ནང་དོན་གནད་བསྡུས། སྔོན་ཐོན་ས་ཁུལ་དང་བསྡུར་ན། བོད་ཡུལ་གྱི་གཞི་རིམ་སློབ་སྔོན་སློབ་གསོའི་སྒྲིག་གཞི་མ་ལག་དང་དོ་དམ་ཧ་ཅང་འཐུས་ཚང་མིན་པར་་གནམ་སའི་ཁྱད་པར་ཡོད་པ་དང་། དེ་མིན་མཁར་གྲོང་གི་སློབ་སྔོན་སློབ་གསོའི་བསྒྲུབ་སྟངས་དང་བསྡུར་ནའང་སློབ་སྒྲུབ་དོ་དམ་དང་དགེ་རྒན་ཆེད་ལས་ཀྱི་སྒྲིག་གཞི་ལེགས་སྒྱུར་ཆ་ཚང་བ་ཞིག་མིན་པས། ད་ལྟ་ད་དུང་རྗེས་ལུས་ཀྱི་རྣམ་པ་ངང་ངམ་ཤུགས་ཀྱིས་མངོན་ཡོད་དོ།།

གཅིག སློབ་སྔོན་སློབ་གསོའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་བཟང་བོ་ཆགས་པར་བྱེད་དུ་འཇུག་དགོས།

བྱིས་གཉོར་ཁང་ནི་སློབ་སྔོན་སློབ་གསོའི་སྡེ་ཁག་ཅིག་ཡིན་ཞིང་། དེང་སྐབས་བོད་ཀྱི་གཞི་རིམ་སྡེ་བ་སོ་སོའི་སློབ་ཆུང་གི་ནང་དུ་བྱིས་གཉོར་ཁང་བཙུགས་ཏེ། སློབ་སྔོན་སློབ་གསོའི་སྲིད་ཇུས་ལག་བསྟར་དང་སློབ་སྔོན་སློབ་གསོའི་སྒྲིག་གཞི་ཡི་རྣམ་པ་ཙམ་ཞིག་མངོན་དུ་བཅུག་ནས། བྱིས་པ་རྣམས་གཅིག་བསྡུས་ཀྱིས་གསོ་སྐྱོང་དང་སློབ་གསོ་གཏོང་ས་བྱེད་དུ་བཅུག་ཡོད་ལ། རྒྱུན་དུ་ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་དག་བྱིས་གཉོར་ཁང་དུ་སྐྱེལ་བ་ཡིན། བྱིས་གཉོར་ཁང་དེ་ནི་བྱིས་པ་རྣམས་ཀྱི་དགའ་དགའ་སྐྱིད་སྐྱིད་ཀྱི་འཚོ་བ་རོལ་སའི་གནས་མལ་ཞིག་ཡིན་པ་དང་། ཕ་མ་རྣམས་ཀྱིས་བློ་གཏད་ཆོག་པའི་བྱིས་པའི་ཁྱིམ་ཚང་གཉིས་པ་ཞིག་ཀྱང་ཡིན་པས། དེས་བྱིས་པ་རྣམས་བདེ་ཐང་དགའ་སྤྲོའི་ངང་བྱིས་དུས་ཀྱི་འཚོ་བ་སྐྱིད་པོ་ཞིག་གི་རྨི་ལམ་རོལ་བར་རོགས་རམ་གང་མང་བྱེད་ཀྱིན་ཡོད་པ་རེད། བྱིས་གཉོར་ཁང་གི་འོས་འགན་ནི་བྱིས་པའི་ལུས་ཕུང་དང་རིག་སྟོབས། སེམས་ཁམས་སོགས་བདེ་ཐང་གི་ངང་ནས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་ཞིང་། བྱིས་གཉོར་ཁང་ནི་བྱིས་པ་རྣམས་ཀྱི་རོལ་རྩེད་བྱེད་ས་གཙོ་བོ་ཞིག་ཡིན་པ་དང་གནས་འདི་ནས་ཁོ་ཚོས་བདེ་བླག་ངང་བྱིས