རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས། སྤྱིར་ཤཱཀྱ་ཐུབ་པའི་རྗེས་འབྲངས། ཁྱད་པར་དཔལ་བརྩེ་བ་ཆེན་པོའི་རྗེས་འབྲངས་ཚོ་ལ་དྲན་གསོའམ། གསལ་འདེབས་ཀྱི་ཚུལ་དུ་སྐད་ཆ་ཉུང་ཉུང་ཞིག 

དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ལྡན་ས་སྐྱ་པ་ཆེན་པོ་བདག་ཁྲི་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས། མཆོད་འོས་དང་། བཀུར་འོས། བསྔགས་འོས་ཐམས་ཅད་ལ་དང་པོ་ནས་ངས་ཕྱག་འཚལ་དང་། གུས་འདུད། བསྟི་སྟངས་སྔོན་དུ་འབུལ་རྒྱུ་ཡིན།

མཛད་རིམ་འདིའི་ནང་ལ་ང་བཀའ་སློབ་གནང་མཁན་གྱི་གྲས་སུ་བཞག་འདུག  ད་ལན་གནས་དུས་གཉིས་ཀ་ནས་ངས་བཀའ་སློབ་གནང་རྒྱུ་བབ་འོས་ཀྱང་མི་འདུག་ལ། བཀའ་སློབ་ཟེར་བ་དེའང་རང་གིས་གང་བཤད་པ་དེ་སོ་སོས་ཉམས་སུ་བསྟར་ཐུབ་མཁན་ཞིག་གིས་གནང་དགོས་ཀྱི་ཡོད་རེད། ང་ནི་དུས་རྒྱུན་དེ་འདྲ་མ་ཡིན་པར་ཕལ་ཆེར་ཁ་ཤས་ཀྱིས་མཁྱེན་གྱི་རེད། ཡིན་ནའང་ད་ལན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་འབྱུང་འགྱུར་དུས་ཀྱི་འགྱུར་བ་དང་། མི་ཡི་བསམ་ཚུལ་འཕོ་འགྱུར་ལྡོག་ཏུ་མེད་པ་ཡོང་རྒྱུ་ཡིན་པ་གོར་མ་ཆག་པ་དེ་ཚོ། བདག་ཆེན་ཡེ་ཤེས་ཆེན་པོས་གཟིགས་ཤིང་། སྤྱན་རྒྱང་རིང་པོ་ལ་གཟིགས་ཏེ། ཐུགས་བསྐྱེད་རླབས་པོ་ཆེ་ལ་བརྟེན་ནས། དཔལ་ས་སྐྱ་པའི་དབུ་ཁྲིད་ལམ་སྲོལ་ལ་འཕོ་འགྱུར་བཟང་པོ་གཏོང་གནང་བའི་སྐབས་དེ་དང་། ང་ཚོ་སློབ་འབངས་ཡོངས་ཀྱིས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཞབས་པད་ཡུན་དུ་བརྟན་པར་གསོལ་བའི་བརྟན་བཞུགས་འབུལ་བའི་དུས་ཚོད་དེ་གོ་སྐབས་སུ་དང་དུ་བླངས་ནས་། ང་རང་ཡང་བདག་ཆེན་རྡོ་རྗེ་འཆང་མཉེས་པ་གསུམ་གྱིས་མཉེས་པར་བྱེད་ཐུབ་པའི་སློབ་མ་དེ་འདྲ་གང་ཡང་མ་རེད་དེ། ཡིན་ནའང་རྒྱུ་མཚན་ཕྲན་བུ་རེ་ཤེས་པའི་དགའ་དད་སྤྲོ་གསུམ་ཐོབ་པའི་སློབ་མ་ཐབས་ཆག་དེ་འདྲ་ཞིག་ཡིན་པའི་ངོས་ནས། ད་བར་བདག་ཆེན་རིན་པོ་ཆེའི་བཀའ་དྲིན་གསུམ་གྱིས་ཀྱང་། ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་ནས་ལམ་སྟོན་གནང་དང་གནང་བཞིན་པ་དེ་འདྲའི་ཐུགས་རྗེའི་རྭ་བ་ལས་དུས་རྟག་ཏུ་མི་གཏོང་བ་དང་། ད་ལྟ་འགྲོ་ཤེས་འདུག་ཤེས་ཙམ་ཡོད་པ་འདིའང་མགོན་པོ་ཁྱེད་ཀྱི་བཀའ་དྲིན་ཡིན་པ་དང་། ད་དུང་ཡིན་ནའང་སྐུ་ཚེ་ཞབས་པད་ཡུན་དུ་བཞུགས་པའི་ཐུགས་བསྐྱེད་དང་སྐུའི་འཕྲོད་བསྟེན་ལ་ཐུགས་སྣང་དེ་ཚོ་ཡག་པོ་གནང་དགོས་ཀྱི་ཡོད་ཟེར་ནས་ཨུ་ཚུགས་ཀྱིས་ནན་ཏན་བྱེད་ནས་ཞུ་རྒྱུ་ནི་ད་རེས་ཀྱི་ཞུ་བྱའི་གཙོ་བོ་དེ་ཡིན།

