གོང་གི་སྐད་ཆ་གཉིས་ནི་བོང་རྫིའི་ཡིན་ས་རེད། མིན་པའི་རེ་བ་ཆེ། དེ་ཅི་ཡིན་ཞེ་ན། ངའི་སེམས་ལ་བོང་རྫི་ཁོས་མི་གསོན་པོ་ལ་སྐད་ཆ་ཤི་རོ་བཤད་ཀི་མ་རེད་བསམ། སྤྱིར་ང་ལ་མཚོན་ན། ཐོག་མ་དེ་སུ་ཡིན་མིན་དེ་དེ་འདྲ་གལ་ཆེན་པོ་མིན། གཙོ་བོ་བདེན་དོན་གསལ་བོ་ཡིན་པ་དེ་གལ། གཤམ་དུ་ངེད་ཀྱིས་དེ་སྔོན་འདིའི་སྐོར་ནས་ཧོར་ཁང་བྱམས་བསྟན་དར་ལགས་དང་ཁ་བརྡ་བྱས་པའི་རྗེས་ཀྱི་རྩོམ་ཡིག་ཆ་ཚང་འགོད་པར་བྱ། དེ་ཅི་ཡིན་ཞེ་ན། བོང་རྫི་ཁོས་རྩོམ་དེ་2009་ལོར་བྲིས་པ་ཡིན་ཚུལ་ཁོ་རང་གིས་ཁས་བླངས་འདུག དེས་ན་དེའི་སྔོན་དུ་ང་ཚོས་དེའི་སྐོར་སྐད་ཆ་བཤད་པ་མ་ཟད། རྩོམ་ཡིག་ཀྱང་བྲིས་ཚར་བ་རེད། དོན་དུ་སུ་རིག་གཞུང་གི་ཁྲམ་པ་ཡིན་མིན་དེ་གསལ་བོར་ཤེས་ཐུབ་རྒྱུ་རེད།

 

འདི་དག་བོང་རྫི་ལ་འཕྲོད་པར་ཆུགས། ཚངས་དབང་གིས2017/3/11ལ།

 

 

ཞར་བཀོད།   སྒྲོལ་དཀར་བྲིས་ཐང་དང་འཛམ་གླིང་རྒྱས་བཤད།

 

འདིར་བཤད་པའི་༼སྒྲོལ་དཀར་བྲིས་ཐང༽་དང་༼འཛམ་གླིང་རྒྱས་བཤད༽་བྱ་བ་ནི། མཆོག་སྤྲུལ་ཧཱུཾ་དཀར་རྡོ་རྗེ་ཚང་གིས་སྦྱིན་བདག་མཛད་པ་དང་། རེབ་གོང་བ་དགེ་རྒན་རྡོ་རྗེ་རྒྱལ་གྱིས་ཕྱོགས་བསྒྲིགས་བྱས་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼གསར་རྙེད་གསུང་རྩོམ༽་ཞེས་པའི་དཔེ་ཆར་བཀོད་པའི་༼སྒྲོལ་མ་དཀར་མོ་༽དང་༼འཛམ་གླིང་རྒྱས་བཤད༽་གཉིས་ལ་བཤད་པ་ཡིན་ཞིང་། དཔེ་ཆ་དེའི་གསལ་བཤད་དུ། ༼སྒྲོལ་དཀར་༽དང་༼འཛམ་གླིང་རྒྱས་བཤད༽་གཉིས་ནི་མཁས་དབང་དགེ་ཆོས་ཀྱི་ཕྱག་བྲིས་ཡིན་ཚུལ་བཤད་ཡོད།

དུས་ཚོད་ཏག་ཏག་ཅིག་ཡིད་ལ་མི་དྲན་ཡང་། ཧ་ལམ་སྤྱི་ལོ་2003་ལོ་ཡས་མས་ཤིག་ལ་༼གསར་རྙེད་གསུང་རྩོམ༽་དེ་ངའི་ལག་ཏུ་སོན་པ་ཡིན་ལ། དེ་དུས་དཔེ་ཆ་དེ་ལྟ་ཞོར་རོང་པོ་དགོན་ཆེན་དུ་ཕྱིན་ནས་རང་དང་ཕ་ཡུལ་གཅིག་པའི་གྲྭ་བ་འགའ་དང་མཉམ་དུ། དགེ་ཆོས་ཀྱི་༼གསར་རྙེད་གསུང་རྩོམ༽་སྐོར་ལས་༼འཛམ་གླིང་རྒྱས་བཤད༽་དང་༼སྒྲོལ་མ་དཀར་མོའི་བྲིས་ཐང༽་གཉིས་དགེ་ཆོས་ཚང་གི་ཡིན་མིན་ཐད་ནས་དོགས་པ་སྐྱེས་ཏེ་རྩོད་པ་ཆུང་ཆུང་ཞིག་བྱས་པ་ཡིན།

