ཕྲན་གྱིས་འདིར་གླེང་བའི«འཛམ་གླིང་རྒྱས་བཤད»བྱ་བ་ནི་༢༠༠༢ལོར་ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི«མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ཞེས་པའི་དེབ་ནང་བཞུགས་པའི་རྩོམ་ཡིག་རིང་པོ་དེ་ཡིན། རྩོམ་ཡིག་འདི་ལ་བལྟས་པ་ཙམ་གྱིས་དགེ་ཆོས་ཀྱི་ཕྱག་རྩོམ་ཞིག་མ་རེད་སྙམ་པའི་ཚོར་བ་སྟེར་མོད། དེབ་འདིའི་རྩོམ་སྒྲིག་པས་བརྟག་དཔྱད་ཡག་པོ་མ་གནང་བར་དགེ་ཆོས་ཀྱི་རྩོམ་ཡིན་ཤག་བྱས་ཏེ«གསར་རྙེད་གསུང་རྩོམ»ནང་བཅུག་འདུག དེ་ལ་འདི་ལྟར་ཞུ་འདོད་དེ། ང་ཚོས་ཤེས་བཞིན་དུ་དགེ་འདུན་ཆོས་འཕེལ་གྱི་རྩོམ་མ་ཡིན་པ་ཞིག་ཁོང་གི་གསུང་རྩོམ་ཁྲོད་དུ་བཅུག་ན་དེ་ཤིན་ཏུ་མ་འོས་པ་ཞིག་རེད་ལ། ཡང་། ང་ཚོས་མ་ཤེས་པར་ཁོང་གི་བརྩམས་ཆོས་མ་ཡིན་པ་ཞིག་གསུང་རྩོམ་ཁྲོད་དུ་བཅུག་ན་དེ་ལ་སུས་ཀྱང་གུ་ཡངས་གནང་ཆོག་པ་ཞིག་རེད། སྤྱིར་བཏང«འཛམ་གླིང་རྒྱས་བཤད»ཅེས་པའི་རྩོམ་ཡིག་འདི་ནི་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་ཤིག་མིན་ནའང་དེས་མཁས་དབང་ཁོང་གི་མཚན་སྙན་ལ་ཅི་ཡང་མི་གནོད་དེ། «འཛམ་གླིང་རྒྱས་བཤད»ཀྱིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་གྲགས་རྒྱས་བཅུག་པ་ཞིག་མིན། ཡང་གཅིག་བཤད་ན། རྩོམ་ཡིག་འདི་འདྲ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཁྲོད་དུ་བཅུག་ན་དེ་ནི་མཁས་དབང་ཁོང་གི་དགོངས་བཞེད་ཀྱང་མ་ཡིན་སྟབས། ཕྲན་གྱིས་གཤམ་དུ་དོན་དངོས་སུ«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་སྐོར་ཞུ་རྒྱུ་ཡིན་ལ། འདིར་དགོས་དབང་གིས«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་མ་ཞུས་གོང་རྩོམ་ཡིག་དེའི་ནང་རྩོམ་པ་པོ་ནི་དགེ་ཆོས་ཡིན་པ་བསྟན་མེད་ཚུལ་དང་། རྩོམ་ཡིག་དེ་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་ཇི་ལྟར་བྱུང་ཚུལ་སོགས་ཀྱང་རིམ་པ་དང་བཅས་ཏེ་ཞུ་རྒྱུ་ཡིན་ནོ། །

 

རྩོམ་པ་པོ་ནི་དགེ་ཆོས་ཡིན་པ་བསྟན་མེད།

 

«འཛམ་གླིང་རྒྱས་བཤད»ཅེས་པའི་རྩོམ་ཡིག་ནང་འཛམ་བུ་གླིང་འདིའི་གླིང་ཕྲན་རྣམས་ཀྱི་སྟེང་ཆགས་པའི་ཤར་ནུབ་རྒྱལ་ཁབ་ཁག་གི་ལོ་རྒྱུས་དང་། ཡུལ་སྲོལ། གོམས་གཤིས། ཟས་གོས་སོགས་མདོར་བསྡུས་སུ་བྲིས་ཡོད་པ་མ་ཟད། འཛམ་གླིང་འདི་གཡོ་བའི་རྒྱུ་མཚན་དང་། གཟའ་འཛིན་བྱུང་དོན། འཇིག་རྟེན་རིལ་མོའམ་ཟླུམ་པོ་ཡིན་པའི་རྒྱུ་མཚན། ད་དུང་སའི་གོ་ལའི་སྤྱི་འཁོར་དང༌་རང་འཁོར་གཉིས། དུས་བཞིའི་རྣམ་གཞག འཛམ་གླིང་གི་སའི་ཆགས་ཚུལ༌། གླིང་ཆེན་དྲུག རྒྱ་མཚོ་ཆེན་པོ་ལྔ་སོགས་ཀྱི་ས་དབྱིབས་ཀྱི་སྐོར་དང་༌། སའི་གོ་ལའི་ཐོག་འོག་གི་འཁྱག་རོམ་སོགས་ཀྱི་སྐོར་གླེང་འདུག འོན་ཀྱང་། བོད་དང་འབྲེལ་བའི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་སོགས་བྲིས་མེད་ནའང་། རྩོམ་ཡིག་འདིའི་མགོ་ན་བོད་དང་འབྲེལ་བའི་གནས་ཚུལ་རེ་ཟུང་མཆིས་ཤིང་། རྩོམ་མཇུག་ཏུ་ཕྱི་གླིང་གི་ཡེ་ཤུའི་ཆོས་སྤེལ་མཁན་དང་། ལྗོངས་རྒྱུ་པ། དམག་དོན་པ་ཁ་ཤས་བོད་ཡུལ་དུ་འབྱོར་བའི་ལོ་ཚིགས་སོགས་གསལ་པོར་བཀོད་འདུག

«འཛམ་གླིང་རྒྱས་བཤད»ཅེས་པའི་རྩོམ་ཡིག་འབྲི་མཁན་ནི་འཛམ་གླིང་སྤྱིའི་ལོ་རྒྱུས་དང་། ཚན་རིག བོད་བཅས་ལ་ཐུགས་རྒྱུས་ཟབ་པའི་ཕྱི་མི་ཞིག་ཡིན་པ་ལས་བོད་མི་ཞིག་མིན་པ་གསལ་པོ་རེད། དཔེར་ན། ‘‘འཛམ་བུ་གླིང་འདི་གཡོ་བའི་དོན་ནི། ཁྱེད་བོད་མི་རྣམས་ལ་ནན་ཏན་ཟེར་མཁན་གཅིག་ཀྱང་མི་འདུག’’[1]  ཅེས་པ་དང་། ‘‘འཛམ་གླིང་རིལ་མོ་ལ་གནས་པའི་མི་ཐམས་ཅད་ཤ་མདོག་དབྱིབས་མི་གཅིག་པ་ཡིན་ཡང་། མི་རྒྱུད་གཅིག་འབྲེལ་ཡིན་ཞིང་། ཡིན་ནའང་ཡིད་ཆེས་པ་དེ་ར་སྤྲོད་བཏང་ཆོག་རྒྱུ་ལས་ཁྱེད་བོད་མི་ནས་ཟླ་བ་གཟའི་འཛིན་པ་ཟེར་བ་དང་།’’[2] ཞེས་པའི་ཚིག་ཕྲེང་འདི་གཉིས་ཀྱི་ནང་འབྱུང་བའི‘‘ཁྱེད་བོད་མི་རྣམས’’དང‘‘ཁྱེད་བོད་མི་ནས’’ཞེས་པ་ལྟ་བུས་རྩོམ་འདི་འབྲི་མཁན་ནི་བོད་མི་ཞིག་ཡིན་པ་བསྟན་མེད། དེ་བས་རྩོམ་འདི་དགེ་ཆོས་ཀྱི་ཡིན་པའི་སྒྲུབ་བྱེད་མི་རྙེད་ལ། ལྷག་པར་དུ་དགེ་ཆོས་ཀྱི་རྩོམ་གཤིས་དང་«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་གཤིས་གཉིས་ཀྱང་གཅིག་མཚུངས་ཤིག་མ་ཡིན།

གསར་རྙེད་གསུང་རྩོམ།

དགེ་ཆོས་ཀྱི་གསར་རྙེད་གསུང་རྩོམ་རྩོམ་སྒྲིག་པས«འཛམ་གླིང་རྒྱས་བཤད»ཀྱི་ཡིག་གཟུགས་དགེ་ཆོས་ཀྱི་ཕྱག་བྲིས་ཉིད་དུ་འདུག་པར་གསུངས་ཡོད་མོད། ཕྲན་གྱིས«གཏམ་རྒྱུད་གསེར་ཐང»དང«འཛམ་གླིང་རྒྱས་བཤད»དུ་འབྱུང་བའི་གནས་ཚུལ་རེ་ཟུང་ལ་གཤིབ་བསྡུར་བྱས་སྐབས་དེབ་དེ་གཉིས་ཀྱི་བཞེད་ཚུལ་དང་ལྟ་ཚུལ་རེ་ཟུང་མི་མཐུན། འདིར་དཔེ་མཚོན་གཅིག་དྲངས་ན། «འཛམ་གླིང་རྒྱས་བཤད»དུ‘‘ཕྱི་གླིང་བའི་མི་ནག་འཕྲོག་པ་ནི་ས་ཡ་གཉིས’’[3] ཞེས་པ་དང་། «གཏམ་རྒྱུད་གསེར་ཐང»དུ‘‘ཨ་ཕི་རི་ཀིའི་ཡུལ་གཅིག་པུ་ནས་ཀྱང་མི་ལྟར་བཟུང་བ་ཐེར་འབུམ་ལྷག་ཙམ་དང་། རྒྱ་མཚོར་གཡུགས་པ་གྲངས་ཀྱིས་མི་ལོངས།’’[4] ཞེས་གསུངས་པའི་གྲངས་ཀ་གཉིས་མི་མཐུན་ལ། ད་དུང«གཏམ་རྒྱུད་གསེར་ཐང»དང«འཛམ་གླིང་རྒྱས་བཤད»གཉིས་ཞིབ་ཏུ་བསྡུར་བ་ཡིན་ན་མི་མཐུན་པའི་ཆ་ཡོད་ཀྱང་འདིར་རེ་རེ་བཞིན་ངོ་སྤྲོད་བྱེད་པའི་དགོས་པ་མ་མཆིས་ཀྱང་། གང་ལྟར་གནས་ཚུལ་འདི་ལྟ་བུར་བརྟགས་ན་རྩོམ་ཡིག་འདི་དགེ་ཆོས་ཀྱི་ཡིན་མི་སྲིད་ལ། ལྷག་པར་དུ་ཁོང་གིས་རྩོམ་ཡིག་འདི་ལ་གཟིགས་ཡོད་མེད་ལའང་དོགས་པ་ཞིག་སྐྱེས་བྱུང་། གལ་སྲིད་དགེ་ཆོས་ལ་རྩོམ་ཡིག་འདི་རག་ཡོད་ཚེ། ཁོང་གིས‘‘འཇིག་རྟེན་ཟླུམ་པོའམ་རིལ་མོ’’དང«གཏམ་རྒྱུད་གསེར་ཐང»བརྩམས་རྗེས་ཐོབ་པ་ཞིག་རེད་སྙམ་མོད། ད་དུང་ཕྲན་ལ«མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»ཀྱི་མ་ཡིག་མ་ཐོབ་པས་དེའི་སྐོར་རེ་ཞིག་ཁ་ཚོན་གཅོད་ཐབས་བྲལ།

«འཛམ་གླིང་རྒྱས་བཤད»དུ་འཇིག་རྟེན་རིལ་མོ་ཡིན་པའི་རྒྱུ་མཚན་འགའ་གསུངས་ཡོད་ཀྱང་། དགེ་ཆོས་ལགས་ཀྱིས‘‘འཇིག་རྟེན་རིལ་མོའམ་ཟླུམ་པོ’’ཞེས་པའི་རྩོམ་ཡིག་ནང་འཇིག་རྟེན་རིལ་མོ་ཡིན་པའི་རྒྱུ་མཚན་དྲངས་མེད་པ་ལ་བརྟེན་ནས་ཁོང་གིས་ཚན་རིག་མི་མཁྱེན་པའི་སྡོམ་ཚིག་འགོད་མི་འོས་ཏེ། ༡༩༣༧ལོའི་དབྱར་གཞུང་ཞིག་ལ། དགེ་ཆོས་ཀ་ལོན་སྦུག་ཏུ་བཞུགས་སྐབས་ཁོང་ལ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ལགས་ཀྱི་འཕྲིན་ཞིག་འབྱོར་ཡོད་ཅིང་། དེའི་ནང་ཁོང་རྒྱ་གར་ཀ་ལི་ཀ་ཏ་བརྒྱུད་ནང་ལོགས་ལ་ཕེབས་རྩིས་དང་། དེ་བཞིན་ལམ་ཁར་རང་གི་སློབ་མར་འཕྲད་རེ་ཡོད་ཚུལ་གསུངས་ཡོད། དགེ་ཆོས་མཆོག་གིས་ཁོང་པནྡར་ལམབུ་(Pandara Lumb Hotel)བྱ་བའི་མགྲོན་ཁང་དུ་བསུས་ཤིང་། དེང་རབས་ཀྱི་ཤེས་ཡོན་དང་ལྟ་བ་སོགས་ལས་བརྩམས་འཛམ་གླིང་ལེབ་མོའམ་ཟླུམ་པོ་སྐོར་ལ་རྩོད་པ་བྱས་པའི་ལོ་རྒྱུས་ཡོད་པ་དང་། དེ་བཞིན་དུ་རྒྱལ་དབང་མཆོག་གིས་དགེ་ཆོས་ཀྱི་རྒྱ་གར་དུ་ལོ་བཅུ་གཉིས་ཀྱི་འགྲུལ་བཞུད་རྫོགས་ལ་ཉེ་བའི་སྐབས་སུ་བྲིས་པའི་འཕྲིན་ཡིག་དེ་ནི་ཧ་ལས་པ་ཞིག་ཡིན་པ་དང་། དེའི་ནང་དུ་ཁོང་གིས་ནང་ཆོས་དང་དེང་རབས་ཀྱི་ཚན་རིག་གི་སྡེ་ཚན་གང་མང་བར་ལ་ཕན་ནུས་ལྡན་པའི་བགྲོ་གླེང་གི་གླེང་སྟེགས་ཡོད་ཚུལ་བརྗོད་འདུག་ཅེས་སོགས་གསུངས་ཡོད་པས། ང་ཚོས་དགེ་ཆོས་ཀྱིས་ཚན་རིག་མི་མཁྱེན་པའི་སྡོམ་ཚིག་འགོད་པ་དེ་ད་དུང་རྒྱུ་མཚན་གྱིས་མི་འདང་བའི་གནས་ཚུལ་ལྷགས་ཡོད་པས། བརྗོད་གཞི་འདིའི་སྐོར་ལ་ཞིབ་འཇུག་བྱ་དགོས་སོ།།