ད་ལྟ་གོང་ནས་ཞུས་པ་ནང་བཞིན་བཀའ་སློབ་ནི་ཡོང་ཡ་ཡོད་མ་རེད། ཡིན་ནའང་ད་ལམ་བདག་ཆེན་རྡོ་རྗེ་འཆང་གིས་འདི་འདྲའི་མཛད་པ་རླབས་པོ་ཆེ་གནང་། འཕོ་འགྱུར་གནད་འགག་ཆེན་པོ་གནང་བའི་དུས་ཚོད་འདིར་སྤྱིར་ན་ཤཀྱ་ཐུབ་པའི་རྗེས་འབྲངས། ཁྱད་པར་དུ་རྗེ་བཙུན་བརྩེ་བ་ཆེན་པོའི་རྗེས་འབྲངས་ཚོ་ལ་དྲན་གསོ་དང་གསལ་འདེབས་ཀྱི་ཚུལ་དུ་སྐད་ཆ་ཉུང་ཉུང་ཞིག་ཞུ་རྒྱུ་ཡིན།

 

ཨ་མི་རི་ཀན་ནས་ཡིན་མིན་འགྲོ་ས་ཆ་ཞིག་ལ་ PO research center ཟེར་བ་ཞིག་ཡོད་རེད། ཡིན་རྒྱུ་ནི་རྣམ་གྲངས་དང་། ཚད་གཤེར་ཞིབ་འཇུག་བྱེད་མཁན་ཁ་ཡོད་ལག་ཡོད་ཞིག་ཡོད་པ་འདྲ་འདུག །ཁོང་ཚོས་ཉམས་ཞིབ་ཀྱི་སྟེང་ལ་སྐད་ཆ་བཤད་པའི་དུས། འཛམ་གླིང་གི་ནང་ལ་ཆོས་ལུགས་མང་པོ་ཞིག་ཡར་རྒྱས་གོང་འཕེལ་རེད་ཀྱི་ཡོད་རེད། ཡར་རྒྱས་གོང་འཕེལ་དུ་མ་ཕྱིན་ནའང་ཉམས་རྒུད་འགྲོ་མཁན་དེ་ཞེ་དྲག་མེད་པ་ནང་བཞིན་རེད། ཡིན་ནའང་ནང་པའི་ཆོས་ལུགས་ནི་ཧ་ཅང་གིས་ཉམས་གུད་འགྲོ་བཞིན་ཡོད་རེད་ཅེས། ཁོང་ཚོས་ཚོད་དཔག་བྱེད་ཀྱི་ཡོད་རེད། PO Research Centre པིའུ་རི་སར་ཆི་སན་ཊིར་གྱི་སྐད་ཆ་བཤད་སྟངས་ནང་བཞིན་བྱས་པ་ཡིན་ན། མ་འོངས་པར་ལོ་བཅུ་ཙམ་གྱི་ནང་ལ་འཛམ་བུ་གླིང་འདིའི་ནང་ན་ནང་པ་སངས་རྒྱས་པའི་མི་འབོར་ས་ཡ་གཉིས་ཉུང་དུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་དེ་འདྲ་བྱེད་ཀྱི་ཡོད་ས་རེད། ཡིན་ནའང་ཆོས་ལུགས་ཁ་ཤས་ནི་ཧ་ཅང་གིས་མང་དུ་འགྲོ་བ་དེ་འདྲ་ཡང་ཡོད་ས་རེད། དཔེར་ན་འཛམ་གླིང་གོ་ལ་ཧྲིལ་པོ་འདིའི་ནང་ལ་མི་འབོར་དེ་སྤྱི་ལོ་ཉིས་སྟོང་ལྔ་ཅུའི་ནང་ལ་བརྒྱ་ཆ་སུམ་ཅུ་སོ་ལྔ་མང་དུ་འགྲོ་ཡི་ཡོད་རེད་ཅེས་ཁོང་ཚོས་དེ་འདྲ་ཚོད་དཔག་བྱེད་ཀྱི་ཡོད་རེད།

