོས་ནས་ཀུ་ཡངས་སུ་གློད་ན་ཡང་མི་འགྲིག སྤྱིར་ནས་སྦྲིད་སྨན་འཐུང་བ་འདྲ་བའི་འུ་ཅག་གི་སྤྱི་ཚོགས་འདིར་དོན་དག་ཅི་ཡང་བཏང་སྙོམས་སུ་འཇོག་པའི་ནད་ཅིག་མངའ་བས། ད་ཐེངས་ཀྱི”དོན་རྐྱེན”འདི་ཡང་བཏང་སྙོམས་སུ་ལུས་ཉེན་ཆེ། དེ་བས་ངས་རྩོམ་འདི་བྲིས་ཏེ་བརྡ་ཞིག་སྦྲན་པ་ཡིན།

ཡང་མི་ལ་ལས་ངས་ཆེད་དམིགས་ཀྱིས་གླེང་ཕྱོགས་བཟོ་བ་དང་ཕུང་དཀྲུགས་པར་སྨྲ་ནའང་ཐང་མོད། ཁོ་བ་ཅག་གི་རྣ་གཉིས་འོན་མེད་ཀྱང་མིག་གཉིས་ལོང་མེད་ན་གཞན་གྱིས་ཅི་ཟེར་ལ་ཉོན་དང་ལྟད་མོ་ཡོད། ངས་ནི་ཀུན་གྱིས་མཉམ་འུར་བྱེད་ཀྱིན་པའི་དོན་ཞིག་གི་སྟེང་ལ་རང་གི་ལྟ་ཚུལ་བསྣན་ཏེ་ཡིག་འབྲུ་འགའ་བྲིས་པ་ཙམ་ལས་ཁ་ཞེ་གཉིས་འགལ་གྱི་ལས་ཀ་ཅི་ཡང་བསྒྲུབས་མེད། མ་ཟད། དོན་འདིའི་ཐད་ལ་ངའི་ཕ་ཡུལ་གྱི་ཡི་གེ་བའི་སྡེ་ཉིད་དལ་ཅག་གེར་སྡོད་ཅིང་ངའི་གྲོགས་པོ་ཚོའི་གྲས་སུའང་ལ་ལས་ཕྱོགས་ཞེན་ངང་སྨྲ་བཅད་ངག་སྡོམ་གྱི་ཚུལ་འཛིན་པ་དང་། ལ་ལས་བཤད་འདོད་ཀྱང་ཤོད་པའི་ལྕེ་མེད་ཚུལ་སྨྲ་བ་འདུག ལ་ལས་ད་དུང་དོགས་ཟོན་ནམ་སྐྲག་སྣང་གི་རྣམ་འགྱུར་ཞིག་ཀྱང་སྟོན་གྱིན་འདུག་སྟེ་གཅིག་བྱས་ན་ང་ཚོ་ལམ་གཅིག་གི་འགྲུལ་བ་མིན་ཀྱང་སྲིད། བརྗོད་གཞི་དང་མ་འབྲེལ་བའི་མང་པོ་ཞིག་ལབ་ན་ཉོབ་པའི་རྒྱུ་ཡིན་པས་ད་ནི་སྐྱུར་ཞོག

མདོར་ན་ང་ཚོས་གཉེན་སྟོན་འདི་ལ”དོན་རྐྱེན”གྱི་མིག་གིས་ལྟ་འོས། དེ་ནི་རྗེས་རབས་པ་དག་ལ་ལམ་མ་ནོར་བ་ཞིག་སྟོན་པའི་ཆེད་དུ་ཡིན་ཏེ། ཡུལ་ལུང་འདི་དང་ས་ཁུལ་འདི། ཡང་ན་མི་རིགས་འདིའི་རིགས་རྒྱུད་དང་ཤེས་རིག་གི་རྒྱུན་མི་ཆད་པའི་ཆེད་དུའང་ཡིན། ང་ཚོའི་སྟེང་ལ་མངོན་དང་མི་མངོན་པའི་ཚུལ་གྱིས་ཡོང་གིན་པའི་ཉེན་ཁ་འདི་དག་ལྡོག་པའི་ཆེད་ཀྱང་ཡིན། ད་ཐེངས་ཀྱི་མི་ལ་ཙི་ཙིའི་བུ་མོའི་གཉེན་སྟོན་འདི་དཔེ་རུ་དྲངས་ནས་ང་ཚོས་མི་རིགས་གཞན་འགྱུར་དང་རིག་གནས་གཞན་འགྱུར། གོམས་སྲོལ་གཞན་འགྱུར་སོགས་ལ་དགག་པ་ཚ་ནན་གཏོང་ཆོག འདི་ནི་ད་གཟོད་ཁོ་ཚང་གི་དོན་དག་དེ”དོན་རྐྱེན”ཞིག་ཏུ་ངོས་འཛིན་དགོས་པའི་དམིགས་ཡུལ་དང་དགོས་པ་ཡིན།

སྤྱིར་ངས་དོན་དག་འདིའི་ཐད་ལ་ཅི་ཡང་ཤོད་རྩིས་མེད། དེ་ནི་ང་རང་དོན་འདི་ལྟ་བུར་འཐད་མོས་ཡོད་པས་མིན་པར་ངའི་སྐད་ཆར་གསན་མཁན་མེད་པར་སྐྲག་པས་ཡིན། ད་དུང་ཁོ་ཚོས་ང་ལ་མཐོང་ཆུང་དང་སྣང་མེད་བྱེད་ངེས་པ་རྟོགས་པས་ཡིན། དེ་བཞིན་ན་ནིང་དོ་ཚིགས་དོན་འདིའི་རིགས་མང་དུ་འབྱུང་གིན་པས་ན་ང་ཚོའི་ལག་གི་སྙུ་གུ་ཙམ་གྱིས་གནས་བབས་འདི་ཚོར་མཐའ་གཅིག་ཏུ་འགྱུར་བ་གཏང་མི་ཐུབ་པས་ཡིན། རང་གི་རྣམ་དཔྱོད་དང་དུས་ཚོད་སོགས་དོན་འདི་ཙམ་གྱི་ཆེད་དུ་འཕྲོ་བརླག་བཟོ་མི་འདོད་པས་ཀྱང་ཡིན། འོན་ཏེ། རང་མཉམ་ན་གཞོན་ཚོ་ལ་འདིའི་ཐད་ནས་གོ་བརྡ་ཞིག་སྤྲོད་འོས་པར་འདོད་ནས་རྩོམ་ཡིག་འདི་རྫོགས་པར་བྲིས། འདི་ནི་ངས་རྩོམ་ཡིག་འདི་བྲིས་པའི་དམིགས་ཡུལ་དང་དགོས་པ་ཡིན།

རྩོམ་འདི་བྲེལ་སྟབས་ཀྱིས་བྲིས་པས་ཞིབ་ཆ་མ་ཐོན་ས་ཤིན་ཏུ་མང་ལ། མདོར་ན་ཁ་ཕྱོགས་ཙམ་ལས་སྟོན་ཐུབ་མེད་སའང་ཡོད། དེ་དག་ངས་ཁས་ལེན་གྱིན་ཡོད། གཞན་ཡང་ད་དུང་མ་ཕྲིས་པ་དང་ཤུལ་དུ་ལྷག་པའི་གནད་དོན་ཁག་ཅིག་ཀྱང་ཡོད་དེ། དེ་དག་ རྩོམ་ཡིག་གཞན་ཞིག་བརྒྱུད་ནས་ཡུན་གྱིས་བསྐང་ཨེ་ཐུབ་ལྟ། མཇུག་ཏུ་སླར་ཡང་བརྣན་པའི་ཚུལ་གྱིས་ལབ་ན། ངས་རྩོམ་འདི་འབྲི་དོན་ནི་རང་དང་ལོ་ན་མཉམ་པའི་ན་གཞོན་དག་ལོག་ལམ་དུ་མི་འགྲོ་བའི་ཆེད་དང་། རྒྱལ་ཁབ་འདི་གའི་རྩ་ཁྲིམས་ངོས་ཀྱི”གཉེན་སྒྲིག་རང་དབང”དང་་མི་སྒེར་གྱི་གོ་རྟོགས་གཉི་གའི་བར་ན་བར་ཐག་ངེས་ཅན་ཞིག་ཡོད་པ་སྟེ། དེ་ཉིད་མཐོང་དགོས་པའི་བརྡ་རུ་སྦྲན་པ་ཡིན། ཚེ་ཡི་ཞགས་པས་རིང་དུ་མ་ཁྲིད་ན་འདིའི་ཐད་ཀྱི་རྩོམ་ཡིག་ད་དུང་མང་དུ་བྲི་ངེས། གཉིས་སུ་རྒན་མི་ལ་ཙི་ཙི་ལགས་ལ་རེ་ལྟོས་དང་ཡི་རང་ཙམ་བྱས་མྱོང་བའི་མཚོན་བྱེད་དུའང་ཡིན་ཏེ། མི་གཞན་ཞིག་ཡིན་ན་ངས་འདི་ལྟར་རང་གི་དུས་ཚོད་འཕྲོ་བརླག་བཟོ་མི་སྲིད་ན་ཡང་ཐང་། ཁ་དཔེར་ཡང་དྲན་ས་དེ་རྒྱུན་པར་གླེང་དགོས། ན་ས་དེར་རྒྱུན་པར་རེག་དགོས་ཟེར་བ་མིན་ནམ།

_ ཞེས་གོ་ཉལ་སྲི་ཐར་ཚེ་རིང་ངམ་ཐང་བུ་རུ་འབོད་པས2017/2/22ཉིན་ཕ་ཡུལ་ཅོང་ཆུའི་རང་ཤག་ཏུ་རྫོགས་པར་བྲིས་སོ།།