དེ་ནས་ང་ཚོས་ཤེས་དགོས་པ་གཞན་ཞིག་ནི། «འཛམ་གླིང་རྒྱས་བཤད»ནང་འཁོ་ལོམ་འབོག་(Christophe Colomb 1451-1506)གིས་བྱང་ཨ་རི་རྙེད་ནས་ལོ་བཞི་བརྒྱ་སུམ་ཅུ་སོང་ཚུལ་དང་། སྔོན་གྱི་དུས་སུ་བྱང་ཨ་རི་དེ་ཨིན་ཇིའི་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་ནའང་། འཇོར་རྗེ ཝ་ཤིན་ཊོན(George Washington-1732- 1799)ཞེས་པའི་དམག་དཔོན་དེས་དབུ་ཁྲིད་དེ་ཨ་རི་ལ་རང་བཙན་ལ་ཐོབ་ནས་ལོ་བརྒྱ་དང་ཞེ་དྲུག་འགོར་བའི་ཚུལ་བསྟན་པ། ད་དུང་ཡུ་རོབ་ཀྱི་ ཡེ་ཤུའི་ཆོས་པ་ཨོ་སྒྲི་ར་ཁོ་སྡུ་ཕོ་སྒྲི་ནན(Odoric de Pordenone 1286–1331)ཟེར་བ་དེ་བོད་དུ་སྤྱི་ལོ་༡༣༣༢ལོར་སླེབས་ཚུལ་བྲིས་ཡོད་ཅིང་། ཇཱན་གྷུ་བྷར་(Jean Grueber ?-?) དང་བྷེལ་རྗམ་གྱི་ཨ་བྷར་ཊི་སྒྲོལ་བལ་(Albert d’Orville1621-1662)ཟེར་བ་གཉིས་ལྷ་ས་རུ་ཐོན་ནས་ལོ་ཉིས་བརྒྱ་དང་ལྔ་བཅུ་ལྔ་བདུན་སོང་བ། ཨིན་ཇིའི་རྒྱལ་ཁབ་ཀྱི་སྨན་པ་ཐའོ་མཱ མ་ནན་(Thomas Manning 1772 – 1840)ལྷ་ས་ལ་སླེབས་ནས༡༨༡༡ལོ་བརྒྱ་དང་བཅུ་གཅིག དེ་ནས་འཇོར་རྗེ བྷོ་གལ་(George Bogle 1746-1781)གཙང་དུ་སླེབས་ནས་ལོ་བརྒྱ་དང་བཞི་བཅུ་ཞེ་བཞི་སོང་བ་སོགས་བྲིས་ཡོད། འདི་དག་གི་ལོ་ཚིགས་གཞིར་བཞག་ན«འཛམ་གླིང་རྒྱས་བཤད»འདི་བརྩམས་པའི་ཕལ་ཆེར་༡༩༢༢ལོར་འཁེལ་ཞིང་།  དོན་དངོས་སུའང་རྩོམ་པ་པོས་ལོ་དེར་རྩོམ་ཡིག་དེ་བྲིས་འདུག འོན་ཀྱང«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོས་བོད་དུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་མཁན་འདི་དག་གི་ལོ་རྒྱུས་བརྗོད་སྐབས་གནས་ཚུལ་རེ་ཟུང་གི་ཐད་ལ་ནོར་འཁྲུལ་ཅུང་ཟད་མཆིས་མོད། བརྗོད་གཞི་འདི་དང་འབྲེལ་བའི་རྩོམ་ཡིག་ཅིག་ཕྱོགས་གཞན་དུ་བྲིས་ཡོད་པས་དེ་ལ་གཟིགས་པར་བྱའོ།།

མདོར་བསྡུས་ན«འཛམ་གླིང་རྒྱས་བཤད»བརྩམས་པའི་ལོ་དེ་ནི་སྤྱི་ལོ༡༩༢༡ཡིན་ཞིང་། སྐབས་དེར་དགེ་ཆོས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཡོད། ཡོངས་གྲགས་སུ་ཁོང་སྤྱི་ལོ་༡༩༢༠ལོའི་ལོ་མགོར་དགུང་གྲངས་བཅོ་བརྒྱད་ལ་སླེབས་དུས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་པ་དང་། སྤྱི་ལོ་༡༩༢༨ལོའི་དགུང་གྲངས་ཉེར་དྲུག་བཞེས་པའི་ལོ་སྟོད་ལ་ཆོས་སྡེ་འདི་དང་ཞལ་གྱེས་ཏེ་དབུས་ལྷ་ལྡན་ཞིང་དུ་ཕེབས་པ་ཡིན་པས། སྐབས་དེར་དགེ་ཆོས་ཀྱིས་རྩོམ་ཡིག་དེ་འདྲ་ཞིག་བྲིས་པའི་གནས་ཚུལ་དང་དཔང་རྟགས་ཅི་ཡང་མེད། དེར་བརྟེན། ང་ཚོས་རྩོམ་ཡིག་འདི་འབྲི་མཁན་ནི་དགེ་ཆོས་མིན་པ་གསལ་པོ་རྟོགས་ཐུབ་པ་ཞིག་རེད།

 

གསུང་རྩོམ་ཁྲོད་དུ་ཇི་ལྟར་བྱུང་ཚུལ།

 

«འཛམ་གླིང་རྒྱས་བཤད»ཅེས་པའི་རྩོམ་ཡིག་འདི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་བསྟན་བཅོས་ཤིག་མིན་ཚུལ་གོང་དུ་རོབ་ཙམ་གླེང་བ་དེ་ལྟར་ལེགས་མོད། འོན་ཀྱང་རྩོམ་ཡིག་འདི་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་སླེབས་དགོས་པའི་རྒྱུ་མཚན་ནི། སྤྱི་ལོ་༡༩༩༩ལོར་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས‘‘འཛམ་གླིང་རྒྱས་བཤད’’དེ་དགེ་ཆོས་ཀྱི་གསུང་རྩོམ་སྐོར་ཞིག་དང་མཉམ་དུ་དགེ་ཆོས་ཀྱི་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ལ་བསྐུར་ཡོད་ཅིང་། དེབ་འདིའི་རྩོམ་སྒྲིག་པས་རྩོམ་ཡིག་དེ་དགེ་ཆོས་ཀྱི་གསུང་ཡིན་མིན་ལ་བརྟག་དཔྱད་མ་གནང་བར་དགེ་ཆོས་ཀྱི་མཚན་ཐོག་ནས་༢༠༠༢ལོར་པར་སྐྲུན་བྱས་འདུག པར་དུ་བསྐྲུན་པའི་བསྟན་བཅོས་དེ་དག་ནི་དགེ་ཆོས་སྐུ་གཤེགས་ཁར་ཁོང་གིས་རང་གི་སློབ་མ་ཧོར་ཁང་བསོད་ནམས་དཔའ་འབར་ལ་གླེགས་བམ་ལྕགས་སྒམ་གང་གཏད་པ་དེའི་ཁྲོད་ཀྱི་བརྩམས་ཆོས་སྐོར་ཞིག་རེད་ལ། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་ཡབ་ཀྱི་ཁ་ཆེམས་ལྟར་སྔར་པར་སྐྲུན་མ་བྱས་པའི་དགེ་ཆོས་རིན་པོ་ཆེའི་གསུང་རྩོམ་འཕྲོ་མ་རྣམས་རྩིས་འབུལ་གནང་བ་དེ་རེད།