ལོ་ཉིས་སྟོང་ལྔ་ཅུའི་ནང་ལ་ཁ་ཆེའི་ཆོས་ལུགས་དེ་འཛམ་གླིང་གོ་ལ་ཧྲིལ་པོའི་ནང་ལ་བརྒྱ་ཆ་བདུན་ཅུ་དོན་གསུམ་བར་གོང་འཕེལ་དུ་འགྲོ་རྒྱུ་རེད་ཟེར་། ད་ལྟ་འཛམ་གླིང་གོ་ལ་ཧྲིལ་པོའི་ནང་ལ་ཁ་ཆེ་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་ས་རེད། མ་འོངས་པར་ཉིས་སྟོང་ལྔ་ཅུའི་ནང་ལ་ཕལ་ཆེར་ཁ་ཆེ་ས་ཡ་སྟོང་ཕྲག་གཉིས་ལས་བརྒལ་འགྲོ་རྒྱུ་རེད་ཟེར་དེ་འདྲ་བཤད་ཀྱི་ཡོད་རེད། རྣམ་གྲངས་དེ་ཚོ་ཐོས་ཡོང་པའི་སྐབས་ན་ཞེ་དྲག་ཞེ་དྲག་བསམ་མནོ་གཏོང་མ་ཤེས་ནའང་། ཕྱོགས་གཅིག་ནས་ཐུགས་ཁྲལ་གནང་དགོས་པ་དེ་འདྲ་ཡིན་ས་རེད། གང་ཡིན་ཟེར་ན་འདི་འདྲ་ནི་འཕོ་འགྱུར་ཆེན་པོ་ཞིག་རེད། སྐད་ཆ་ཆུང་ཆུང་བྱས་ནས་བཤད་བཞག་ནའང་། ཕག་ཤ་ཟ་མཁན་དེ་ལོ་ཉིས་སྟོང་ལྔ་བཅུའི་མཇུག་ལ་ཉུང་དུ་འགྲོ་རྒྱུ་དང་། ཕག་གསོད་མཁན་ཡང་ལོ་ཉིས་སྟོང་ལྔ་ཅུའི་མཇུག་ལ་ཞེ་དྲག་ཉུང་དུ་འགྲོ་ཡི་ཡོད་པ་དེ་འདྲའི་འཕོ་འགྱུར་འགྲོ་ཡི་ཡོད་ས་རེད།