་དུས་ཀྱི་ལོ་ཟླ་སྐྱེལ་བ་ཡིན་ལ། གནས་འདི་ནས་ཁོ་ཚོའི་འཚོ་བའི་ཤེས་བྱ་སྣ་མང་སྦྱངས་ཐུབ་པ་མ་ཟད། ཆུང་དུས་ནས་མི་སྒེར་དང་ཐུན་མོང་གི་འཚོ་བར་རོལ་མྱོང་བྱེད་ཐུབ་པར་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ་པ་དང་། བསམ་བློའི་སྟེང་ལའང་བཟང་ངན་གང་རུང་གིས་བཀག་རྒྱ་སྣ་ཚོགས་ཐེབས་པ། སྐད་བརྡ་དང་ཀུན་སྤྱོད་ཀྱི་སྟེང་དུའང་བཟང་ངན་གང་རུང་གིས་སྲོལ་ཀ་འགོས་སླ་བ་རེད། དེར་བརྟེན་བྱིས་གཉོར་ཁང་གིས་ཕྱོགས་གང་ཐད་ནས་བྱིས་པའི་ཀུན་སྤྱོད་དང་བསམ་བློའི་སྟེང་དུ་ནག་ནོག་གི་དྲི་མ་འགོས་སུ་མི་འཇུག་པར། སྣ་སྒོ་མོ་ནས་བྱིས་པའི་སེམས་རྒྱུད་དང་ཀུན་སྤྱོད་བཟང་བོའི་ཕྱོགས་སུ་མཐོར་འདེགས་གཏོང་བར་ཕན་ནུས་གང་ལེགས་བསྐྲུན་དགོས་པ་མ་ཟད། བྱིས་པའི་སྐད་ཆ་བཤད་སྟངས་དང་ལུས་ངག་གི་ཉམས་འགྱུར་སྣ་ཚོགས་རེ་རེ་ཡི་སྟེང་དུ་བྱིས་གཉོར་ཁང་གི་ལས་སྒྲུབ་མི་སྣ་སོ་སོས་བླ་མེད་ཀྱི་ཐུགས་ཁུར་གང་ལེགས་གནང་སྟེ། མི་རིགས་རང་ཉིད་ཀྱི་སྐད་ཆ་བཤད་སྟངས་དང་བཤད་སྲོལ་མི་ཉམས་གོང་སྤེལ་མཐོང་བའི་ཕྱོགས་ལ་ཤུགས་ཆེས་ཆེར་བརྒྱབ་ནས། ལོ་ཆུང་བྱིས་པ་འདི་དག་ལ་བྱིས་གཉོར་ཁང་ནས་མི་རིགས་རང་གི་སྐད་ཆ་དག་གཙང་བཤད་པའི་གོམས་གཤིས་ཡག་པོ་ཞིག་ཆགས་པར་བྱེད་དུ་འཇུག་རྒྱུ་དང་། མི་རིགས་རང་གི་གཤིས་ཀ་སྲོལ་ལུགས་ཡག་པོ་དེ་རྒྱུད་ལ་འབྱོར་དུ་འཇུག་དགོས།

བྱིས་གཉོར་ཁང་གིས་རོལ་རྩེད་ཀྱི་བྱ་འགུལ་གཙོ་བོར་བཟུང་ནས་རྩ་འཛུགས་དང་གོ་རིམ་ཡོད་པའི་སྒོ་ནས་སྐད་བརྡ་དང་ལག་ཤེས། རོལ་དབྱངས་སོགས་སྤེལ་བ་དང་། འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་པ་ཡིན། རྒྱལ་ཁབ་སོ་སོས་བྱིས་གཉོར་ཁང་གི་མཚན་ཉིད་དང་ལས་ཀ་ནི་ཧ་ཅང་གསལ་བོའི་སྒོ་ནས་གཏན་འཁེལ་བྱས་འདུག་པ་སྟེ། རོལ་རྩེད་ནི་བྱིས་གཉོར་ཁང་ནང་གི་བྱིས་པའི་སློབ་གསོ་དང་འཚོ་བའི་ནང་དོན་གཙོ་བོ་གཉིས་ཡིན། བྱིས་གཉོར་ཁང་གི་ནང་དུ་ད