དེང་སྐབས་ལོ་སར་བསླེབ་ལ་ཉེ་བའི་རྐྱེན་གྱིས་ཉིན་འགར་གནང་བ་ཡིན་ལ། དེ་རིང་ཞོགས་པར་ཕྱི་རོལ་དུ་ནངས་ཇ་འཐུང་དུ་འགྲོ་ཞོར་ལ་གཏམ་རྒྱུད་གསེར་ཐང་ཡང་སྐྱར་ཞིབ་ཀྱིས་ཀློག་འདོད་དེ་མཆན་ཁུང་དུ་བཅུག་སྟེ་སློབ་གྲྭའི་ཟ་ཁང་དུ་སོང་། ཞོགས་ཇ་འཚམས་ལ་རན་པ་ཞིག་ཟོས་ཏེ་དབུ་ནས་བཀླགས་མགོ་བརྩམས།

རིམ་གྱིས་ས་སྐྱ་དང་ངོར་དགོན་སོགས་སུ་རྒྱ་དཔེ་ཅི་རྙེད་ཀྱི་མིང་ཐོ་བཀོད་པ་དག་གི་སྔགས་ཡིག་་ཡིད་དུ་མི་འོང་བ་རྐྱང་དུ་འདུག་ལ། ཐང་ཡིག་ཏུ་བྲིས་པ་དག་ནི་ཕལ་མོ་ཆེ་ནོར་བར་བྲིས་འདུག་པས། རཱ་ཧུ་ལ་ལགས་ཀྱི་དཔེ་ཐོ་དང་ཞིབ་བསྡུར་རེ་ཡང་བྱེད་ཐུབ་ན་ཅི་རུང་སྙམ་ཞིང་། ཉེ་འཆར་གླང་རི་ཐུབ་བསྟན་སྦྱིན་པ་སོགས་ནས་དབྱིན་སྐད་དུ་ཡང་བསྒྱུར་ཡོད་པ་མཐོང་ཡང་ལྟ་ལོང་མ་བྱུང་མོད། འདི་དག་གི་སྐབས་སུ་ངེས་པར་སྐུ་ངལ་མི་ཆུང་བ་རེ་འཕྲད་ཡོད་ངེས་འདོད་ཞོར་ལྟ་འདོད་ཀྱང་ཤུགས་ཆེར་གྱུར།

དེ་ནས་དོ་སྣང་དམིགས་བསལ་ཞིག་བྱུང་བ་ནི་འདི་སྐད་དུ། ཀཱབྱཔྲཀཤ་སྙན་དངགས་རབ་སྣང་སློབ་དཔོན་རཱཛནཀ་དང་མམཱཊ་གཉིས་ཀྱིས་མཛད་པ་དཔེ་རིང་ལྡེབ་དོན་གསུམ་བརྒྱད་ཐིག་དགུ་ཐིག་ཅི་རིགས་པ་ཆ་ཚང་། འདི་རྒྱ་གར་ན་དེང་སང་ཀུན་གྱིས་སློབ་རྒྱུའི་གཞུང་ཡིན། ཞེས་པ་འདི་ཡིན། འདི་ནི་དེ་སྔོན་བདག་གིས་སྙན་ངག་གི་རྒྱན་གྱི་འཕེལ་རིམ་དང་རྒྱན་མཁན་པོ་དག་ཅེས་པའི་རྩོམ་ཐུང་ཞིག་བྲིས་པ་འདི་ལྟར་བྲིས་ཡོད་དེ། ༢༥༽མམྨཊ། (मम्मट / Mammaṭa).  ཁོང་ནི་ངག་གི་ལྷའི་སྤྲུལ་བ་ཞེས་པའི་མིང་གིས་གྲགས་ཤིང་། ཁོང་གི་གཞུང་<>བྱ་བས་ཁོང་གི་མཚན་གྱི་སྙན་པ་ཕྱོགས་སུ་བསྒྲགས་སོ།།ཁོང་ཡང་བརྒྱ་ཕྲག་བཅུ་གཅིག་པར་བྱོན། ཁོང་གི་སྙན་ངག་གི་གཞུང་འདི་ཉིད་ལ་འགྲེལ་བ་མཛད་མཁན་ཧ་ཅང་མང་བོ་བྱུང་། ཞེས་པ་ལས་སྙན་གཞུང་དེ་མཛད་མཁན་མམྨཊ་ཡིན་པ་ལ། ཁོང་གིས་སློབ་དཔོན་རཱ་ཛ་ནཀ་དང་མམཱཊ་གཉིས་ཀྱིས་མཛད་ཅེས་གསུངས་པ་སློབ་དཔོན་རཱཛནཀ་ནི་འགྲེལ་མཛད་ཡིན་མཆི།