ད་ལྟ་ཉིས་སྟོང་བཅུ་བདུན་ནང་ལ་ནང་པ་ཡིན་ཟེར་མཁན་གྱི་མི་འབོར་རྩིས་རྒྱག་དུས་ས་ཡ་བཞི་བརྒྱ་བརྒྱད་ཅུ་གྱ་བརྒྱད་བརྩི་རྒྱུ་ཡོད་རེད་ཟེར། ཡིན་ནའང་ནང་པའི་གུས་སྒྲིག་འགྲོ་སྟངས་འདི་འདྲ་བྱས་པ་ཡིན་ན་ཕལ་ཆེར་སྤྱི་ལོ་ཉིས་སྟོང་ལྔ་བཅུའི་ནང་ལ་ནང་པའི་མི་འབོར་ས་ཡ་དྲུག་ཅུ་ལྷག་ཉུང་དུ་འགྲོ་རྒྱུ་ཡིན་པ་དེ་འདྲའི་ཚོད་དཔག་བྱེད་ཀྱི་ཡོད་རེད། ང་རང་ཚོ་བསྡད་ས་རྒྱ་གར་འདི་དངོས་གནས་བྱས་ན་ནང་པ་སངས་རྒྱས་པའི་ཕ་ཡུལ་ངོ་མ་རེད་དེ་ཡིན་ནའང་རྒྱ་གར་ནང་དུ་ནང་པ་རྒྱ་གར་གྱི་མི་འབོར་བརྒྱ་ཆ་གཅིག་ཟིན་པ་ཡང་མེད་པ་དེ་འདྲ་རེད། དེ་འདྲ་ཡིན་དུས་ང་ཚོ་སངས་རྒྱས་ཤཀྱ་ཐུབ་པའི་རྗེས་འབྲངས། ཤཀྱ་ཐུབ་པའི་ཆོས་རྒྱུད་ལ་སེམས་ཁྲལ་ཡོད་མཁན་ཡིན་ན། དོ་སྣང་དམིགས་བསལ་ཞིག་གནང་རན་པ་མ་རེད་པས་ཞེས་གསལ་འདེབས་ཞུ་རྒྱུ་ཡིན།

 

ནང་པ་སངས་རྒྱས་པ་ཡི་ཆོས་ལུགས་དར་ས་བོད་དང་། རྒྱ་དཀར་ནག །འབར་མ་དང་ཤྲི་ལངྐ་ཟེར་བ་དེ་ཚོར། མི་རིགས་དང་། སྐད་རིགས། གོམས་གཤིས་དང་ཆོས་བརྒྱུད་སོ་སོར་ཡོད་རེད་དེ་ཡིན་ནའང་། དེ་འདྲའི་ཕྱོགས་རེ་བ་ཡི་ཆེད་དུ་བསམ་མནོ་འདོན་རྒྱུ་དེ་ཚོ་ལས་བརྒལ་ནས་སྤྱིའི་ཐོག་ལ་བསམ་མནོ་གཏོང་རན་པ་མ་རེད་པས་ཟེར་ནས་དྲན་གསོའམ་གསལ་འདེབས་ཞུ་རྒྱུ་ཡིན།

 

ནང་པའི་ཆོས་བརྒྱུད་སོ་སོའི་ཐུན་མིན་གྱི་ལྟ་གྲུབ་དེ་ཚོ་མ་འདྲེས་པར་རྒྱུན་སྐྱོང་བྱེད་པ་ལ་ཕན་ཚུན་གཅིག་གིས་གཅིག་ལ། གཅིག་ཕན་གཅིག་གྲོགས་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་ཚོ་ཐུགས་བསམ་བཞེས་རྒྱུ་དང་།

 

ནང་པའི་ཆོས་བརྒྱུད་དང་སྲོལ་རྒྱུན་རྒྱུན་སྐྱོང་བྱེད་པའི་སྐབས་སུ་ཡང་། མི་རིགས་དང་སྤྱི་ཚོགས་ཀྱི་གོམས་གཤིས་དང་། ནང་ཆོས་གཉིས་ལ་ཤན་འབྱེད་བྱེད་དགོས་ཀྱི་ཡོད་མེད་དེ་ཚོ་ཐུགས་བསམ་གཏོང་དགོས་པ་དང་།

 

ཆོས་ཕྱོགས་རྐྱང་པའི་ཐོག་ནས་བསམ་མནོ་བཏང་བཞག་པ་ཡིན་ན་མི་རིགས་ཀྱི་གོམས་གཤིས་དེ་ཧ་ཅང་གཙིགས་ཆེན་པོ་བྱེད་དགོས་ཀྱི་ཡོད་ན་མེད་ན། དེ་ཡང་ཐུགས་བསམ་གནང་དགོས་རྒྱུ་གཅིག་དང་།