་དུང་སྤེལ་བའི་བྱ་འགུལ་སྣ་ཚོགས་ནི་སློབ་ཞུགས་མཛད་སྒོ་དང་དྲུག་གཅིག་བྱིས་པའི་དུས་ཆེན། དགེ་རྒན་དུས་ཆེན་དང་མཐར་ཕྱིན་མཛད་སྒོ། རྣམ་ཀུན་སློབ་ཁང་སློབ་ཁྲིད་ཀྱིས་བྱིས་པའི་བསམ་བློའི་སྟེང་དུ་གནོན་ཤུགས་མི་སྟེར་བར། རྩེད་འཇོ་བག་གཡེང་གི་སྒོ་ནས་བྱིས་པའི་རྒྱུད་ལ་ཡ་རབས་སྲོལ་བཟང་དང་རྒྱུད་འཇམ་གཤིས་བཟང་གི་བྱིས་པ་ཡ་རབས་ཤིག་སྐྱེད་སྲིང་བྱེད་པར་ཕན་པའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། མི་རིགས་རང་གི་སྐད་ཆ་དག་མོ་བཤད་ཤེས་པ་དང་། ཡོ་བྱད་སྣ་ཚོགས་ཀྱི་མིང་མི་རིགས་རང་གི་སྐད་བརྡའི་ལམ་ནས་འཆད་ཐུབ་པ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པའི་བརྙན་ཐུང་སོགས་ལ་ལྟ་རུ་འཇུག་པ་དང་། བོད་རང་གི་གླུ་དང་གླུ་དབྱངས་སྣ་ཚོགས་ལ་ཉན་དུ་འཇུག་པའམ་སློབ་ཏུ་འཇུག་པ། བོད་རང་གི་བྲོ་དང་གར་གྱི་སྟངས་སྟབས་ཁྲིད་པ་སོགས་ཀྱིས་བྱ་འགུལ་སྣ་མང་སྤེལ་དགོས། བྱིས་གཉོར་ཁང་གི་སློབ་ཚན་ལ་གཙོ་བོ་རྣམ་པ་གསུམ་གྱི་སྒོ་ནས་དབྱེ་ན་འགྲིག་སྟེ།

གཅིག སློབ་ཚན།

དེའི་ནང་དུ་རོལ་དབྱངས་དང་རི་མོ། སྐད་བརྡ། རྒྱུན་ཤེས། རྩལ་སྦྱང་། གོམས་སྲོལ་སོགས་བཀོད་སྒྲིག་བྱེད་དགོས། གཉིས། བྱེད་སྒོ། བྱིས་པ་ཡོད་ཚད་ལ་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ། གསུམ། ཉམས་མྱོང་། བྱིས་པའི་ལུས་ཁམས་དང་སེམས་ཁམས་འཕེལ་རྒྱས་ལ་ཁེ་ཕན་ཡོད་པའི་ཉམས་མྱོང་འདོན་སྤྲོད་བྱེད་དགོས་པ་བཅས་ཡིན། ཡིན་ཡང་། བོད་ཀྱི་གཞི་རིམ་སྡེ་བ་སོ་སོའི་ནང་དུ་བཙུགས་ཡོད་པའི་བྱིས་གཉོར་ཁང་དང་། དེ་མིན་མི་སྒེར་གྱིས་བཙུགས་ཡོད་པའི་བྱིས་གཉོར་ཁང་སོ་སོའི་ནང་དུ་སློབ་ཚན་གྱི་རྣམ་གྲངས་ནང་དུ་རོལ་དབྱངས་དང་རི་མོ། སྐད་བརྡ། རྒྱུན་ཤེས། རྩལ་སྦྱང་། གོམས་སྲོལ་སོགས་བཀོད་སྒྲིག་གཏན་ནས་བྱས་མེད་པར། བྱིས་པའི་འཚོ་བའི་རང་དབང་ལ་བཀག་རྒྱ་སྣ་ཚོགས་བཟོས་ཏེ། སློབ་ཆུང་ལོ་རིམ་དང་པོའི་སློབ་ཚན་སློབ་ཐུན་བཀོད་སྒྲིག་ལྟར་བྱས་ནས་ཁྲིད་ཀྱིན་ཡོད་པས། རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཤེས་ཀྱིན་མེད་པར་བརྟེན། ལོ་ཆུང་བྱིས་པ་རྣམས་ལ་འགན་ཁུར་དང་སུན་སྣང་མི་ཉུང་བ་བྱིན་ནས་བྱིས་པའི་འཚར་སྐྱེད་དང་བསམ་བློ་སྟེང་དུ་གནོན་ཤུགས་མི་ཉུང་བ་ཞིག་བླ་ལྷག་གིས་བྱིན་ཡོད་པ་དང་། བྱིས་པའི་ལུས་ཁམས་དང་སེམས་ཁམས་འཕེལ་རྒྱས་ལ་ཁེ་ཕན་ཡོད་པའི་ཉམས་མྱོང་འདོན་སྤྲོད་བྱེད་ཐུབ་ཀྱིན་མེད་པར་ལོ་ཆུང་བྱིས་པའི་བློ་ཁ་དང་མི་འཚམ་པའི་སློབ་ཚན་བཀོད་སྒྲིག་བྱེད་སྟངས་འདིས་དེང་རབས་སློབ་སྔོན་སློབ་གསོའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིག་ད་ལྟ་ད་དུང་བོད་ཁུལ་གྱི་གཞི་རིམ་རོང་འབྲོག་ས་ཁུལ་དུ་འཛུགས་སྐྲུན་ཡག་པོ་ཞིག་ཆགས་ཐུབ་ཀྱིན་མེད་པའི་རྣམ་པ་ངང་ངམ་ཤུགས་ཀྱིས་མཚོན་ཡོད་པ་རེད།

གཉིས། བྱིས་གཉོར་ཁང་གི་བོད་རིགས་ཚད་ལྡན་དགེ་རྒན་གྱི་ཐོན་ཁུངས་དཀོན་པའི་རྣམ་པ་ཆིག་རྐྱང་གི་ངང་ན་གནས་ཡོད།

སྤྱིར་དགེ་རྒན་ཞེས་པའི་མིང་བརྡ་དེར་གོ་དོན་རིགས་གཉིས་མཆིས་ཤིང་། སྒྲ་ཡངས་འཇུག་གི་སྒོ་ནས་བཤད་ན། དགེ་རྒན་ནི་ཤེས་བྱ་དང་ཉམས་མྱོང་སློབ་ཁྲིད་བྱེད་པའི་མི་སྣ་ཡོངས་ལ་གོ་བ་དང་། སྒྲ་དོག་འཇུག་གི་སྒོ་ནས་བཤད་ན། དགེ་རྒན་ནི་ཆེད་ལས་ཀྱི་སློབ་གསོ་དང་སྦྱོང་བརྡར་ཐོབ་པའི་མི་སྣ་ལ་གོ་བར་མ་ཟད། སློབ་གསོའི་གོ་རིམ་ཁྲོད་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་འགན་འཁུར་མཁན་གྱི་མི་སྣ་གཙོ་བོ་དག་ལ་གོ་བ་ཡིན། རྒྱལ་ཁབ་ཀྱིས་རིགས་དང་རིམ་པ་སོ་སོའི་སློབ་གྲྭའི་རང་བཞིན་དང་། འོས་འགན། དོ་དམ་གྱི་རྩ་འཛུགས་ལམ་ལུགས། སློབ་གསོའི་སྒྲིག་གཞི། སྐྱེད་སྲིང་དམིགས་འབེན། སློབ་གྲྭར་ཞུགས་པའི་ཆ་རྐྱེན། སློར་གཉེར་གྱི་དུས་ཡུན་སོགས་དང་དེ་དག་བར་གྱི་འབྲེལ་བ་བཅས་ཐག་གིས་གཅོད་པ་རེད། སློབ་གྲྭའི་སློབ་གསོའི་ལམ་ལུགས་ལ་བྱིས་གཉོར་ཁང་། སློབ་ཆུང་། སློབ་འབྲིང་། ལས་བྱེད་པ་གསོ་སྦྱོང་འཛིན་གྲྭ། དགེ་རྒན་གསབ་སྦྱོང་འཛིན་གྲྭ། རིགས་སོ་སོའི་ཆེད་ལས་ལག་རྩལ་འཛིན་གྲྭ། ལས་ཞོར་སློབ་གྲྭ་དག་གི་སློབ་གསོའི་ལམ་ལུགས་འདུས་ཡོད་མོད། འོན་ཀྱང་བྱིས་གཉོར་ཁང་གི་ཚད་ལྡན་དགེ་རྒན་བྱེད་ཆོག་པའི་བོད་རིགས་བྱིས་གཉོར་དགེ་རྒན་ཆེས་དཀོན་པ་དང་། བྱིེས་གཉོར་ཁང་གི་དགེ་རྒན་གྱི་ཆེད་ལས་སྦྱངས་མཁན་གྱི་ཚད་ལྡན་བོད་རིགས་དགེ་རྒན་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་སོགས་ལ་སློབ་གསོ་ཞིབ་འཇུག་པ་ཚང་མས་ཐུགས་བསམ་གཏོང་དགོས་པ་ཞིག་རེད།

ད་བར་དུ་བྱིས་གཉོར་ཁང་གི་དགེ་རྒན་ནི་བྱིས་གཉོར་ཁང་གི་དགེ་རྒན་གྱི་ཆེད་ལས་སྦྱངས་ནས་ཡོང་བའི་བོད་རིགས་བྱིས་གཉོར་དགེ་རྒན་ཚད་ལྡན་ཞིག་ཉུང་བ་དང་། ད་དུང་ས་ཁུལ་ལ་ལར་བྱིས་གཉོར་ཆེད་ལས་སྦྱངས་པའི་དགེ་རྒན་མེད་པའི་གནས་ཚུལ་ཡོད་པ་དང་། བྱིས་གཉོར་ཁང་གི་དགེ་རྒན་གྱི་ཆེད་ལས་འདེམས་པའི་བོད་རིགས་སློབ་མ་ཆེས་་ཉུང་བ་དང་མེད་པའི་སྣང་ཚུལ་ཤས་ཆེ་བ་རེད། ཚང་མས་དངོས་གཞི་ཡན་གྱི་སློབ་གྲྭ་ཆེན་མོ་ཞིག་ལ་རེ་བ་བཅངས་པ་དང་དེ་ལས་ད་དུང་ཚང་མས་འཚང་ཁ་ཤིག་ཤིག་རྒྱག་པའི་ཆེད་ལས་འདེམས་པར་ཤི་འཐམ་རོ་འཐམ་བྱེད་པ་ལས། ཆེད་སྦྱོང་སློབ་གྲྭ་དང་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ན་བྱིས་གཉོར་ཁང་ལ་ཁ་གཏད་པའི་བྱིས་གཉོར་དགེ་རྒན་གྱི་ཆེད་ལས་འཛིན་གྲྭ་བཙུགས་ཡོད་པ་འདི་འདེམས་མཁན་དང་དེ་རིགས་ཀྱི་ཆེད་ལས་ཤེས་བྱ་སྦྱངས་འདོད་ཀྱི་བོད་རིགས་སློབ་མ་ཆེས་དཀོན་པ་ཡིན་པས། བོད་ཁུལ་གྱི་གཞི་རིམ་བྱིས་གཉོར་ཁང་སོ་སོའི་ནང་དུ་བྱིས་གཉོར་ཆེད་ལས་དགེ་རྒན་མེད་པའི་དཀའ་ཁག་འདི་བྱུང་བ་རེད། དེ་དང་བསྟུན་ནས་བོད་ཁུལ་གྱི་གཞི་རིམ་སློབ་སྔོན་སློབ་གསོའི་བྱ་བ་འཐུས་ཤོར་ཅན་དང་དོ་མཉམ་མི་ཡོང་བ། སྒྲིག་གཞི་དང་མ་ལག་འཐུས་ཚང་མིན་པ། ཆེད་ལས་དགེ་རྒན་གྱི་མཛུབ་སྟོན་དང་སྣེ་ཁྲིད་མེད་པ། རྩ་འཛུགས་དང་གོ་རིམ་མེད་པ་སོགས་ཀྱི་དབང་གིས་བོད་ཀྱི་ལོ་ན་མ་སོན་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ་ཀྱིན་མེད་པའི་བྱ་བའི་ནུས་ཤོར་ལས། བོད་ཁུལ་གྱི་སློབ་གྲྭའི་སློབ་གསོར་སློབ་སྔོན་སློབ་གསོས་རམ་འདེགས་ཆེན་པོ་བྱེད་ཐུབ་ཀྱིན་མེད་པར་མ་ཟད། བོད་ཀྱི་ལོ་ན་མ་སོན་པའི་བྱིས་པ་མང་ཤོས་ཤིག་ལ་བྱིས་པའི་ལོ་ཚོད་དང་མཐུན་པའི་སློབ་ཚན་སྒྲིག་གཞི་དང་སེམས་ཁམས་འཕེལ་རྒྱས་ཀྱི་རྩེད་འཇོ་བག་གཡེང་གི་རྣམ་གྲངས་མེད་པས། བྱིས་པའི་ལོ་ཚོད་དང་སེམས་ཁམས་ལས་བརྒལ་བའི་འགན་ཁུར་མང་དྲགས་པ་དང་ལྕི་དྲགས་བྱུང་། དེ་དང་བསྟུན་ནས་བྱིས་པ་མང་ཤོས་ཤིག་གི་སེམས་ཁམས་ལ་གནོན་ཤུགས་ཆེས་ཆེར་བྱིན་པ་ལས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་འདོད་ཀྱི་སྙིང་སྟོབས་དང་བརྩོན་སེམས་རྦད་ཀྱིས་ཉམས་ཏེ། བློ་འཁུམ་ཞེ་ཕམ་གྱི་སེམས་རྩ་ལྷོད་དེ་ཁེར་རྐྱང་དང་སུན་སྣང་གི་ངང་ལ་ཞུགས་ཏེ་བརྩོན་སེམས་ཀྱི་འདུན་པ་རྨང་ནས་མེད་པར་གྱུར་ཡོད་དོ།།

གསུམ། དགེ་རྒན་ནམ་བྱིས་གཉོར་ཁང་གི་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཀྱི་ཚད་གཞི་སྔར་ལས་ཇེ་མཐོར་གཏོང་བར་འབད་དགོས།

དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་རང་གི་མཛེས་དཔྱོད་ལྟ་བ་དང་ཁྲིད་སྟེགས་སྟེང་གི་གཟུགས་བརྙན། འཚོ་བའི་གཟུགས་བརྙན་ཡོད་ཚད་བཅས་ལ་བློ་སྦྱོང་ལེགས་པོ་བྱེད་དགོས། ཚང་མས་ཤེས་གསལ་ལྟར་ན། ལྷག་པར་དུ་མཛེས་དཔྱོད་རིག་པས་བྱིས་གཉོར་ཁང་ངམ་སློབ་སྔོན་སློབ་གསོའི་བྱེད་ཕྱོགས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། བྱིས་གཉོར་ཁང་གི་བྱིས་པར་ཆ་མཚོན་ན་མགོ་ནས་མཇུག་བར་དུ་རང་གི་མིག་མདུན་གྱི་དགེ་རྒན་ནི་མཛེས་དཔྱོད་ཀྱི་གཙོ་གཞི་ཡིན། དེར་བརྟེན། བྱིས་གཉོར་ཁང་གི་དགེ་རྒན་ལ་ཡངས་པའི་སེམས་ཁམས་དང་། ཕུན་སུམ་ཚོགས་པའི་བསམ་པའི་ཡུལ་བཀོད། གཟུགས་སུ་བཀོད་པའི་བསམ་གཞིགས། བློ་རིག་བཀྲ་བའི་ཀླད་པ། གསར་གཏོད་ཀྱི་སྙིང་སྟོབས། བྱིས་པའི་བློ་སྒོ་འབྱེད་པའི་བསམ་བློའི་བརྩེ་སེམས་བཅས་ལྡན་དགོས།