འཛམ་གླིང་རྒྱས་བཤད་ཀྱི་མ་ཡིག་ཏུ་གསལ་བའི་རི་མོ་ཞིག

འོན་ཀྱང་། སྐབས་དེར་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་སྐུ་ཚ་གཡུང་དྲུང་རྒྱལ་ལ«འཛམ་གླིང་རྒྱས་བཤད»འདི་དགེ་ཆོས་རིན་པོ་ཆེའི་ལྗགས་རྩོམ་ཡིན་མིན་ཞིབ་དཔྱོད་གནང་བར་ཞུ་ཞེས་གསུངས་འདུག་ཀྱང་། «མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ཞེས་པའི་གླེང་གཞིའི་ནང‘‘སྤྱི་ལོ་༡༩༩༩ལོར་ཐུགས་སྐྱེད་ཀྱི་ཁོ་ལག་ཤིན་ཏུ་ཡངས་པའི་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་ཡབ་ཀྱི་ཞལ་ཆེམས་ཇི་བཞིན་སྐུ་ཚ་གཡུང་དྲུང་རྒྱལ་ལགས་ལྷ་སར་གདན་ཞུས་ཀྱིས་མཁས་དབང་གང་གི་གསུང་རྩོམ་འཕྲོ་མ་ལྕགས་སྒམ་དང་བཅས་པ་རྩིས་འབུལ་གནང་བའི་ཁྲོད་ན«འཛམ་གླིང་རྒྱས་བཤད» «རྒྱ་གར་འཕགས་པའི་ཡུལ་དུ་ནང་བའི་མཆོད་རྟེན་དང་བཅས་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ» «དབུ་མ་ཀླུ་སྒྲུབ་དགོངས་རྒྱན» (ཀླུ་དགོངས་དཔར་དུ་བཀོད་པའི་རྒྱུ་མཚན་དེབ་འདིའི་མཇུག་ཏུ་གསལ) «ཕྲ་བའི་རྣམ་དཔྱོད་ཀྱི་སྒོ་སྟོན་པའི་ཕྱིར་དུ་བློ་ཆུང་ལ་བཞད་གད་ཙམ་སློང་བ» «བྷ་བུ་མཐར་ཕྱིན་ལ་གནང་བའི་ཀ་བཤད» «དཔལ་ལེགས་ལྡན་ནག་པོའི་གླུ་»སོགས་གསེར་ལས་དཀོན་པའི་གསུང་རྩོམ་རྣམས་ཡོད་དོ།།’’[5] ཅེས་གསལ་བ་ལ་བལྟས་ན། ཁོང་གིས་རྩོམ་ཡིག་འདི་དགེ་ཆོས་ཀྱི་ཡིན་མིན་ལ་གཟིགས་མེད་པ་འདྲ་ལ། རྩོམ་སྒྲིག་པས་ཀྱང་རྩོམ་པ་པོ་དགེ་ཆོས་ཡིན་པ་ཐག་བཅད་ཡོད་པ་འདི་རེད།   ད་དུང་ཁོང་གིས་རྩོམ་ཡིག་དེ་དགེ་ཆོས་ཀྱི་ཡིན་པའི་སྒྲུབ་བྱེད་དུ‘‘ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་བཤད་དོ་ཟེར།’’[6] ཞེས་དྲངས་འདུག་ལ།  རྩོམ་ཡིག་གཞན་ཞིག་ཏུའང‘‘༢༠༠༧ལོའི་དབྱར་ཁར་དེབ་དེའི་ཐོག་མའི་རྩོམ་སྒྲིག་པ་རྣམ་དཔྱོད་ཅན་རེབ་གོང་བ་རྡོ་རྗེ་རྒྱལ་ལ དོགས་གཞི་བཅར་འདྲི་ཞུ་སྐབས། ཁོང་གིས་འདི་ལྟར་གསུང་བྱུང་། དགེ་ཆོས་ཀྱིས་ངག་བཅོལ་ལྟར། ཧོར་ཁང་བསོད་ནམས་དཔལ་འབར་གྱིས་དགེ་ཆོས་རང་གིས་རྩོམ་པ་རྣམས་དང་། བསྡུ་རུག་བྱས་བ་རྣམས་སོ་སོར་ཕྱེས་ཏེ་སྒམ་གྱི་ནང་བསྡུས་ཡོད་པ་དང། རྩོམ་འདི་དགེ་ཆོས་རང་གི་ཕྱག་བྲིས་ཉིད་དུ་འདུག་ཅིང་། མཇུག་བྱང་དུའང་བྷ་མ་མིང་ཅན་གྱིས་ཞེས་བྲིས་འདུག་ཅེས་གསུང་སོང།’’[7]ཞེས་པ་ལྟ་བུའི་ལོ་རྒྱུས་མཐོང་རྒྱུ་འདུག

གང་ལྟར། «འཛམ་གླིང་རྒྱས་བཤད»འདི་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་བཅུག་པ་རེད་ལ། སྒོ་མང་མཁན་ཟུར་ངག་དབང་ཉི་མའི་གསུང་འབུམ་དུ‘‘ཨེ་ཐ་ལེ་ཡཱ་ཁོ་ལོམ་འབིག་གིས་མཛད་པའི་འཛམ་གླིང་རྒྱས་བཤད་སྐབས་བཟང་དབང་འདུས་ཀྱིས་བོད་སྐད་དུ་བསྒྱུར་ཞིང་། ་་་ ་་་ ’’ [8]ལྟ་བུ་བྲིས་ཡོད་མོད། དེ་ནི་མ་དག་པ་རེད་སྙམ། མཁན་ཟུར་རིན་པོ་ཆེ་ལགས་ཕལ་ཆེར་དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་ཁུ་སུ་ཁྲོ་ འཁོ་ལོམ་འབོག (Christophe Colomb 1451-1506) ལགས་ལ་ནོར་ཡོད་པ་འདྲ་ལ། ཁོང་ནི་འཇིག་རྟེན་གྱི་ཁམས་ཟླུམ་པོའམ་རིལ་རིལ་ཡིན་པའི་གནས་ཚུལ་ཐོག་མར་གསུང་མཁན་དང་། ཡུ་རོབ་ནས་ཨ་མི་རི་ཀའི་ས་ཐོག་ཏུ་འབྱོར་མཁན་གྱི་ཡུ་རོབ་ཀྱི་མི་དང་པོ་དེ་རེད། དེ་བཞིན་དུ་སྐུ་ཞབས་མེ་ལྕེ་ལགས་ཀྱིས་ཀྱང‘‘དེབ་འདིར« འཛམ་གླིང་རྒྱས་བཤད »དང« རྒྱ་གར་འཕགས་པའི་ཡུལ་དུ་ནང་བའི་མཆོད་རྟེན་དང་གནས་མཆོག་བྱིན་ཅན་རྣམས་ཀྱི་བཤད་པ»  «བཙོན་ནས་ཧོར་ཁང་ལ་གནང་བའི་ཕྱག་བྲིས» «བྷ་བུ་མཐར་ཕྱིན་ལགས་ལ་གནང་བའི་ཀ་བཤད»སོགས་སྔར་མཐོང་མ་མྱོང་བའི་གསུང་རྩོམ་དག་བསྡུས་འདུག་ལ། གཞན་ཡང་དགེ་འདུན་ཆོས་འཕེལ་མཆོག་གི་ཕྱག་བྲིས་བསྟར་མ་སྣ་ཚོགས་ཀྱང་བསྡུས་འདུག’’[9] ཅེས་གསུངས་ཡོད་པ་མཐོང་། ད་དུང་ལྗགས་རྩོམ་འདི་དགེ་ཆོས་ཀྱི་ཡིན་ཚུལ་བྲིས་པའི་དེབ་གཞན་ཡང་ཡོད་སྲིད་མོད། འདིར་དེ་དག་རེ་རེ་བཞིན་བཙལ་བའི་རྩོལ་བ་མ་བྱས།