 

སྐབས་འགར། ཡང་ལུང་པའི་ལུགས་སྲོལ་རྙིང་པ། ནང་ཆོས་ལ་ཕན་ཐོགས་ནི་མེད་བསྡད་པ་ཞིག་ལ་གནོད་ནི་སྐྱེལ་མཁན་དེ་ཚོ་ཕལ་ཆེར་གཡུག་བཞག་ཐུབ་པའི་སྤོབས་པ་དེ་དགོས་ཀྱི་ཡོད་ཡིན་ན་མེད་ཡིན་ན།

 

ཕྱོགས་གཞན་ཞིག་ནས་སྔར་ནང་ཆོས་ཞེས་པའི་མཚན་ཙམ་ཡང་ཐོས་མ་མྱོང་མཁན་གྱི་མི་རིགས་དེ་ཚོའི་ནང་ནའང་དེ་སང་ནང་ཆོས་ལ་དོ་སྣང་ཏོག་ཙམ་ཏོག་ཙམ་སླེབས་སྡོད་ཀྱི་ཡོད་རེད། དེ་ཚོ་ལ་ངོས་ལེན་དང་། སློབ་གསོ་བྱེད་སྟངས་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དང་།

 

དཔེ་ཞིག་བཞག་པ་ཡིན་ན་ངས་སྔོན་མ་ཐེ་ལཎ་གྱི་གནས་གཏན་སྡེ་བའི་གྲྭ་བ་ཁ་ཤས་ཀྱིས་ཕྱི་རྒྱལ་ཁག་ལ་ནང་ཆོས་ཀྱི་སློབ་སྦྱོང་དང་། སློབ་གསོ་སྤྲད་ཀྱི་ཡོད་པ་དེ་འདྲ་མཇལ་མྱོང་། སྐབས་དེ་དུས་ཐེ་ལཎ་གྱི་མི་དེ་ཚོ་ཁོ་རང་ཚོའི་ལུང་པའི་ལུགས་སྲོལ་ཟེར་ན་འདྲ་དང་། སྲོལ་རྒྱུན་ཨུ་ཚུགས་བྱེད་ནས་སློབ་སྡོད་ཀྱི་ཡོད་པ་དེ་འདྲ་ཡང་ངས་མཇལ་སོང་། ང་ཚོ་བོད་པ་ཚོས་ཀྱང་བོད་ཀྱི་ལུགས་སྲོལ་དཔེར་ན་ཁ་བཏགས་ལྟེབས་བརྩེགས་རྒྱག་སྟངས་དང་། འབྲས་སིལ་བཟོ་སྟངས་ཡན་ཕྱི་རྒྱལ་དེ་ཚོ་ལ་སློབ་སྡོད་ཀྱི་འདུག །བདེན་པ་བཞི་ཟེར་བ་འདྲ་དང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་དེ་ཚོ་འདྲ་སློབ་ན་མ་གཏོགས། ལུགས་སྲོལ་དེ་ཚོ་ཧ་ཅང་གིས་སློབ་སྡོད་དགོས་པའི་གནད་འགག་ག་ཚད་ཡོད་མེད་དེ་ཚོ་སྐོར་ལ་ཐུགས་བསམ་གནང་དགོས་པ་ཞིག་དང་།

 

ན་གཞོན་གྱི་རིགས་དང་། ནང་ཆོས་ལ་དོ་སྣང་ཐོག་མར་སླེབས་མཁན་ཚོ་ལ་ནང་ཆོས་ངོ་སྤྲོད་གང་འདྲ་བྱེད་དགོས་ཀྱི་ཡོད་མེད།

 

༡༠

ནང་ཆོས་ཀྱི་ངོ་སྤྲོད་བྱེད་ཚར་བའི་རྗེས་སུ་ནང་ཆོས་ཀྱིས་ཡིད་འཕྲོག་པ་དང་། ནང་ཆོས་ཡིད་དུ་འོངས་བཅུག་པའི་ཐབས་ཤེས་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་།