ངོ་མ་བཤད་ན། སྐབས་དེར་ང་ལའང་དེ་གཉིས་དགེ་ཆོས་ཚང་གི་མ་ཡིན་པའི་སྒྲུབ་བྱེད་དུ། དགེ་ཆོས་ཚང་གི་འབྲི་སྟངས་ཀྱི་རི་མོ་མ་རེད། རྩོམ་གཤིས་མ་རེད་ཟེར་བ་ཙམ་ལས་རྒྱུ་མཚན་གཞན་བཤད་ཀྱི་མ་རྙེད་པ་ནི་བདེན།

ང་ལ་དོགས་སློང་དེ་འདྲ་ཞིག་བྱུང་དོན་ནི། ༼སྒྲོལ་དཀར་བྲིས་ཐང་༽དེ་དང་། ༼འཛམ་གླིང་རྒྱས་བཤད༽་ནང་དུ། བར་འཇུག་རི་མོ་མང་པོ་ཡོད་པས། ངས་བར་འཇུག་རི་མོ་དེ་རྣམས་དང་རྩོམ་ཡིག་བཅས་ལ་ཞིབ་ཏུ་ལྟ་ཀློག་བྱས་པ་ཡིན། ངེད་ཀྱིས་ནི་༼གསར་རྙེད་གསུང་རྩོམ༽་མ་ཐོན་སྔོན་དུ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་༼མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས༽་ཞེས་པའི་དཔེ་ཆ་དེ་མཇལ་མྱོང་ལ། དེ་རུ་དགེ་ཆོས་ཚང་གི་ཕྱག་བྲིས་ཡིན་ཟེར་བའི་རི་མོ་འགའ་ཡང་བཀོད་ཡོད། དེ་དག་ལ་ཞིབ་མཇལ་བྱས་པའི་དབང་གིས་ཕྱིས་སུ་དགེ་འདུན་ཆོས་འཕེལ་ལགས་ཀྱི་རི་མོ་ཡིན་ཟེར་ཚད་ལ་ཞིབ་བསྡུར་དང་ཉམས་ཞིབ་ཅུང་ཟད་བྱས་པ་ཡིན་པས། ཁོང་གི་རི་མོའི་སྐོར་ལ་ངེས་ཟིན་དང་རྒྱུས་ལོན་མི་དམན་པ་ཞིག་ཐོབ་ཡོད་སྙམ་པའི་གདེང་ཚོད་ཅུང་ཡོད། རི་མོ་པ་སུ་ཡིན་ཡང་རང་རང་ལ་ཚོན་མདངས་དང་འབྲི་སྟངས་ཀྱི་ཆ་ནས་ཁྱད་ཆོས་མི་འདྲ་བ་རེ་ཡོད་པ་དེ་བཞིན་དུ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རི་མོ་རྣམས་ལའང་ཁྱད་ཆོས་དེ་འདྲ་ཞིག་འདུག

ད་དུང་སྙན་རྩོམ་ཁག་ཅིག་ཀྱང་བློར་བཟུང་སྟེ་གོམས་འཇགས་སུ་བཏང་བ་ཡིན་ཕྱིན། མཁས་དབང་དགེ་ཆོས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་དེ་ལའང་རྒྱུས་མངའ་མཆིས་པའི་ཚོར་སྣང་སྐྱེས། མ་རྩ་དེ་དག་ལ་རྐྱེན་བྱས་ནས་༼སྒྲོལ་དཀར༽་དང་༼འཛམ་གླིང་རྒྱས་བཤད༽་གཉིས་ཁོང་གི་ཕྱག་རྩོམ་ཡིན་པར་བཤད་པ་ལ་ཁས་ལེན་དཀའ་བའི་གནས་སུ་གྱར་ནས་རྩོད་པ་དེ་བྱུང་བ་ཡིན།

