ཁ་སང་བོང་རྫིས་ཕྲན་གྱི‘‘འཛམ་གླིང་རྒྱས་བཤད་དང་དེའི་རྩོམ་པ་པོའི་སྐོར་གླེང་བ།’’ཞེས་པའི་རྩོམ་ཡིག་དེ་བཀླགས་གྲུབ་ནས་ཚིག་དུམ་འགའ་བྲིས་འདུག ཕྲན་གྱིས་ཚིག་དུམ་དེ་དག་མཐོང་འཕྲལ་གཤམ་གྱི་གསལ་བཤད་འདི་བྲིས་པ་ཡིན།

ཨ་ཁ། བོང་རྫི་ལགས་ལ་ལག་འཁྱེར་འབུམ་རམས་པ་ཡོད་པ་མ་གཏོགས། བསམ་བློ་འབུམ་རམས་པ་མི་འདུག ཁོས་བཤད་ན་ངས་ཁོང་གི་རྩོམ་ཡིག་གི་ཕྱེད་ཀ་བརྐུས་འདུག་ཟེར། སྐད་ཆ་འདི་ངས་མཐོང་གི་རེད་སྙམ་པ་ཞིག་དྲན་མེད་པ་འདྲ། དེ་ལྟར་དྲན་ན་ཁོས་སྐད་ཆ་འདི་འདྲ་བཤད་མི་སྲིད། ངས་ཁོང་གི་རྩོམ་ཡིག་བརྐུས་མེད་ལ། དེ་འདྲའི་བྱ་བ་ནམ་ཡང་ལས་མི་སྲིད། ངས་རྩོམ་ཡིག་དེ་འབྲི་སྐབས་བོང་རྫིས་མཐོང་ངེས་རེད་སྙམ་ནས་ཁོང་གི་སྐད་ཆ་གཉིས་ལུང་ཁུངས་དང་བཅས་ཏེ་དྲངས་ཡོད། འོན་ཀྱང་། བོང་རྫི་ལགས་ལ་ངས་ཁོའི་རྩོམ་ཡིག་ཕྱེད་ཀ་བརྐུས་པའི་བདེན་དཔང་ཅིས་ཀྱང་དགོས། དེ་མིན་མི་དཀར་པོ་ལ་ཞྭ་ནག་པོ་གཡོག་གི་ཡོད་པ་རེད། གང་ལྟར་གནས་ཚུལ་འདི་ཤེས་ལྡན་པ་ཚོས་གཟིགས་ན་མཁྱེན་ངེས་རེད། དེ་ནས་ཧོར་ཁང་བྱམས་པ་བསྟན་དར་མཆོག་གིས་སྐུ་ཞབས་ཚངས་དབང་བསྟན་པ་ལགས་ལ་གནང་བའི་ཕྱག་འཕྲིན་འདི་བཙན་པོ་དྲ་བར་སྤེལ་བ་ཡག་བྱུང་ཞུ་རྒྱུ་ཡིན། སྔར་བདག་གིས་མཐོང་མ་སོང་། སྙན་བཟང་གིས་ཕུལ།

བོང་རྫིས་གོང་གི་ཕྲན་གྱི་སྐད་ཆ་འདི་དག་མཐོང་ཡོད་ངེས་ལ། བདག་གིས་ཁོང་ལ་ངོ་དེབ་གཉིས་ཡོད་པ་བརྒྱུད་དེ་སྐད་ཆ་སྟབས་བདེ་འདི་འདྲ་ཞིག་བསྐུར་བ་ཡིན།

བཀྲ་ཤིས་བདེ་ལེགས། ཁྱེད་ཀྱིས་བྲིས་པའི་གསལ་བཤད་ཅིག་ཏུ། ངས་ཁྱེད་ཀྱི་རྩོམ་ཡིག་གི་ཕྱེད་ཀ་བརྐུས་འདུག་ཟེར། འདིའི་རྒྱུ་མཚན་གསུངས་རོགས།