 

༡༡

དང་པོ་ཁོ་རང་ནས་ཆང་མ་འཐུང་། ཤ་མ་ཟ། རུས་པ་མ་མུར་ཟེར་བ་དེ་འདྲའི་སྐད་ཆ་བཤད་དགོས་ཀྱི་ཡོད་པ་ཡིན་ན་མེད་ཡིན་ན།

 

༡༢

 

༡༣

ཡང་དང་པོ་ནས་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཆེད་དུ་སྐད་ཆ་བཤད་དགོས་ཀྱི་ཡོད་མེད།

 

༡༤

དེ་ག་ནང་བཞིན་བྱིས་པ་ཤིན་ཏུ་ལོ་ན་ཕྲ་བ་དེ་ཚོ་ལ་ནང་ཆོས་གཞིར་བཞག་པའི་ཐོག་སློབ་སྦྱོང་གང་འདྲ་བྱེད་ནས་སྤྲད་དགོས་ཀྱི་ཡོད་མེད།

 

༡༥

དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་སློབ་མ་བདག་པོ་རྒྱག་རྒྱུ་དེ་གལ་གནད་ཆེན་པོ་ཞེ་དྲག་རེད། དབང་རྟུལ་དད་པའི་རྗེས་འབྲངས་ལའང་དོ་སྣང་བྱེད་དགོས་ཀྱི་མེད་འགྲོ་བསམ་གྱི་འདུག །རྨོངས་དད་ཟེར་བ་དེའང་ཧ་ཅང་གིས་གལ་གནད་ཆེན་པོ་ཞིག་མིན་འགྲོ་ཞེས་དེ་འདྲའི་ཐུགས་བསམ་བཞེས་རྒྱུའི་གསལ་འདེབས་ཞུ་རྒྱུ་ཡིན།

 

༡༦

ཆུ་ཚད་ལོང་པ་དང་། སྤུས་ཚད་ལྡན་པ་ཟེར་བ་དེ་དགོས་དང་དགོས་དེ། ཡིན་ནའང་ནང་པའི་གྲངས་འབོར་ཟེར་བ་དེའང་ཧ་ཅང་གིས་གལ་ཆེན་པོ་ཞིག་མིན་འགྲོ་ཞེས་ཐུགས་བསམ་བཞེས་རྒྱུ་དང་།

 

༡༧

དེ་ལྟར་ནང་པ་སྤྱིའི་གནས་སྟངས་མང་པོ་ཞིག་ལ་ཐུགས་སྣང་གནང་དགོས་པ་དེ་འདྲ་ཡིན་ས་རེད། དེ་ལྟར་ཡིན་ནའང་མི་ཟེར་བ་དེ་ལ་བསམ་བློ་ཡང་མི་མཐུན་པ་ཡོད་རེད། ཁ་ཤས་ཀྱིས་གཞན་ཞིག་གི་བྱུས་གཏོགས་དེ་ང་ལ་མེད། ཁ་རོག་སོ་སོར་བསྡད་བསྡད་ན་འགྲིགས་ཀྱི་རེད་བསམ་མཁན་དེ་འདྲ་ཡང་ཡོད་སྲིད་རྒྱུ་རེད། ཡིན་ནའང་ཁ་ཤས་ཀྱིས་ནང་པ་སྤྱིའི་གནས་སྟངས་ལ་ཐུགས་སྣང་དང་། ཐུགས་ཁྲལ་གནང་ནས་། བྱུས་གཏོགས་བྱས་ནའང་ཁེ་བཟང་མ་གཏོགས་གྱོང་ཨེ་ཡོད་ན་བསམ་བསམ་དེ་འདྲ་དྲན་གསོའི་ཚུལ་དུ་ཞུ་རྒྱུ་ཡིན།

 