སྤྱི་ལོ་2007ཡས་མས་ཤིག་ལ། གྲོགས་པོ་ཞིག་བརྒྱུད་དེ་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་བློ་རྡོར་ལགས་དང་ངོ་ཤེས་བྱུང་། ཁོང་གིས་ང་ལ་དཔེ་རྙིང་ཞིག་ཡོད་ཚུལ་དང་། ཉིད་ཀྱིས་བལྟ་རོགས་བྱ་དགོས་ཟེར། ཉིན་ཞིག་ལ་ཁོང་གིས་དཔེ་རྙིང་དེ་ངའི་རྩར་འཁྱེར་ཡོང་སྟེ་ངེད་གཉིས་ཞིབ་ལྟ་བྱས་པ་ཡིན། དཔེ་ཆ་དེ་སྤུས་ལེགས་ཤིག་རེད། ནང་དོན་ལ་བལྟས་རྗེས། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼གསར་རྙེད་གསུང་རྩོམ༽་གྲས་སུ་ཡོད་པའི་༼འཛམ་གླིང་རྒྱས་བཤད༽་ཡིན་པ་གཞི་ནས་ཤེས་སོང་།

འོན་ཏེ། རྩོམ་པ་པོ་ནི་ཡེ་ཤུ་ཆོས་སྤེལ་མཁན་ཡིན་པའི་ཨ་རིའི་བུད་མེད་ཅིག་སྟེ་མིང་ལ་བསོད་ནམས་གཡང་འཛོམ་༼འདི་མོའི་བོད་མིང་ཡིན་པ་ལས་ཨ་རིའི་མིང་མིན་པར་འདོད༽ཟེར་བ་ཞིག་གིས་བསྒྲིགས་པ་དང་། འབའ་ཐང་བ་སྐལ་བཟང་དབང་འདུས་ནས་བོད་ཡིག་ཏུ་བསྒྱུར་བ་དང་། ས་ཁྲ་དང་དཔེ་རིས་རྣམས་ནི་སྐལ་བཟང་ཚེ་རིང་གིས་བྲིས་ཞེས་འཁོད་ཡོད་པ་མ་ཟད། དཔེ་ཆ་དེ་ནི་སྤྱི་ལོ་1922ལོར་དཔར་དུ་བཏབ་ནས་འགྲེམས་སྤེལ་བྱས་ཚར་འདུག
ངས་དཔེ་ཆ་དེའི་མཛད་བྱང་གླེང་གཞི་དེ་མཐོང་རྗེས། ༼གསར་རྙེད་གསུང་རྩོམ༽་ནང་གི་༼འཛམ་གླིང་རྒྱས་བཤད༽་དེ་མཁས་དབང་དགེ་ཆོས་ལགས་ཀྱི་བརྩམས་ཆོས་མིན་པ་གཞི་ནས་ཤེས་རྟོགས་བྱུང་། དེ་ནས་ལོ་དེའི་དབྱར་ཀ་ཞིག་ལ་ང་ལྷ་ས་ནས་རེབ་གོང་དུ་སོང་བ་ཡིན་ལ། ཉིན་ཞིག་ལ་རེབ་གོང་ཁུལ་ཐོག་ཏུ་དགེ་རྒན་རྡོ་རྗེ་རྒྱལ་ལ་ཐུག་བྱུང་བས། ངས་ལམ་སེང་ཁོ་ལ་༼གསར་རྙེད་གསུང་རྩོམ༽་ནང་གི་༼འཛམ་གླིང་རྒྱས་བཤད༽་དེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་རྩོམ་མིན་པའི་སྐོར་གསལ་བཤད་བྱས་པ་ཡིན། ཡིན་ནའང་། དགེ་རྒན་རྡོ་རྗེ་རྒྱལ་གྱིས་ངའི་སྐད་ཆ་དེར་དང་ལེན་མི་བྱེད་པའི་ཉམས་ཤིག་བསྟན་ནས་༼འཛམ་གླིང་རྒྱས་བཤད༽་དེ་དགེ་ཆོས་ཚང་གི་ཡིན་ཤག་གི་རྒྱུ་མཚན་དུ། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་བཤད་དོ་ཟེར།
དེ་ནས་མི་འགྱངས་པར་ང་སླར་ལྷ་སར་ལོག་ནས་ཧོར་ཁང་བྱམས་པ་བསྟན་དར་ལགས་ལ་དེའི་སྐོར་གྱི་གནས་ཚུལ་གང་འདྲ་ཡིན་མིན་ཐད་བཅར་འདྲིར་སོང་བ་ཡིན། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་གསུངས་པ་ལྟར་ན། ༼གསར་རྙེད་གསུང་རྩོམ༽་ནང་གི་༼འཛམ་གླིང་རྒྱས་བཤད༽་དེ་དགེ་ཆོས་ཚང་གི་གསུང་རྩོམ་སྐོར་ཞིག་དང་མཉམ་དུ་སྐུ་ཚ་གཡུང་དྲུང་རྒྱལ་ལ་རྩིས་སྤྲོད་བྱས་པ་ཡིན་ལ། སྐབས་དེར་སྐུ་ཚ་གཡུང་དྲུང་རྒྱལ་ལ་༼འཛམ་གླིང་རྒྱས་བཤད༽་འདི་དགེ་ཆོས་རིན་པོ་ཆེའི་ལྗགས་རྩོམ་ཡིན་མིན་ཞིབ་དཔྱོད་གནང་བར་ཞུ་ཞེས་བཤད་པ་ལས། དེ་དགེ་འདུན་ཆོས་འཕེལ་ལགས་ཀྱི་རེད་ཅེས་བཤད་མ་མྱོང་མོད། བློ་ཕམ་པ་ཞིག་ལ་ཁོང་གཉིས་ཀྱིས་རྩོམ་དེ་དགེ་ཆོས་ཚང་གི་ཡིན་པ་གཞིར་བཞག་གིས་དཔར་དུ་བཏབ་ནས་འགྲེམ་སྤེལ་བྱས་འདུག་ཟེར།
སྐབས་དེར། སྐུ་ཞབས་བོང་རྫི་ལགས་ཀྱང་ལྷ་སར་ཐོན་ཡོད་པས། ངེད་གཉིས་བཤད་ཕྱོགས་ཤིག་གིས་དགེ་འདུན་ཆོས་འཕེལ་གྱི་སྐོར་གླེང་ནས་རྩོད་པ་ཐུག་བྱུང་། བོང་རྫི་ལགས་ཀྱིས་ཀྱང་༼འཛམ་གླིང་རྒྱས་བཤད༽་ནི་དགེ་ཆོས་ཀྱི་མ་རེད། དགེ་འདུན་ཆོས་འཕེལ་ལ་འདི་འདྲ་ཞིག་བརྩམས་ཐུབ་པའི་ཆུ་ཚད་མི་འདུག་ལྟ་བུའི་སྐད་ཆ་རྣར་གཟན་པ་འགའ་བཤད་བྱུང་བས་ངེད་གཉིས་ཀྱི་རྩོད་གཞི་དེ་ཅུང་ཛ་དྲག་ཏུ་གྱུར།