འཛམ་གླིང་རྒྱས་བཤད་ཀྱི་མ་ཡིག་ཏུ་གསལ་བའི་རི་མོ་ཞིག

ད་ཕན་དགེ་ཆོས་ཀྱི་གསུང་འབུམ་ཁྲོད་དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»ཀྱི་སྐོར་ལ་དོགས་པ་སླེབས་མཁན་བྱུང་ཡོད་ནའང་། དོན་དངོས་སུ་རྩོམ་པ་པོ་འདིའི་བོད་མིང་ཙམ་ལས་ལོ་རྒྱུས་སོགས་འབྲི་མཁན་ཧ་ལམ་མ་མཐོང་། སྐུ་ཞབས་རྡོ་སྦིས་བློ་བཟང་ཡོན་ཏན་གྱིས‘‘འོ་ན་དགེ་ཆོས་ཀྱི་གསུང་འབུམ་ནང་གི་འཛམ་གླིང་རྒྱས་བཤད་འདི་དགེ་ཆོས་ཀྱི་གསུང་མ་ཡིན་ན༌། སུས་བྲིས་བ་རེད་དམ་ཟེར་ན༌། དགེ་ཆོས་མ་ཡིན་པའི་མཁས་བ་ཆེན་པོ་བོད་ཀྱི་ཡི་གེ་དང༌། ཁྱད་པར་ནུབ་ཀྱི་ལྟ་གྲུབ་ལ་མཁས་བ་ཞིག་གིས་རབ་བྱུང་བཅོ་ལྔ་བའི་མཇུག་ཏུ་བརྩམས་པར་ངེས་མོད༌། ཉེ་ལམ་མཐའ་ཅིག་ཏུ་འདིའོ་ཞེས་དཀའ་བ་ཤིག་ཏུ་སྣང་ཡང༌་། གོང་ཏུ་ཁྱེད་བོད་པ་ཚོར་ཞེས་བོད་མ་ཡིན་པ་འདྲ་བོ་ཤིག་དང་༌། རྗེས་སུ་ཡང་རྨའི་མིང་ཅན་གྱིས་སོགས་བྲིས་ཡོད་སོགས་ལ་བརྟེན་ན་བོད་རིགས་མ་ཡིན་པའི་མཁས་བ་ཆེན་པོ་ཡིན་ནམ་སྙམ།’’[10]ཞེས་གསུངས་འདུག་ལ། སྤྱི་ལོ་༢༠༡༥ལོར་སྐུ་ཞབས་ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ཏུ‘‘སྒྲོལ་དཀར་བྲིས་ཐང་དང་འཛམ་གླིང་རྒྱས་བཤད’’ཅེས་པའི་རྩོམ་ཡིག་ཅིག་སྤེལ་བ་དེའི་ནང‘‘རྩོམ་པ་པོ་ནི་ཡེ་ཤུ་ཆོས་སྤེལ་མཁན་ཡིན་པའི་ཨ་རིའི་བུད་མེད་ཅིག་སྟེ་མིང་ལ་བསོད་ནམས་གཡང་འཛོམ་(འདི་མོའི་བོད་མིང་ཡིན་པ་ལས་ཨ་རིའི་མིང་མིན་པར་འདོད)ཟེར་བ་ཞིག་གིས་བསྒྲིགས་པ་དང་། འབའ་ཐང་བ་སྐལ་བཟང་དབང་འདུས་ནས་བོད་ཡིག་ཏུ་བསྒྱུར་བ་དང་། ས་ཁྲ་དང་དཔེ་རིས་རྣམས་ནི་སྐལ་བཟང་ཚེ་རིང་གིས་བྲིས་ཞེས་འཁོད་ཡོད་པ་མ་ཟད། དཔེ་ཆ་དེ་ནི་སྤྱི་ལོ་1922ལོར་དཔར་དུ་བཏབ་ནས་འགྲེམས་སྤེལ་བྱས་ཚར་འདུག’’[11]ཅེས་གསལ་མོད། རྩོམ་པ་པོའི་ལོ་རྒྱུས་སོགས་མི་གསལ་བས་གཤམ་དུ་དེའི་སྐོར་གང་ཐུབ་ཀྱིས་གླེང་བར་བྱའོ། །

 

«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ།

 

ལོ་ཤས་ཀྱི་སྔོན་ནས་བཟུང་ཕྲན་གྱིས་བོད་དུ་འབྱོར་བའི་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་ལོ་རྒྱུས་བཙལ་འཚོལ་བྱས་པའི་བརྒྱུད་རིམ་ཁྲོད་དུ་བརྗོད་གཞི་དེ་འབྲེལ་གྱི་རྩོམ་ཡིག་འགའ་བྲིས་པའི་ཁུལ་ཡིན་མོད། བོད་མིང་ལ‘‘བསོད་ནམས་གཡང་འཛོམས’’ཟེར་བའི་ཡེ་ཤུའི་ཆོས་སྤེལ་མཁན་ཞིག་བྱུང་བ་ཁྱོན་ནས་མ་མཐོང་། མཁས་དབང་དུང་དཀར་རིན་པོ་ཆེའི་གསུང་འབུམ་དུ‘‘ཅོ་ནེའི་བཀའ་བསྟན་ཆ་ཚང་གཅིག་ཨ་རིར་གདན་དྲངས་པའི་སྐོར་ལ་ཇོ་སེབ་རོག་གིས་བྲིས་པའི‘‘འཛམ་གླིང་རྒྱས་བཤད’’བརྙན་དེབ་ཨང་༥༤པའི་ནང་དུ‘‘ཅོ་ནེའི་བླ་མ་ཚོའི་ཐུན་མོང་གི་འཚོ་བའི་གནས་ཚུལ’’ཞེས་པ་དེར་གསལ་ཡོད་སྐད།’’[12] ཅེས‘‘འཛམ་གླིང་རྒྱས་བཤད’’འབྲི་མཁན་འདི་ལྟ་བུ་བྲིས་ཡོད་པ་མཐོང་ནའང་། ཁོང་ནི་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཁྲོད་དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»འབྲི་མཁན་དེ་མིན་པ་རེད། ཨ་རི་བ་དེའི་མིང་ལ་རྗེ་ཎེ་ཌི (Janet Elliott Wulsin  1894–1963) ཟེར་ཞིང་། དུས་རབས་ཉི་ཤུ་པའི་དུས་མགོར་ཨ་མདོ་ཅོ་ནེ་དགོན་པར་འབྱོར་བའི་བུད་མེད་ཅིག་རེད། སྐབས་དེར་ཁོ་མོའི་མཉམ་དུ་རང་གི་ཁྱོ་ག་ཧྥུ་ཌེ་རེ་ཁུ(Frederick Wulsin   1891 – 1961)ལགས་ཀྱང་མཉམ་དུ་འབྱོར་ཡོད། ཡང་གཅིག་བཤད་ན། གོང་དུ་དུང་དཀར་ཚང་གིས་གསུངས་པའི«འཛམ་གླིང་རྒྱས་བཤད»( (National Geographic ) ཅེས་པ་ནི་སྒེར་དེབ་ཅིག་མིན་ནའང་། སྤྱི་ལོ་༡༩༢༦ལོར་རྗེ་ཎེ་ཌི་ཡིས(Janet Elliott Wulsin) དུས་དེབ་དེའི་སྟེང་དུ་རྩོམ་ཡིག་ཅིག་སྤེལ་ཡོད་པ་བདེན་པ་རེད།