འོན་ཀྱང་། བོང་རྫིས‘‘གང་འགྲིག་མི་འདུག། འདི་རུ་གསལ་བོར་བཤད་ཡོད།’’ཅེས་བཤད་དེ་ཁ་སང་གི་ཚིག་དུམ་དེ་བསྐུར་འདུག དྲང་མོར་བཤད་ན་ཁོང་ལ་རྒྱུ་མཚན་བཤད་རྒྱུ་ཡོད་པ་མ་རེད་སྙམ། ཡིན་ནའང་རྒྱུ་མཚན་མེད་པ་ཤེས་བཞིན་དུ་མི་ལ་འཁྱོག་བཤད་དང་རྫུན་གཏམ་བཤད་པ་འདི་ཡ་རབས་མ་རེད། འདི་མ་རབས་ཀྱི་བྱེད་སྟངས་ཤིག་ཡིན་པ་རེད།

ཁ་སང་ཁོས་བྲིས་པའི་ཚིག་དུམ་དེ་དག་གི་ནང་ན་བདག་ནི‘‘རིག་གཞུང་གི་ཁྲམ་པ’’དང་། ངས‘‘རིག་གཞུང་གི་འགྲོ་སྟངས་ཤེས་ཀྱིན་མེད་པ།’’ ‘‘རིག་གཞུང་ལ་བསམ་བཞིན་དུ་རྡོག་རལ་བཏང་བ།’’སོགས་བྲིས་འདུག འདི་དག་ལ་གསལ་བཤད་ཅི་ཡང་མེད། འོན་ཀྱང་། ‘‘རྩོམ་གྱི་ཕྱེད་ཀ་ཕྲན་གྱིས་༢༠༠༩ལོ་ལ་བྲིས་པའི་འཛམ་གླིང་རྒྱས་བཤད་སྐོར་གྱི་ཟིན་ཐོ་དེ་ལ་བརྟེན་ནས་བསྐྱར་བཤུ་བྱས་པ་ཤཞིག་རེད།’’ཅེས་པ་དང་། ‘‘མི་འདིས་ང་ནི་དེ་དོགས་སློང་བྱེད་མཁན་ཐོག་དང་པོ་ཡིན་པ་གླེང་མི་འདུག’’ དེ་ནས‘‘རྩོམ་གྱི་ཕྱེད་ཀའི་སྒྲུབ་བྱེད་ཐམས་ཅད་ངས་བྲིས་བ་དག་བསྐྱར་ཟློས་བྱས་འདུག’’ཅེས་པའི་སྐད་ཆ་འདི་དག་ལ་གསལ་བཤད་ཅིག་ཞུ་རྒྱུ་ཡིན། གསལ་བཤད་འདི་བོང་རྫི་ལ་དམིགས་པ་གཏད་དེ་བྲི་རྒྱུ་མིན། རྒྱུ་མཚན་ནི་ངས་གནས་ལུགས་ག་ཚོད་བཤད་ནའང་ཁོང་གིས་མི་ཉན་པས་སོ། ། དེས་ན་གསལ་བཤད་འདི་ཀློག་པ་པོ་རེ་ཟུང་ལ་དམིགས་པ་ཡིན་ལ། ཀློག་པ་པོ་རེ་ཟུང་གིས་གོང་གི་བོང་རྫིའི་སྐད་ཆ་དེ་དག་ལ་བལྟས་ནས‘‘སྙན་བཟང་གིས་དོན་དངོས་སུ་ག་རེ་བྱས་པ་ཡིན་ནམ་སྙམ།’’པ་བྱུང་མཁན་ཡོད་སྲིད་པས། གསལ་བཤད་ཐུང་ཐུང་འདི་འབྲི་བཞིན་ཡོད།

ཕྲན་གྱི‘‘འཛམ་གླིང་རྒྱས་བཤད་དང་དེའི་རྩོམ་པ་པོའི་སྐོར་གླེང་བ།’’ཞེས་པའི་རྩོམ་ཡིག་དེར་ཚན་པ་བཞི་ཡོད། དེ་དག་ནི་རྩོམ་པ་པོ་ནི་དགེ་ཆོས་ཡིན་པ་བསྟན་མེད་ཅེས་པ་དང་། གསུང་རྩོམ་ཁྲོད་དུ་ཇི་ལྟར་བྱུང་ཚུལ། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ། དེ་ནས་ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་ཁྱོ་ག་དང་བུ་མོ། བཅས་ཡིན། བོང་རྫིས་བྲིས་པའི་རྩོམ་ཡིག་དེའི་ནང«འཛམ་གླིང་རྒྱས་བཤད »ཅེས་པ་འདི་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་ཇི་ལྟར་བྱུང་ཚུལ་དང་། «འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོའི་སྐོར། དེ་བཞིན་དུ་ལྕམ་སྐུ་ཧྥུ་ལོ་ར་ཞ་ཌིན་ལགས་ཀྱི་ཁྱོ་ག་དང་བུ་མོ་བཅས་ཀྱི་སྐོར་ལ་ཚིག་གཅིག་ཀྱང་བྲིས་མེད་པས། ཁོས་བདག་གི་རྩོམ་ཡིག་དེའི་ཕྱེད་ཀ་ཁོང་གི་རྩོམ་ཡིག་དེ་ལས་བསྐྱར་བཤུ་བྱས་པ་ཡིན་ཟེར་ན་འདི་ལ་འགྲེལ་བཤད་ཇི་ལྟར་བྱེད་དགོས་པ་རེད། ཕལ་ཆེར་ངས་བལྟས་ན་ཁོང་གིས་བཤད་འདོད་པ་ངོ་མ་ནི‘‘རྩོམ་པ་པོ་ནི་དགེ་ཆོས་ཡིན་པ་བསྟན་མེད།’’ཅེས་པའི་ཚན་པ་དེ་རེད་སྙམ། ཚན་པ་དེའི་ནང་གི་དོན་དག་རེ་ཟུང་སྔར་བོང་རྫིས་བཤད་ཡོད་པ་བདེན་པ་རེད། ཕྲན་གྱིས་ཀྱང‘‘ད་ཕན་དགེ་ཆོས་ཀྱི་གསུང་འབུམ་ཁྲོད་དུ་བཞུགས་པའི«འཛམ་གླིང་རྒྱས་བཤད»ཀྱི་སྐོར་ལ་དོགས་པ་སླེབས་མཁན་བྱུང་ཡོད་ནའང་།’’ལྟ་བུ་བྲིས་ཡོད་ལ། རྩོམ་ཡིག་དེའི་སྔོན་གླེང་དུའང‘ ‘འདིར་དགོས་དབང་གིས«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་པ་པོ་སུ་ཡིན་མ་ཞུས་གོང་རྩོམ་ཡིག་དེའི་ནང་རྩོམ་པ་པོ་དགེ་ཆོས་ཡིན་པ་བསྟན་མེད་ཚུལ་དང་། རྩོམ་ཡིག་དེ་དགེ་ཆོས་ཀྱི་གསུང་རྩོམ་ཁྲོད་དུ་ཇི་ལྟར་བྱུང་ཚུལ་སོགས་ཀྱང་རིམ་པ་དང་བཅས་ཏེ་ཞུ་རྒྱུ་ཡིན་ནོ།།’’ཞེས‘‘དགོས་དབང’’གི་ཚིག་འདི་བེད་སྤྱོད་བྱས་ཡོད།

ཕྲན་གྱིས་ཚན་པ་དེའི་ནང«འཛམ་གླིང་རྒྱས་བཤད»ཀྱི་རྩོམ་ཡིག་ནང་རྩོམ་པ་པོ་ནི་དགེ་ཆོས་ཡིན་པ་བསྟན་མེད་ཚུལ་བཤད་སྐབས། རྩོམ་ཡིག་དེའི་ནང་གི་ཚིག་འགའ་དྲངས་ཡོད། དཔེར་ན། ངས‘‘འཛམ་བུ་གླིང་འདི་གཡོ་བའི་དོན་ནི། ཁྱེད་བོད་མི་རྣམས་ལ་ནན་ཏན་ཟེར་མཁན་གཅིག་ཀྱང་མི་འདུག’’ཅེས་པ་དང་། ‘‘འཛམ་གླིང་རིལ་མོ་ལ་གནས་པའི་མི་ཐམས་ཅད་ཤ་མདོག་དབྱིབས་མི་གཅིག་པ་ཡིན་ཡང་། མི་རྒྱུད་གཅིག་འབྲེལ་ཡིན་ཞིང་། ཡིན་ནའང་ཡིད་ཆེས་པ་དེ་ར་སྤྲོད་བཏང་ཆོག་རྒྱུ་ལས་ཁྱེད་བོད་མི་ནས་ཟླ་བ་གཟའི་འཛིན་པ་ཟེར་བ་དང་།’’གཉིས་དྲངས་ཡོད། ཁོང་གིས་རྩོམ་དེའི་ནང་ལུང་སྔ་མ་དེ་དྲངས་ཡོད་མོད། ཕྱི་མ་དེ་དྲངས་མི་འདུག དེ་ནས་ངས«གཏམ་རྒྱུད་གསེར་ཐང»དང«འཛམ་གླིང་རྒྱས་བཤད»དུ་འབྱུང་བའི་གནས་ཚུལ་རེ་ཟུང་ལ་གཤིབ་བསྡུར་བྱེད་སྐབས་ཁུངས་ལུངས་རྒྱུ་མཚན་ཤོག་གྲངས་དང་བཅས་པ་བཤད་ཡོད། ཁོང་གིས་ཤོག་གྲངས་སོགས་གླེང་མེད་པ་རེད། ད་དུང་གནས་ཚུལ་གཞན་འདི་ཡོད་དེ། «འཛམ་གླིང་རྒྱས་བཤད»ནང་འཁོ་ལོམ་འབོག་གཙོས་པའི་ཕྱི་གླིང་གི་མི་མང་པོ་ཞིག་བོད་དུ་འབྱོར་ཡོད་སྐོར་བརྗོད་ཡོད་པ་དེས་དེབ་འདིའི་རྩོམ་པ་པོ་ནི་དགེ་ཆོས་མིན་པ་ཁོང་ལ་དོགས་པ་བྱུང་འདུག བདག་ཀྱང་ཕྱི་གླིང་པ་དེ་དག་གི་སྐོར་ལ་གསལ་ཆ་ཡོད་སྟབས་དེ་ལྟར་དོགས་པ་སྐྱེས་པས། ཕྱི་གླིང་པ་དེ་དག་གི་འཁྲུངས་འདས་ལོ་ཚིགས་རྒྱལ་ཁོངས་གང་ཡིན་དང་བཅས་པ་གསལ་ཁ་བཏོད་ནས་བྲིས་པ་ཡིན། བོང་རྗིས་གོང་གི་དོན་ཚན་འདི་གསུམ་ལ་བསྙད་དེ་སྐད་ཆ་བཤད་ཀྱིན་ཡོད་ན་ནི་ངས་གསལ་བཤད་འདི་ལྟར་བགྱིས་པ་ཡིན་ལ། གལ་སྲིད་དེ་ལྟར་མིན་ན་ནི་ངས་ཁོང་གིས་ག་རེ་གླེང་གིན་ཡོད་པ་ཤེས་མ་སོང་།

ཕྲན་གྱིས‘‘འཛམ་གླིང་རྒྱས་བཤད་དང་དེའི་རྩོམ་པ་པོའི་སྐོར་གླེང་བ།’’ཞེས་པའི་ནང«འཛམ་གླིང་རྒྱས་བཤད»དེ་དགེ་ཆོས་ཀྱི་མིན་པའི་དོགས་སློང་བྱེད་མཁན་ཐོག་མ་དེ་བོང་རྫི་ཡིན་ཚུལ་བཤད་མེད་པ་དེས་ཁོ་ཁོང་ཁྲོ་ལངས་འདུག་ཀྱང་། ངས་དེ་ལྟར་མ་བྲིས་པ་ལེགས་འདུག དོན་དངོས་སུ་བཤད་ན་དོགས་སློང་བྱེད་མཁན་ཐོག་མ་དེ་ཁོང་མིན་པ་རེད། ཡང་ཅིག་བཤད་ན། ངས་དེ་ལྟར་མ་བྲིས་པ་དེ་བོང་རྫི་ལ་མ་དགའ་བ་དེ་འདྲ་མིན། ངས་རྩོམ་ཡིག་དེའི་ནང‘‘སྐུ་ཞབས་རྡོ་སྦིས་བློ་བཟང་ཡོན་ཏན’’ཞེས‘‘སྐུ་ཞབས’’སྤྱད་ཡོད་ལ། ད་དུང‘‘གསུངས’’ལྟ་བའི་ཞེ་ཚིག་ཀྱང་སྦྱར་ཡོད། འོན་ཀྱང་། ཁོང་གིས་ང་མི་དཀར་པོ་ལ་ཞྭ་ནག་པོ་གཡོགས་ཟིན་པས། ངེས་པར་དུ་ཁོས་ང་ལ་དགོངས་དག་ཞུ་དགོས་ལ། དེ་ལྟར་མ་བྱས་ན་མི་འདི་རིགས་ནི‘‘ཁྲམ་པ’’ངོ་མ་དེ་ཡིན་ནོ། །