དེ་ནས་ངེད་ཀྱིས། ༼འཛམ་གླིང་རྒྱས་བཤད༽་དགེ་ཆོས་ཚང་གི་མིན་པ་ནི་བདེན་པ་རེད་ཀྱང་། དེ་འདྲ་ཞིག་དགེ་ཆོས་ཚང་གིས་བརྩམས་མི་ཐུབ་པར་བཤད་པ་ནི་དྲང་བདེན་གྱི་སྐད་ཆ་ཞིག་མིན་པའི་རྒྱུ་མཚན་དུ། ༼རྒྱལ་ཁམས་གསེར་གྱི་ཐང་མ༽་རུ་འཁོད་པའི་རྒྱ་གར་གྱི་སྐོར་ནི། ༼འཛམ་གླིང་རྒྱས་བཤད༽་དུ་བཤད་པའི་རྒྱ་གར་གྱི་སྐོར་ལས་ཞིབ་ཆ་དང་ཁུངས་བཙན་ཡིན་པའི་རྒྱུ་མཚན་དང་བཅས་བཤད་པ་ཡིན། དཔེར་ན། དགེ་ཆོས་ཚང་གི་༼གསེར་ཐང་༽དུ། དྲི་ཟའི་བཟོ་རྩལ་དང་གུཔྟའི་བཟོ་རྩལ་དང་འབྲེལ་བའི་ལོ་རྒྱུས་རྣམས་ནི་དེང་གི་རྒྱ་གར་གྱི་ལོ་རྒྱུས་སུ་བཤད་པ་དང་གཅིག་པ་གཅིག་རྐྱང་རེད་ཅེས་བཤད་པ་ན། བོང་རྫི་ལགས་ཀྱིས་ཀྱང་ཁོས་འདི་ལྟར་དགེ་ཆོས་ལ་དགག་པ་རྒྱག་དགོས་དོན་ནི་ཕྱོགས་རེས་དང་ཕྲག་དོག་སོགས་གང་ཡང་མིན་ཚུལ་དང་། དེང་སང་གི་སློབ་གྲྭ་བ་ཚོས་དགེ་ཆོས་གཅིག་པུ་གླེང་ནས་སྔོན་བྱོན་མཁས་པ་གཞན་དག་གི་མཛད་རྗེས་སོགས་མི་གླེང་བ་དེར་དམིགས་ནས་དགེ་ཆོས་ལ་དགག་པ་རྒྱག་གི་ཡོད་ཚུལ་རྒྱུ་མཚན་དང་བཅས་ཏེ་བཤད་སོང་།