འཛམ་གླིང་རྒྱས་བཤད་ཀྱི་མདུན་ཤོག

དེས་ན། གོང་དུ་བརྗོད་པའི«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་ཞེ་ན། དེ་ནི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན (Flora Shelton1871-1966 )ལགས་ཡིན་ཞིང་། དེབ་དེའི་མ་ཡིག་གི་མདུན་ཤོག་ན་རྩོམ་པ་པོ་དང་སྒྲིག་པ་པོ་ནི་Mrs A.L.SHELTON ཡིན་ཞེས་འཁོད་ཡོད། སྤྱིར་བཏང་ A.L.SHELTON ཞེས་པ་ཁོ་མོའི་ཁྱོ་གའི་མིང་ཡིན་མོད། མིང་གི་སྔོན་ལ་ལྕམ་སྐུ་སྦྱར་ཡོད་པ་དེས་རྩོམ་པ་པོ་ནི་ཧྥུ་ལོ་ར ཞ་ཌིན་སྟོན། ཁོ་མོས་དེ་ལྟར་གནང་དོན་ལ་རྒྱུ་མཚན་ཡོད་དེ། སྔ་མོར་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུ་མ་རྒྱུད་གཙོ་བོར་བརྩི་ཞིང་། ཨ་མའི་མིང་ཟུར་ནས་དྲས་ཏེ་བུ་རྣམས་ལ་འདོགས་པར་བྱེད། ཕྱིས་སུ་དེ་ལ་རིམ་གྱིས་འགྱུར་ལྡོག་བྱུང་སྟེ་ཕ་རྒྱུད་གཙོ་བོར་འཛིན་ཞིང་ཕའི་མིང་ཟུར་ནས་དྲས་ཏེ་བུ་དང་བུ་མོ་རྣམས་ལ་འདོགས་སྲོལ་བྱུང་། དེ་བཞིན་དུ་ཕོ་མོ་གཉིས་གཉེན་སྒྲིག་བྱས་རྗེས་བཟའ་ཟླ་མོ་ཡིས་བཟའ་ཟླ་ཕོ་ཡི་མིང་ཟུར་དྲས་ཏེ་རང་གི་ཕ་རྒྱུད་ཀྱི་རུས་མིང་བརྗེ་བ་དང་། བུད་མེད་རེ་ཟུང་གིས་རང་གི་ཁྱོ་གའི་མིང་ཆ་ཚང་ལེན་མཁན་ཡང་ཡོད། ད་དུང་འདི་ལ་ཕོ་མོའི་ཐོབ་ཐང་སོགས་ཀྱི་སྐོར་ནས་ཀྱང་སྐད་ཆ་བཤད་རྒྱུ་ཡོད། གང་ལྟར། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་ནི་ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན་ལགས་རེད་ལ། དེབ་མིང་ཆ་ཚང་ལ་བོད་སྐད་དུ‘‘འཛམ་གླིང་རྒྱས་བཤད་ཞེས་བྱ་བ་བཞུགས་སོ། ཆ་འདིའི་ནང་ན་བོད་མི་རྣམས་ཀྱི་དོན་ལ་ཚོ་རིགས་དང་འཟིག་ན་རྟེན་གྱི་སྐོར་ལ་དོན་སྙིང་ལས་སླ་པོ་ཁ་ཤས་དང་། ས་ཁྲ་དང་། དཔེ་རྣམས་བསྟན་པའོ།’’ཞེས་འཁོད་འདུག་ལ། སྒྱུར་མཁན་སོགས་ཀྱི་སྐོར་ལའང‘‘འབའ་ཏང་ཡུལ་ཞེས་པའི་སྐལ་བཟང་དབང་འདུས་ཀྱིས་བོད་སྐད་དུ་གྱུར་བ་དང་། ས་ཁྲ་དང་། དཔེ་རྣམས་ནི་སྐལ་བཟང་ཚེ་རིང་གིས་གང་ཀ་རྩམ་དུ་བྲིས་པའོ།།’’[13]ཞེས་བྲིས་འདུག བོད་ཡིག་ཏུ་རྩོམ་མཁན་གྱི་མིང་སོགས་གསལ་པོ་བྲིས་མེད་མོད། ཨིན་ཡིག་ཏུ‘‘ GEOGRAPHY : CONTAINING A FEW SIMPLE FACTS ABOUT NATURE AND THE WORLD , FOR TIBETANS. WITH MAPS AND ILLUSTRATIONS . WRITTEN AND ARRANGED BY MRS . A.L. SHELTON. TIBETAN TRASLATION AND INTERPRETATION BY GEZONG ONGDU OF BATANG . MAPS AND ILLUSTRATIONS NEARLY ALL DRAW BY GEZONG TSERING.’’ཞེས་ཧ་ཅང་ཁ་གསལ་བ་ཞིག་བྲིས་ཡོད་ཅིང་། ཨིན་ཡིག་ཤན་སྦྱར་འདི་ལ་བལྟས་ན་དེབ་འདིའི་རྩོམ་པ་པོ་དང་སྒྲིག་པ་པོ་གཉིས་ནི་ལྕམ་སྐུ་ཧྥུ་ལོ་ར ཞ་ཌིན་ཡིན་པ་རྟོགས་ཐུབ། དེབ་འདི་སྤྱི་ལོ་༡༩༢༢ལོར་ཀ་ལི་ཀུ་ཏར་ཡོད་པའི་The Baptist Mission Press ཟེར་བའི་ཡེ་ཤུའི་ཆོས་ཚོགས་ཤིག་གི་མིང་ཐོག་ནས་པར་སྐྲུན་བྱས་འདུག་ལ། ཡེ་ཤུའི་ཆོས་ཚོགས་འདིས་བོད་དང་འབྲེལ་བའི་དེབ་གཞན་དག་མང་པོ་ཞིག་ཀྱང་པར་སྐྲུན་བྱས་པའི་ལོ་རྒྱུས་ཡོད་པ་མཐོང་།

སྐབས་འདིར«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས་ཤིག་གླེང་ཁུལ་བྱས་ན། ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ནི་སྤྱི་ལོ་༡༨༧༡ལོར་ཨ་རིའི་ནུབ་དབུས་ཀྱི་ས་ཆ་ཀང་ས་ཟི(Kansas)ཞེས་པའི་ཡུལ་དུ་སྐྱེས་འདུག་ཅིང་། སྤྱི་ལོ་༡༨༩༧ལོར་ཨ་བྷལ ལེ་རོ ཞ་ཌིན (Albert LeRoy Shelton1875-1922)མཉམ་དུ་གཉེན་སྒྲིག་བྱས།    སྤྱི་ལོ་༡༩༠༣ལོར་ཧྥུ་ལོ་ར་ཞ་ཌིན་ལགས་ཁྱོ་ག་དང་ལྷན་དུ་ཁམས་དར་མདོ་ཕྱོགས་སུ་འབྱོར་ཡོད་ཅིང་། རིམ་བཞིན་ཊོ་རོ་ཌི (Dorothy1904-1997)  དང་ ཊོ་རེ་སི(Dorris)  ཞེས་པའི་བུ་མོ་གཉིས་སྐྱེས་འདུག སྐབས་དེར་ཁམས་ཕྱོགས་སུ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོར་འགྲོ་འདུག་རང་དབང་ཆེན་པོ་མེད་ནའང་། ཁོང་ཁྱོ་ཤུག་གཉིས་ཀྱིས་ཐབས་ཤེས་སྣ་ཚོགས་བཏང་སྟེ་འབའ་ཐང་གི་ཡེ་ཤུའི་ཆོས་ཚོགས་ཤིག་ཏུ་བསྡད་དེ་འཚོ་བ་རོལ་འདུག སྤྱི་ལོ་༡༩༠༨ནས་བཟུང་འབའ་ཐང་དུ་གཞི་ཆགས་པར་བཤད་ཅིང་། སྤྱི་ལོ་༡༩༡༢ལོར«བོད་མཐའ་མཚམས་སྟེང་གི་ཉི་འོད་དང་གྲིབ་ནག» (Sunshine and Shadow on the Tibetan Border)ཅེས་པའི་དེབ་ཅིག་བརྩམས། སྤྱི་ལོ་༡༩༢༢ལོར«འཛམ་གླིང་རྒྱས་བཤད»( GEOGRAPHY) དང«ལྷ་མོའི་རྣམ་ཐར»( Lha-mohi rnams-thar, A Story Book For Tibetan Boys And Girls Being Translations Of Fairy Stories And Fables Including The Story Of Esther)པར་སྐྲུན་བྱས་ཡོད་པ་མ་ཟད། སྤྱི་ལོ་༡༩༢༣ལོར་ཁོ་མོས་རང་ཉིད་ཀྱི་ཁྱོ་གའི་ལོ་རྒྱུས་སྟེ«བོད་ཀྱི་ཞ་ཌིན»( Shelton of Tibet )ཞེས་པ་བརྩམས། ཡང་། སྤྱི་ལོ་༡༩༢༩ལོར«ཤམ་བྷ་ལ་ནས་བྱུང་བའི་གླུ»(The Chants From Shangri-La)ཞེས་པ་ཨིན་ཡིག་ཏུ་བསྒྱུར་ཡོད་ཅིང་། སྤྱི་ལོ་༡༩༥༡ལོར་སྔར་ཁོ་མོས་རང་གི་ཁྱོ་ག་དང་མཉམ་འབྲེལ་གྱིས་བརྩམས་པའི«བོད་ཀྱི་དམངས་ཁྲོད་གཏམ་དཔེ» ( Folk Tales of Tibet)ཞེས་པའི་དེབ་དེ་པར་སྐྲུན་བྱས། མཐར་སྤྱི་ལོ༡༩༦༦ལོར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནེ་ཡ་ཞེས་པའི་མངའ་སྡེ་དེ་རུ་གྲོངས་འདུག[14]