དེ་ནས་མཇུག་ཏུ་བརྗོད་གཞི་འདི་དང་འབྲེལ་བ་མེད་པའི་ཚིག་གཅིག་བཤད་འདོད་བྱུང་། བོང་རྫིས་དུས་རྟག་ཏུ་མཁས་དབང་དགེ་ཆོས་མཆོག་ལ་སྐྱོན་འཛུགས་འདྲ་པོ་ཞིག་བྱེད་ཀྱིན་འདུག་མོད། ངས་ནི་ཁོང་གིས་ད་དུང་དགེ་ཆོས་ལགས་ཀྱི་མཁྱེན་ཡོན་གྱི་ཟབ་ཚད་རྟོགས་མི་འདུག་སྙམ་སྟེ་སྙིང་རྗེ་དྲན་བཞིན་ཡོད། དུས་རབས་ཉི་ཤུ་པའི་དུས་མགོར་དགེ་ཆོས་ལགས་ཀྱིས་དཀའ་བ་ཁྱད་དུ་བསད་དེ་ལ་ལུང་མང་པོ་ཉུལ་ནས་ལྗགས་རྩོམ་གྱ་ནོམ་པ་ཞིག་སྩལ་པ་རེད། སྐབས་རེར་གྲོགས་མེད་ཁེར་རྐྱང་དང་ཁ་སྟབས་སྐྱོ་ཐག་ཆོད་པའི་ངང་བཞུགས་ཏེ་ལྗགས་རྩོམ་ངོ་མཚར་བ་མང་པོ་བྲིས་པ་རེད། འོན་ཀྱང་། དགེ་ཆོས་མཆོག་ཐམས་ཅད་མཁྱེན་པ་མིན་སྟབས་ལྗགས་རྩོམ་དེ་དག་གི་ཁྲོད་ན་མ་དག་པ་རེ་ཟུང་ཡོད་པ་ཆོས་ཉིད་རེད།

ཅིས་ཀྱང་ངེས་དགོས་པ་ཞིག་ལ། སྔོན་ཆད་དང་ད་ལྟ་བསྡུར་ནས་བསམ་བློ་ཞིག་གཏོང་དགོས་པ་རེད། དགེ་ཆོས་ཀྱིས‘‘འཇིག་རྟེན་རིལ་མོའམ་ཟླུམ་པོ’’འབྲི་སྐབས་གློག་ཀླད་སྤྱད་ནས་བྲིས་ཡོད་པ་མ་རེད་མོད། བོང་རྗིས‘‘དགེ་ཆོས་ཀྱི་མགོ་ལེབ་ལེབ་ཀྱི་སྟེང་ནས་སའི་གོ་ལ་རིལ་རིལ་ཇི་ལྟར་བྱུང་ཚུལ།’’འབྲི་སྐབས་གློག་ཀླད་བེད་སྤྱད་བཏང་ནས་བྲིས་པ་རེད། འདི་ཤེས་པར་གྱིས། འདི་ཤེས་ན་ཨ་མའི་བུ་ཡིན། བཀྲ་ཤིས་བདེ་ལེགས།

༢༠༡༧ལོའི་ཟླ༣པའི་ཚེས༡༢ཉིན་བྲིས།