འདི་ལས་བོད་ལ་མེ་ལོང་མ་མ་གཏོགས་པའི་སྙན་གཞུང་མ་བསྒྱུར་བ་གཞན་ཡང་ཡོད་པ་རྟོགས། དེ་ནས་བལ་ཡུལ་གྱི་རྒྱལ་བོའི་དབུ་བླ་གསེར་རྒྱལ་ཞེས་པ་ལོ་བདུན་ཅུ་ཙམ་དུ་སླེབས་པ་མགོ་བོ་དུང་ལྟར་དཀར་བ་དེ་དང་རིག་གསར་དང་འབྲེལ་ཏེ་བདག་གི་སྐོར་གླེང་མོ་མཛད་པ་དག་ཀྱང་ཤིན་ཏུ་ཡིད་མགུ་བ་ཞིག་འདུག  སྦས་པ་དང་མོོརྱ་སོགས་དུས་ཐོག་གང་གི་སྐུ་འདྲ་ངོས་འཛིན་སྟངས་སོགས་ཀྱི་མན་ངག་ཀྱང་ཞར་དང་ཞོར་དུ་མ་ཞིག་ཐང་མར་བརྡལ་འདུག་པས། དོན་གཉེར་ཅན་དག་གིས་རྒུམ་བུ་བཞིན་འཐུ་བར་རིགས་སོ།།

བུད་མེད་ཀྱི་ཆས་གོས་དང་འབྲེལ་ཏེ། “གྲོང་ཁྱེར་བ་རྣམས་ཀྱིས་རྐང་གདུབ་ཕྲ་མོ་ཙམ་ལས་མི་གྱོན། སྐྲ་རྣམས་གཉའ་བ་ལ་གོང་བུར་དྲིལ་ནས་འཇོག མེ་ལོང་མའི་མཉམ་ཉིད་དཔེའི་ཨ་ལ་ཀཾ་བྱ་བ་ཡང་གཉའ་བའི་སྐྲ་རྡོག་དེའི་མིང་ཡིན་ཞིང་། ཀུ་བེ་རའི་ཕྲོ་བྲང་གི་མིང་ཡང་དེ་ཡིན་པ་ལྕང་ལོ་ཅན་དུ་བསྒྱུར།” ཞེས་པ་སྟེ་མེ་ལོང་མར། མཚུངས་པའི་སྒྲ་ཡིས་བརྗོད་བྱའི་ཕྱིར།། མཉམ་ཉིད་དཔེ་སྟེ་ཇི་ལྟར་ན།། སྐྱེད་ཚལ་ཕྲེང་འདི་བུ་མོ་བཞིན།། མཛེས་ལྡན་སཱ་ལ་ཀཱ་ན་ན།། ཞེས་པ་སྟེ། སྐྱེད་ཚལ་གྱི་སྐབས་སུ་སཱ་ལ་སྤོས་དཀར་གྱི་ཤིང་དང་། ཀཱ་ན་ན་ནགས་ཏེ་བོད་སྐད་དུ། སཱ་ལའི་ནགས་ཀྱི་མཛེས་ལྡན་པ།། ཞེས་པ་དང་། བུ་མོའི་སྐབས་སུ་ས་བཅས་པའི་དོན་ཡིན་པ་དང་། ཨ་ལ་ཀ་ཞེས་པ་ལན་བུ། ཨཱ་ན་ན་ཞེས་པ་གདོང་ཡིན་པ་བོད་སྐད་དུ། ལན་བུར་བཅས་པའི་གདོང་མཛེས་ལྡན།། ཞེས་པའི་སྐབས་ཀྱི་ཨ་ལ་ཀ་ཞེས་པ་འདི་འགྲེལ་བའོ།།