དགེ་རྒན་རང་ཉིད་ཀྱི་བླ་ན་མེད་པའི་མི་གཤིས་དང་བྱ་སྤྱོད་ཀྱིས་བྱིས་པར་ཤུགས་རྐྱེན་ཐེབས་པ་དང་བྱིས་པར་སློབ་གསོ་གཏོང་བ་ཡིན། དེ་བས་བྱིས་པར་ཤ་ཚ་བའི་ཀུན་སྤྱོད་ཀྱི་སྣང་བརྙན་བཞེངས་ཏེ། ཧ་ཅང་རིམ་པ་མཐོ་བའི་བསམ་བློའི་ཡུལ་ཁམས་བཞེངས་སྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས། ང་ཚོ་དགེ་རྒན་ནམ་བྱིས་གཉོར་ཁང་གི་དགེ་རྒན་གྱི་ལས་ཀ་ནི་མིའི་རིགས་ཀྱི་ཀུན་སློང་བཟང་བོ་སྐྱེད་སྲིང་བྱེད་པ་ཡིན་པས། ཐོག་མར་དགེ་རྒན་རང་ཉིད་ཀྱི་བསམ་པ་བཟང་དགོས་ལ། ལོག་སེམས་དང་གནོད་སེམས་སྤུ་ཙམ་ཡང་ཡོད་མི་རུང་ཞིང་། ང་ཚོའི་ལས་ཀ་ནི་སྒེར་སེམས་མེད་པའི་ལས་ཀ་ཞིག་ཡིན་པས། དགེ་རྒན་རང་ཉིད་ལ་སྒེར་སེམས་མེད་པའི་བློས་བཏང་སྙིང་སྟོབས་ཡོད་དགོས་ལ། རང་ཕན་རིང་ལུགས་ཡོད་མི་རུང་། དགེ་རྒན་རང་ཉིད་ལ་བློ་རྒྱ་ཆེ་ཞིང་བྱིས་པར་གུ་ཡངས་གཏོང་བའི་བསམ་པ་ལྡན་དགོས། དེ་མིན་བྱིེས་གཉོར་ཁང་གི་དགེ་རྒན་ཞིག་ལ་ཆ་མཚོན་ནས་བཤད་ན་བྱིས་པར་སེམས་གཏིང་ནས་གཅེས་ཤེས་པ་དང་རང་ཉིད་དེ་དག་གི་ཕ་མ་དངོས་ཡིན་པའི་འདུ་ཤེས་ལྷུར་ལེན་སྐྱེས་དགོས། དེར་མཚུངས་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་རྣམ་ཀུན་ལྟ་རྟོག་དང་ལེགས་བཅོས་བྱེད་པའི་ཐབས་བཀོད་སྣ་མང་རྒྱུད་ལ་འབྱོར་དགོས། དེ་ལས་ཀྱང་རྒྱ་ཆེ་བའི་སྒོ་ནས་བཤད་ན། རང་ཉིད་ཀྱིས་སྐྱོང་བཞིན་པའི་བྱིས་པ་འདི་དག་ནི་མི་རིགས་ཤིག་གི་མ་འོངས་པའི་རྒྱུད་འཛིན་པ་ཆུང་ཆུང་ཏག་ཏག་ཡིན་པས། འདི་དག་གི་རྒྱུད་ལ་བདེན་དགེ་མཛེས་གསུམ་གྱི་འཚོ་བའི་ཤེས་བྱ་མི་ཉུང་བ་ཞིག་འདོན་སྤྲོད་དང་མཁོ་འདོན་བྱས་ཏེ། ལོ་ཆུང་