དེ་ནས་སྤྱི་ལོ་2008ལོར། ཧོར་ཁང་བྱམས་པ་བསྟན་དར་ལགས་དང་། དགེ་བློ་དགའ་ལགས་གཉིས་ཀྱིས་ང་ལ་རྒྱབ་སྐྱོར་བྱས་པ་ལྟར་ང་ཚོས་མཉམ་དུ་རྒྱ་མ་ཁྲི་སྒང་གི་རྟེན་རྙིང་འགའ་རེ་དང་ལོ་རྒྱུས་ཡིག་ཚང་ཁག་ཅིག་ལ་ཉམས་ཞིབ་ཅུང་ཟད་བྱས་པ་ཡིན། དེ་དུས་ངས་ཡང་བསྐྱར་ཧོར་ཁང་བྱམས་པ་བསྟན་དར་ལགས་ལ་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་༼གསར་རྙེད་གསུང་རྩོམ༽་ནང་གི་༼འཛམ་གླིང་རྒྱས་བཤད༽་དང་། རཀ་ར་རིན་པོ་ཆེའི་ཕྱག་བྲིས་༼སྒྲོལ་མ་དཀར་མོ་༽གཉིས་དགེ་ཆོས་ཚང་གི་མིན་ཚུལ་གྱི་གསལ་བཤད་ཡི་གེ་ཞིག་བྲི་ན་ལེགས་ཚུལ་གྱི་རྒྱུ་མཚན་ཞུས་པ་ན། ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས། ༼སྒྲོལ་མ་དཀར་མོའི་བྲིས་ཐང་༽དང་༼འཛམ་གླིང་རྒྱས་བཤད༽་གཉིས་ནི་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཕྱག་རྩོམ་མིན་པ་ནི་དངོས་ཐོག་བདེན་གསལ་རེད། སྒྲོལ་དཀར་དེ་རཀ་ར་རིན་པོ་ཆེའི་ཕྱག་བྲིས་ཡིན་པ་རཀ་ར་རིན་པོ་ཆེ་རང་གིས་འཕྲིན་ཡིག་ཅིག་བཏང་འོངས་པའི་ཡི་གེའི་ནང་དུ་གསལ་བོར་བཤད་ཡོད་པ་དང་། ༼འཛམ་གླིང་རྒྱས་བཤད༽་ནི། ཁྱེད་ཀྱིས་མཐོང་བ་ནང་བཞིན་ཨ་རིའི་ཡེ་ཤུ་ཆོས་སྤེལ་མཁན་བསོད་ནམས་གཡང་འཛོམ་དང་། འབའ་བ་སྐལ་བཟང་དབང་འདུས་དང་། སྐལ་བཟང་ཚེ་རིང་བཅས་ཀྱིས་རྩོམ་སྒྱུར་བྱས་ནས་དཔར་དུ་བཏབ་པ་ཞིག་པ་ཡིན་པ་དཔེ་ཆ་དེའི་མཛད་བྱང་དུ་གསལ་བ་དེ་རེད་ཅེས་གསུངས།

༼སྒྲོལ་དཀར་བྲིས་ཐང་༽ནི་རཀ་ར་རིན་པོ་ཆེའི་ཕྱག་བྲིས་ཡིན་ཚུལ་ནི། རཀ་ར་རིན་པོ་ཆེས་ཧོར་ཁང་བྱམས་པ་བསྟན་དར་ལགས་ལ་སྤྲིངས་པའི་ཡི་གེ་རུ།
གུས་ནས་བྲིས་པའི་སྒྲོལ་དཀར་གྱི་སྐུ་དེ་དགེ་ཆོས་ཀྱི་ཕྱག་བྲིས་ཡིན་ཅེས་ཨ་ལྕེ་བདེ་སྐྱིད་ལགས་ལ་ཕུལ་མཁན་བྱུང་འདུག གསར་རྙེད་ནང་དུའང་འདུག ཅེས་གསལ་བ་དེར་བལྟས་ནའང་ཤེས་ཐུབ་ལ། གཞན་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་དེའི་སྐོར་གྱི་གསལ་བཤད་ཡི་གེ་མདོར་བསྡུས་ཤིག་ཕྲན་ལ་གནང་བ་དེའི་ཁ་བྱང་དུ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼གསར་རྙེད་གསུང་རྩོམ ་༽ནང་གི་༼འཛམ་གླིང་རྒྱས་བཤད༽་དང་༼རྗེ་བཙུན་སྒྲོལ་མའི་ཞལ་ཐང་༽དེ་དག་མཁས་དབང་དེའི་ལྗགས་རྩོམ་དང་ཕྱག་བཟོ་མིན་པའི་སྐོར་གྱི་གསལ་བཤད་ཞུ་ཡིག་ཅེས་བྲིས་འདུག