ཀུ་བེ་ར་ཟེར་བའི་ཚབ་ཏུ་རྩོམ་སྒྲིག་པས་ཀུ་རེ་བ་ཞེས་བྲིས་པ་གོང་དུ་ཞུས་པ་ལྟར་ཐང་ཡིག་དག་ནི་ཤིན་ཏུ་མི་དག་པར་བྲིས་འདུག་པ་ཞུས་ཟིན། ཀུ་བེ་ར་སྟེ་བོད་སྐད་དུ་ལུས་ངན་ཞེས་པའི་དོན་ཡིན་ཞིང་། བདག་གི་སློབ་དཔོན་རྒྱ་གར་བ་འདོད་པའི་དབང་ཕྱུག་གིས་དབྱངས་ཅན་མགུལ་རྒྱན་ཁྲིད་དུས་ཀུ་ཞེས་པའི་ངན་པ་དང་ཉེས་པའི་དོན་དང་། བེར་ཞེས་པ་ནི་གདོང་དང་ཞལ་གྱི་དོན་ཡིན་པར་གསུངས་པས། དེང་གི་ལྷ་སའི་སྐད་དུ་བཤད་ན་མདོག་ཉེས་ཞེས་པ་དང་ཨམ་སྐད་དུ་ངོ་གཙོག་དང་གཙོག་འདྲེ་ཞེས་པའི་དོན་དུ་བཤད་ན་འཐུས་པར་སེམས།

ནོར་བདག་གི་ཕོ་བྲང་དུ་སྤྲིན་གྱི་ཕོ་ཉའི་འདོད་ལྡན་མ་གནོད་སྦྱིན་གྱི་དགའ་མ་བཞུགས་ཡོད་ལ། གནས་དེ་ནི་ཕོ་ཉའི་ཚུལ་དུ་ཡོད་པའི་སྤྲིན་བསྐྱོད་པར་བྱ་བའི་གནས་ཡིན་ལ། ཡུལ་དེའི་མིང་ལ་ཨ་ལ་ཀ་བྱ་ཞིང་བོད་སྐད་དུ་ལྕང་ལོ་ཅན་ཞེས་མཆི། དེ་བས། མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར། སྐྲ་རྣམས་གཉའ་བ་ལ་གོང་བུར་དྲིལ་ནས་འཇོག་ཅེས་པ་ལྟར། ནོར་བདག་གི་ཕོ་བྲང་གི་ཡུལ་གྱི་བཀོད་པའང་དེ་ལྟར་དུ་ཡོད་པས་མིང་དེ་ལྟར་ཐོག་པར་བཤད་པ་དང་ཤིན་ཏུ་མཐུན། འདི་སྤྲིན་གྱི་ཕོ་ཉ་སོགས་ཁྲིད་པར་དགོས་པ་ལྷག་པར་མཆིས་པར་བསམས་ནས་མང་ཙམ་ཐལ།
དེ་བཞིན་དུ་ལོ་ཙཱ་བ་དག་གི་འགྱུར་ཉེས་ལ་བརྟེན་ནས་བཀའ་བཀྱོན་རེག་པ་དང་ཀློ་རྒྱལ་ཤཛྷང་གི་བུས་ཡར་ཀླུང་ཤེལ་བྲག་གི་མིང་ཐོས་ནས་བོད་ན་ཤེལ་སློང་དུ་བཏང་བ་ལ་སོགས་པའི་དགོད་གཏམ་ཀྱང་མང་དུ་འདུག་པས་ཀློག་ཀྱང་སྤྲོའོ།།