རྩོམ་པ་པོའི་ནང་མི་འབའ་ཐང་དུ་བཞུགས་སྐབས།

ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱིས་སྤྱི་ལོ་༡༩༠༤ལོ་ནས་བཟུང་བོད་ཡིག་སྦྱངས་ཡོད་པའི་ལོ་རྒྱུས་ཡོད་ཅིང་། ཁོ་མོའི་བོད་ཡིག་དགེ་རྒན་ནི«འཛམ་གླིང་རྒྱས་བཤད»བོད་ཡིག་ཏུ་སྒྱུར་མཁན་སྐལ་བཟང་དབང་འདུས་ཞུ་བ་ལགས་རེད། ཁོང་གི་ལོ་རྒྱུས་སོགས་བཙལ་འཚོལ་བྱས་ཀྱང་གསལ་པོ་ཞིག་མ་རྙེད་ཀྱང་། « བོད་ཐོག་འཛིན་པའི་ལྟ་ཚུལ་གསར་པ»(Pioneering on Tibet)ཞེས་པའི་དེབ་[15]ནང་ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་བོད་ཡིག་དགེ་རྒན་དུ་ཇི་ལྟར་གྱུར་ཚུལ་དང་། དེ་ནས་མོའི་ལས་རོགས་སུ་ཇི་ལྟར་གྱུར་ཚུལ་སོགས་ཀྱང་བྲིས་འདུག དེ་བཞིན་དུ«ཤམ་བྷ་ལ་ནས་བྱུང་བའི་གླུ»ཞེས་པའི་དེབ་ཀྱི་གླེང་བརྗོད་[16]དུའང་སྐལ་བཟང་དབང་འདུས་ལགས་ཀྱིས་ཨ་བྷལ ལེ་རོ ཞ་ཌིན་བཟའ་ཟླ་གཉིས་ལ་ཡིག་སྒྱུར་ཐད་ལ་ཕྱག་ལས་གནང་ཞིང་། ཁོང་གཉིས་ཀྱི་བོད་ཡིག་དགེ་རྒན་ཡིན་པའི་ལོ་རྒྱུས་སོགས་ཀྱང་གསལ་པོར་བཀོད་ཡོད། ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱིས་བོད་ཤར་ཕྱོགས་ཀྱི་དམངས་གླུ་སྐོར་ཞིག་བོད་ཡིག་ནས་ཨིན་ཡིག་ཏུ་བསྒྱུར་པའི་«ཤམ་བྷ་ལ་ནས་བྱུང་བའི་གླུ»ཞེས་པ་པར་དུ་བསྐྲུན་ཡོད་ཅིང་། ད་དུང་སྐལ་བཟང་དབང་འདུས་ཀྱི་རོགས་རམ་འོག«ལྷ་མོའི་རྣམ་ཐར»ཞེས་པའང་བོད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པ་རེད། འདི་ལ་བལྟས་ན་ཁོ་མོའི་བོད་ཡིག་གི་ཤེས་ཚད་ཧ་ཅང་ཡག་པོ་ཡོད་པར་སྣང་མོད། འོན་ཀྱང་། ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་དང་། སྐལ་བཟང་དབང་འདུས་ལགས། སྐལ་བཟང་ཚེ་རིང་གསུམ་གྱིས་མཉམ་རུབ་ཀྱིས«འཛམ་གླིང་རྒྱས་བཤད»སྐོར་ལ་ཕྱག་ལས་གནང་ཚུལ་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་ལ་བལྟས་ཀྱང་གནས་སྐབས་རིང་མ་རྙེད་མོད། འདིར་ཞུ་འདོད་པ་གཞན་ཞིག་ནི། «མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསར་རྙེད་གསུང་རྩོམ»ནང་གི«འཛམ་གླིང་རྒྱས་བཤད»ནི་སྤྱི་ལོ་༡༩༢༢ལོར་ཀ་ལི་ཀུ་ཏ་ནས་པར་སྐྲུན་བྱས་པའི་དེབ་དེའི་ནང་གི་ལེའུ་ཞིག་རེད་ལ། ཐེངས་འདིར་ཕྲན་གྱི་ལག་ཏུ་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་སྐུ་ཚ་གཡུང་དྲུང་རྒྱལ་ལ་སྩལ་པའི«འཛམ་གླིང་རྒྱས་བཤད»དེ་མ་རག་པས། མ་ཡིག་དང་བུ་ཡིག་གཉིས་བསྡུར་བའི་རིམ་པ་དེ་སྐབས་གཞན་ཞིག་ཏུ་བསྐྱུར་བ་ཡིན་ནོ།།

འོ་ན། གལ་སྲིད་དགེ་འདུན་ཆོས་འཕེལ་གྱི་ཕྱག་ཏུ«འཛམ་གླིང་རྒྱས་བཤད»རག་ཡོད་ན་ཇི་ལྟར་རག་པ་ཡིན་ནམ་ཞེ་ན། ཕལ་ཆེར་ཁོང་རྒྱ་གར་དུ་བཞུགས་དུས་རག་ཡོད་སྲིད་ལ།  སྤྱི་ལོ༡༩༤༤ལོའི་སྔ་རྗེས་ཀུན་ཏུ་ཁོང་ཀ་ལི་ཀུ་ཏར་རྒྱུན་བཞུགས་བསྐྱངས་ཡོད་པའི་སྐབས་དེ་འདྲ་ཞིག་ལ་རག་ཡོད་པའི་ཚོད་དཔག་བྱེད་རྒྱུ་ལས་མ་འདས། ཡང་ན། ག་ཤེད་ཅིག་ནས་ཧོར་ཁང་གི་ཕྱག་ཏུ་དེབ་འདི་ཐོབ་རྗེས་ཁོང་གིས་དེབ་འདི་རྒྱ་གར་ནས་པར་སྐྲུན་བྱས་པ་དང་། བོད་ཡིག་ཡིན་པ། སྔར་དགེ་ཆོས་ཀྱིས་བརྗོད་གཞི་འདིའི་ཐད་དོ་སྣང་མཛད་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ཏེ་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་བཅུག་ཡོད་ཀྱང་སྲིད་མོད། དེབ་འདིའི་བུ་ཡིག་གི་ཡིག་གཟུགས་དགེ་ཆོས་ཀྱི་རེད་ཟེར་བ་དེས་དྲི་བ་འདི་རྙོག་ཟིང་ཅན་དུ་བསྒྱུར་འདུག

 

  ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་ཁྱོ་ག་དང་བུ་མོ།

 

«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོའི་ཁྱོ་ག་ཨ་བྷལ ལེ་རོ ཞ་ཌིན་ནི་སྤྱི་ལོ་༡༨༧༥ལོར་ཨ་རིའི་ཨིན་ཌི་ཡ་ན་ཞེས་པའི་གྲོང་ཁྱེར་དུ་སྐྱེས་འདུག་ལ། ཁོང་ནི་སྨན་པ་དང་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ཞིག་རེད།

རྩོམ་པ་པོའི་བུ་མོ་གཉིས།

སྤྱི་ལོ་༡༩༠༣ལོར་Foreign Christian Missionary Society  ཞེས་པའི་ཆོས་ཚོགས་ཀྱིས་མངགས་བཀོད་བཞིན་རྒྱ་ནག་ཏུ་འབྱོར་ཡོད་ཅིང་། ལྕམ་སྐུ་ཟོ་ཛིས་ཁར་སོན(Susanna Carson Rijnhart 1868 – 1908)ལགས་དང་ལྷན་དུ་ཁམས་འབའ་ཐང་ཕྱོགས་སུ་ཕེབས་ཏེ་ཡུལ་དེའི་མི་རྣམས་སྨན་བཅོས་བྱས་འདུག ཁོང་གིས་ཁམས་ཕྱོགས་ཀྱི་བོད་མི་ཚོར་སྨན་བཅོས་དང་ཡེ་ཤུའི་ཆོས་ལུགས་སྤེལ་བཞིན་དུ་བོད་ཀྱི་ཅ་དངོས་རྙིང་པ་དང་ཐང་ག་སོགས་ཀྱིས་གཙོས་པའི་བོད་ཀྱི་གནའ་རབས་ཀྱི་དངོས་རྫས་དག་བསྡུ་གསོག་བྱས་འདུག ཨ་བྷལ ལེ་རོ ཞ་ཌིན་ཚང་ཁམས་ཕྱོགས་སུ་འབྱོར་ནས་མི་ལོ་བཅུ་དགུ་རིང་ཨ་རིར་ཐེངས་གཉིས་ལོག་ཡོད་ཅིང་། ཕ་ཡུལ་དུ་ལོག་ཐེངས་རེར་བོད་ཀྱི་གནའ་རབས་ཀྱི་དངོས་རྫས་དག་ཨ་རིའི་འགྲེམས་སྟོན་ཁང་(New Jersey Museum)ལ་བཙོང་བར་བཤད། སྤྱི་ལོ་༡༩༢༡ལོར་ཁོང་གིས་ཨ་རིའི«འཛམ་གླིང་རྒྱས་བཤད»(National Geographic ) སྟེང་དུ‘‘བོད་ཤར་ཕྱོགས་ཀྱི་ཡུལ་མི་རྣམས་ཀྱི་མི་ཚེ’’ཞེས་པ་སྤེལ་ཡོད་ཅིང་། ལོ་དེར«བོད་ཐོག་འཛིན་པའི་ལྟ་ཚུལ་གསར་པ»ཞེས་པའི་དེབ་དེ་ཡང་པར་སྐྲུན་བྱས་ཡོད།