རྩོམ་ཡིག་དེའི་མགོ་ཤོག་གི་གཤམ་དུ། མཁྱེན་ལྡན་ཡངས་པ་སྐུ་ཞབས་ཚངས་དབང་དགེ་འདུན་བསྟན་པ་མཆོག་ལ། ཁོ་བོས་ལག་དལ་དུ་བྲིས་པའི་རྩོམ་ཐུང་ཁག་གཅིག་སྐུ་ཉིད་ནས་དཔྱད་གཞི་མཛད་རྒྱུར་ཕུལ་བ་ཡིན་པས། དེའི་ནང་ནོར་བ་མངས་དག་ཞིག་ཡོད་ངེས་ཡོ་སྲང་གི་བཀའ་སློབ་སྩལ་བའི་རེ་བ་དང་། ད་དུང་སྐུ་ཉིད་ནས་ཉར་ཚགས་གནང་རྒྱུ་ལས་པར་འགྲེམ་དང་གཞན་སྤྲོད་མི་གནང་བ་མཁྱེན་མཁྱེན།
ཧོར་ཁང་བསོད་ནམས་དཔལ་འབར་གྱི་བུ་བྱམས་པ་བསྟན་དར་ནས་གུས་བཏུད་དང་བཅས་ཕུལ་བ་ལགས།
2008,6,6 ཞེས་བྲིས་ཡོད།

མདོར་ན། ༼གསར་རྙེད་གསུང་རྩོམ༽་ནང་གི་༼འཛམ་གླིང་རྒྱས་བཤད༽་ནི། སྤྱི་ལོ་1922ལོར་དཔར་དུ་བཏབ་ནས་འགྲེམ་སྤེལ་བྱས་ཚར་བ་དང་། དེ་དུས་མཁས་དབང་དགེ་འདུན་ཆོས་འཕེལ་ཚང་ནི་དགུང་ལོ་བཅུ་དགུར་སོན་མ་ཐག་པ་ཞིག་དང་། རེབ་གོང་དང་ལྡེ་ཚ་དགོན་སོགས་སུ་སློབ་གཉེར་བྱེད་བཞིན་པའི་སྒང་ཡིན་པས། རྒྱ་གར་ཕར་ཞོག་སྐབས་དེར་ལྷ་ས་ལའང་ཕེབས་མ་མྱོང་བ་ནི་ཧ་ཅང་གསལ་ལོ།།

༼སྒྲོལ་དཀར་ཞལ་ཐང་༽ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས་མིན་པ་རཀ་ར་རིན་པོ་ཆེའི་གསལ་བཤད་དང་ཧོར་ཁང་བྱམས་པ་བསྟན་དར་ལགས་གཉིས་ཀྱིས་གསལ་བོར་བདེན་དཔང་བྱས་ཡོད་པ་དེས་འཐུས་པར་བྱ། ངས་ད་ལྟའི་བར་དུ་གསལ་བསྒྲགས་མ་བྱས་པའི་རྒྱུ་མཚན་ནི། ༼གསར་རྙེད་གསུང་རྩོམ༽་གྱི་རྩོམ་སྒྲིག་པ་དང་སྦྱིན་བདག་ཚོའི་མཚན་སྙན་ལ་གནོད་དོགས་ནས་མ་སྤེལ་བ་ཡིན་ཡང་། ད་བསམས་ན་དེ་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་ཡིན་པ་གཞི་ནས་ཤེས་སོང་།།

ཞེས་ཚངས་དབང་དགེ་འདུན་བསྟན་པས་སྤྱི་ལོ་2015ལོའི་ཟླ་བ་3ཚེས་4ལ་གུས་ཕུལ།