༡༨

བྱེ་བྲག་དུ་ང་ཚོ་དཔལ་ལྡན་ས་སྐྱ་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་ད་ལྟ་གཙོ་བོ་བདག་ཆེན་རྡོ་རྗེ་འཆང་ཞབས་པད་འཚོ་ཞིང་བཞུགས་པའི་སྐབས་འདི་ན་མགོན་པོ་གང་ཉིད་ཀྱི་སྐུ་དང་། གསུང་། ཐུགས། ཡོན་ཏན། ཕྲིན་ལས། བསོད་ནམས། སྟོབས་དང་། མངའ་ཐང་དེ་ཚོ་ང་ཚོའི་མགོན་དང་། སྐྱབས་དང་། དཔུང་གཉེན་དུ་ཧ་ཅང་ཧ་ལས་པ་དེ་འདྲ་ཡོད་པ་འདི་ཚོ་འཕྲོ་བརླག་མི་གཏོང་བའི་སྟེང་དུ། ད་ལན་བདག་ཆེན་བཞི་བཅུ་ཞེ་གཉིས་པ་སྐུ་དར་མ་ཐུགས་རིག་དང་། ཐུགས་བསྐྱེད་དང་། སྤོབས་པ་དེ་ཚོ། ཕལ་སྐད་ཀྱི་ཐོག་ནས་ཞུས་བཞག་པ་ཡིན་ན་སོས་པ་དབྱིན་ཇིས་སྐད་ལ་ fresh ཡིན་པའི་སྐབས་འཚོལ་ནས་ང་ཚོས་ཤུགས་རྒྱག་རྒྱུ་མེད་ན་མ་གཏོགས་རྒྱག་རན་པ་མ་རེད་པས་ཞེས་གསལ་འདེབས་ཞུ་རྒྱུ་ཡིན།

 

༡༩

ཤུགས་རྒྱག་ཟེར་དུས་ཁང་ལས་མང་པོ་དང་ཨར་ལས་མང་པོ་རྒྱག་ཡ་དེ་འདྲ་ཙམ་ཞིག་མ་ཡིན་པར་ཐོས་བསམ་སྒོམ་གསུམ། དེ་ཡང་བྱེ་བྲག་ས་སྐྱ་པའི་དབང་དུ་བཏང་བཞག་པ་ཡིན་ན་། དཔལ་ལྡན་ས་སྐྱ་པ་ཞེས་མཛུག་གུ་བཙུགས་ས་སྙན་བརྒྱུད་ཚད་མ་བཞི་ལྡན་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་དེ་འདྲ། ཐུན་མོང་མ་ཡིན་པ་ཚོ་ལ་ཐོས་བསམ་སྒོམ་གསུམ་བྱེད་ནས་བདག་པོ་རྒྱག་རྒྱུ་དང་།

 

༢༠

དེའང་ཐོས་བསམ་གྱི་སྒོ་ནས་མཁས་པ་ཆགས་པ་ཙམ་གྱིས་མ་འགྲིགས་པ་སྒོམ་པས་ཉམས་སུ་ལེན་ནས་གྲུབ་པ་མ་ཐོབ་ནའང་བསམ་གཏན་པ་མང་ཙམ་ཞིག །གང་ལྟར་ཀློག་པ་ཐོས་བསམ་བ་ལས་ཀྱང་སྤོང་བ་བསམ་གཏན་བ་མང་དུ་གཏོང་རྒྱུའི་ཐབས་ཤེས་བྱེད་དགོས་པ་དང་། དེའང་སྤྱིར་ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ་བོ་གཅིག་རེད་དེ། ཡིན་ནའང་ལག་པ་སྟོང་ཕྲག་གཅིག་ཡོད་ནའང་བྲག་ལ་མ་འཛེགས་ན་ས་སྟོང་བཀག་རོགས་རེད་མ་གཏོགས་ཕན་ཐོགས་གང་ཡང་ཡོད་མ་རེད་བསམ་གྱི་འདུག །

 