སྤྱི་ལོ་༡༩༢༡ལོར་ཁོང་འབའ་ཐང་དུ་ཕྱིར་ལོག་གནང་སྟེ། ལྷ་སར་འགྲོ་བར་སྟ་གོན་བྱས་ཡོད་པར་མ་ཟད། རྒྱལ་དབང་སྐུ་འཕྲེང་བཅུ་གསུམ་པས་ཀྱང་ཁོང་ལྷ་སར་ཡོང་ཆོག་པའི་ཆོག་མཆན་ཕྱག་འཕྲིན་བསྩལ་ཡོད་ལ། ‘‘འབའ་སྟོད་རྨིའི་གོའི་ཨེམ་རྗེ་ཧྲི་ཅན་པི་ལ་སྤྲོད’’ཅེས་པའི་ཕྱག་འཕྲིན་དེ་དེང་སང་ཡང་མཇལ་རྒྱུ་འདུག འོན་ཀྱང་། སྟབས་མ་ལེགས་པར་སྤྱི་ལོ་༡༩༢༢ལོའི་ཟླ་༢པའི་ཚེས་༡༦ཉིན་ཁམས་ཕྱོགས་ཀྱི་སྒར་ཐོག་ཅེས་པའི་ཡུལ་དེའི་ལམ་བར་ནས་ཇག་པས་མེ་མདའ་བརྒྱབ་སྟེ་བསད་འདུག[17] སྐབས་དེར། ཁོང་གི་བཟའ་ཟླ་ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་རྒྱ་གར་ཀ་ལི་ཀུ་ཏ་ན་ཡོད་ཅིང་། ཁོ་མོས་«འཛམ་གླིང་རྒྱས་བཤད»དང«ལྷ་མོའི་རྣམ་ཐར»སོགས་པར་སྐྲུན་བྱེད་བཞིན་ཡོད།

ཁོང་བཟའ་ཟླ་གཉིས་ཀྱི་བུ་མོ་ཆུང་བ་ཊོ་རེ་སི(Dorris) ལགས་ཀྱི་ལོ་རྒྱུས་གསལ་ཙམ་མི་འདུག་མོད། ཡིག་ཆ་རེ་ཟུང་ལྟར་ན་མོས་པར་ལེན་སྒྱུ་རྩལ་དང་རི་མོའི་སྒྱུ་རྩལ་ཕྱོགས་ལ་ཕྱག་ལས་གནང་ཡོད་པ་འདྲ་ལ། བུ་མོ་ཆེ་བ་ཊོ་རོ་ཌི (Dorothy1904-1997)ལགས་ཡེ་ཤུའི་ཆོས་སྤེལ་མཁན་དང་། རྩོམ་པ་པོ་ཞིག་ཏུ་གྱུར་འདུག སྤྱི་ལོ་1930-1940ཁོ་མོས་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཅན་གྱི་དེབ«བོད་ནང་གི་སའོ»(Sue in Tibet)ཞེས་པ་བརྩམས་ཏེ་པར་སྐྲུན་བྱས་ཤིང་། དེབ་དེ་གྲགས་སྐད་ཆེན་པོ་རྒྱས་སྐད། སྐུ་ཚེའི་མཇུག་ཏུ་རྒྱ་གར་དུ་ཕེབས་ཏེ་ཕྱི་སྡོད་བོད་མི་རྣམས་ལ་རོགས་རམ་གནང་བའི་ལོ་རྒྱུས་འདུག་ཅིང། ལོ་རྒྱུས་དེ་ལེའུ་གཞན་ཞིག་གོ།

 

དཔྱད་ཡིག་དང་ཞབས་མཆན།

 

[1] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས ༡༠

[2] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས ༡༠

[3] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས ༣༤

[4] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་གཉིས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ཤོག་གྲངས༡༥༧

[5] མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ། རྡོ་རྗེ་རྒྱལ་གྱིས་བསྒྲིགས། ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། ༢༠༠༢ ཤོག་གྲངས ༨

[6] སྦྲེལ་ཐག་འདི་ན་གསལ།   http://www.tsanpo.com/forum/10488.html

[7] སྦྲེལ་ཐག་འདི་ན་གསལ། http://www.tibetcm.com/contemporary/critical/2014-12-11/3272.html  (ལུང་ཚིག་དུམ་བུ་འདིའི་ནང་ཡིག་ནོར་སོགས་མཆིས་མོད། ཕྲན་གྱིས་མ་ཡིག་སོར་འཇོག་བྱས་ཡོད།)

[8] ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་གདན་རབས་སོ་གཉིས་པ་རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། ངག་དབང་ཉི་མ། པོད་གསུམ་པ།
དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད། ༢༠༠༣ ཤོག་གྲངས ༦༥༤

[9] ཚེར་མའི་ལམ་གྱི་ང་རོ། མེ་ལྕེས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས ༧༨

[10] སྦྲེལ་ཐག་འདི་ན་གསལ། http://www.tibetcm.com/contemporary/critical/2014-12-11/3272.html (ལུང་ཚིག་དུམ་བུ་འདིའི་ནང་ཡིག་ནོར་སོགས་མཆིས་མོད། ཕྲན་གྱིས་མ་ཡིག་སོར་འཇོག་བྱས་ཡོད།)

[11] སྦྲེལ་ཐག་འདི་ན་གསལ། http://www.tsanpo.com/forum/10488.html

[12] དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༧ ཤོག་གྲངས་ ༣༤༥

[13] བོད་རིག་པ་བ་བདེ་སྦྱིན་བཟང་མོ(Heather Stoddard)ལགས་ཀྱིས་ཕྲན་ལThe Baptist Mission Press ཟེར་བའི་ཡེ་ཤུའི་ཆོས་ཚོགས་ཀྱི་མིང་ཐོག་ནས་པར་སྐྲུན་བྱས་པའི«འཛམ་གླིང་རྒྱས་བཤད»ཀྱི་ཡིག་ཆ་འགའ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུའོ།།

[14] https:// exploringtibet.wikischolars.columbia.edu/Flora+BealShelton (ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་ལོ་རྒྱུས་རྒྱས་པ«བོད་ཐོག་འཛིན་པའི་ལྟ་ཚུལ་གསར་པ»ཞེས་པའི་ནང་འདུག འོན་ཀྱང་ཁོ་མོའི་འདྲ་པར་ཞིག་ཨེ་རག་སྙམ་སྟེ་གང་ས་གང་དུ་བཙལ་ཀྱང་མ་རྙེད།)

[15] Pioneering on Tibet . A Personal Record of Life and Experience in Mission Flelds By ALBERT L . SHELTON,  M.D.Copy right, 1921, by FLEMING H. REVELL COMPANY. P, 58 p, 78 p, 108 p, 124 p ;128

[16] CHANTS FROM SHANGRI-LA . Original Translation From the Tibetan by FLORA BEAL SHELTON. Copyright 1939 by Dorris Shelton Still. P, 6

[17] https :en.wikipedia.org/wiki/Albert_Shelton( ཁོང་གི་སྐུ་ཚེའི་ལོ་རྒྱུས«བོད་ཀྱི་ཞ་ཌིན»ཞེས་པའི་ནང་གསལ་བས། ཐུགས་སྣང་ཅན་ཚོས་དེ་ལ་གཟིགས་པར་ཞུ།)