༢༡

བསྟན་པ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ཐོག་ལ་བསམ་མནོ་གཏོང་བཞག་པ་ཡིན་ན། སྤྱིར་བསྟན་པ་འཛིན་སྐྱོང་དེ་ཐུགས་སེམས་གུ་ཡངས་པོ་དང་། ཐུགས་སེམས་རྒྱ་ཆེན་པོ་བྱེད། ང་ཚོ་ལས་ལྷག་པ་ཞིག་མེད། ང་ཚོ་ལས་བཟང་བ་ཞིག་མེད། ང་ཚོ་ལས་གཙང་བ་ཞིག་མེད་བསམ་པའི་རང་རྒྱལ་དང་། ང་རྒྱལ་མེད་པར། ང་ཚོའི་འདི་དང་འདི་ལ་རྗེས་ལུས་ཐེབས་ཀྱི་འདུག་བསམ་པ་ལྟ་བུའི་སེམས་ཁྲལ་ཡོད་པ་དང་།

 

༢༢

གནོད་སྐྱེལ་བའི་ཞེན་ཁོག་དེ་མེད་པར་བྱེད་ནས། ཕན་ཐོགས་པའི་ཞེན་ཁོག་དེ་དང་དུ་ལེན་རྒྱུ་དང་།

 

༢༣

གང་ལྟར་ཡོངས་རྫོགས་བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ་ཞེས་མཚན་ཆགས་ཡོད་རེད། དེ་འདྲའི་མཚན་དེ་དོན་དུ་འགྱུར་ཐུབ་པ་ཞིག་ང་ཚོ་སློབ་འབངས་ཐམས་ཅད་ཀྱིས་དེ་འདྲ་བསམ་ཐུབ་པ་དང་། དྲན་ཐུབ་པ། བཟོ་ཐུབ་པ། སྨོན་ལམ་རྒྱག་ཐུབ་པ་ཞིག་གོང་མ་བདག་བདག་ཁྲི་རྡོ་རྗེ་འཆང་དང་། ཁྲི་ཆེན་རྣམ་པ་གཉིས་ནས་བླང་དོར་བཀའ་སློབ་ཐུགས་སྨོན་བརྩེ་བས་གཟིགས་པ་མཁྱེན་མཁྱེན་ཞེས། དེ་མ་གཏོགས་ཞུ་རྒྱུ་མེད།

 

བོད་རྒྱལ་ལོ༢༡༤༤ རབ་གནས་མེ་མོ་བྱ་ཡི་ལོར། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་ཉིན། སྤྱི་ལོ ༢༠༡༧ ཟླ༣ ཚེས ༡༡ ཉིན་བོད་ཕྱི་ནང་གཉིས་ལ་ཡོད་པའི་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་གཙོས་བོད་བརྒྱུད་ནང་བསྟན་རྗེས་འབྲངས་ཐུན་མོང་ནས་སྐྱབས་མགོན་ས་སྐྱ་གོང་མ་ཁྲི་རབས་ཞེ་གཅིག་པ། ཁྱབ་བདག་འཁོར་ལོའི་མགོན་པོ་གང་ཉིད་བསྟན་དང་འགྲོ་བའི་མགོན་དཔུང་དམ་པར་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་ཅིང་བཞུགས་པའི་གསོལ་བ་འདེབས་པ་དང་། མགོན་པོ་གང་གི་བསྟན་འགྲོར་བླ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་ལ་སྐུ་དྲིན་ཤེས་ཚོར་གྱི་མཛད་སྒོའི་ཁར། རིས་མེད་བསྟན་པའི་བདག་པོ་སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གནང་བའི་བཀའ་སློབ་འདི་མདོ་ཁམས་ཁུལ་གྱིས་སྒྲ་ཐག་ལས་ཐད་ཀར་གསན་པར་དཀའ་ཚེགས་ཡོད་པར་ཤེས་ནས་གུས་པ་གཟི་བརྗིད་མཐའ་ཡས་ཀྱིས་འཕྲལ་མར་ཡིག་ཐོག་ཏུ་ཕབ་ཅིང་། གོ་སླའི་ཆེད་གསལ་འདེབས་དོན་ཚན་ཉེར་གསུམ་བར་ལ་ཨང་རྟགས་ཀྱང་བཀོད་པ་ལགས་སོ།།