བྱིས་པ་འདི་དག་ནི་རིམ་བཞིན་སློབ་ཆུང་རིམ་བརྒལ་གྱི་ཐེམ་སྐས་འགོས་ན་བསམ་བློའི་སྟེང་དང་ཕྱི་ཚུལ་ཀུན་སྤྱོད་ནི་གཞན་དང་མི་མཚུངས་པའི་ཡ་རབས་སྲོལ་བཟང་གི་ལས་ལ་བྱང་བའི་སློབ་ཕྲུག་བཟང་བོ་ཞིག་ཏུ་འགྱུར་བར་བྱིས་གཉོར་ཁང་ནས་རྨང་གཞི་བག་ཆགས་ཡག་པོ་ཞིག་འཇོག་རྒྱུ་ནི་བྱིས་གཉོར་ཁང་གི་དགེ་རྒན་གྱི་ལྡོག་མེད་ཀྱི་འགན་འཁྲི་ལགས་སོ།།

བཞི། བྱིས་གཉོར་ཁང་དང་ཁྱིམ་བདག་བར་འགྲིག་མཐུན་འབྲེལ་འདྲིས་ལེགས་པོ་ཡོང་བར་བྱེད་དགོས།

སློབ་སྔོན་སློབ་གསོའི་གཙོ་གཞི་ཡིན་པའི་བྱིས་གཉོར་ཁང་གིས་ངེས་པར་དུ་བྱིས་པའི་ཁྱིམ་བདག་དང་འབྲེལ་འདྲིས་ལེགས་པོར་འཛུགས་དགོས་པ་དང་། ཁྱིམ་བདག་གི་བརྩོན་སེམས་སྐུལ་སློང་བྱས་ཏེ། བྱིས་གཉོར་ཁང་དང་ཁྱིམ་བདག་གིས་མཉམ་དུ་བྱིས་པའི་ཀུན་སྤྱོད་ལེགས་པོ་སྐྱེད་སྲིང་བྱེད་པའི་ལས་འགན་སྒྲུབ་དགོས། ང་ཚོས་རྒྱུན་དུ་ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་དང་སློབ་ཁང་དང་པོ་ཡིན་ལ། ཁྱིམ་བདག་ནི་བྱིས་པའི་སློབ་གསོ་དང་ལེན་བྱེད་པའི་དགེ་རྒན་ཨང་དང་པོ་ཡིན་ཞེས་བཤད་བཞིན་ཡོད། ཁྱིམ་བདག་གིས་བྱིས་པར་སློབ་གསོ་དང་ཤུགས་རྐྱེན་གཏོང་བ་དེ་བྱིས་པས་སློབ་སྔོན་སློབ་གསོ་དང་ལེན་བྱེད་པ་ལས་སྔ་བས། ཁྱིམ་ཚང་གི་སློབ་སྔོན་སློབ་གསོའི་བཟང་ངན་དེ་བྱིས་པ་འཚར་སྐྱེད་འབྱུང་བར་ཆེས་གལ་འགངས་ཆེ་བ་ཡིན། དོན་དངོས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཕ་མས་སེམས་ཁུར་དང་ལྟ་རྟོག་ནན་མོ་བྱས་པ་དང་། བྱ་སྤྱོད་ཀྱི་ཐད་ཁྱིམ་མིས་ངང་རྒྱུད་རིང་པོའི་སྒོ་ནས་ཁྲིད་སྟོན་ནན་མོ་བྱས་པ། གཤིས་སྤྱོད་ཀྱི་ཐད་ནས་ཁྱིམ་མིས་རེ་འདུན་ནན་མོ་བཏོན་པའི་ཁྱིམ་ཚང་ནས་འཚར་སྐྱེད་བྱུང་བའི་བྱིས་པ་དེ་བྱིས་གཉོར་ཁང་དུ་ཡོང་རྗེས་རྒྱུད་འཇམ་དང་སྤྱོད་ལམ་ཚུལ་ལྡན་ཅན་ཡིན་ལ། སྤྱོད་ཡོན་གཉིས་མཛེས་ཀྱི་བྱིས་པ་བཟང་བོ་ཞིག་ཏུ་འགྱུར་བར་འཕེལ་རྒྱས་མགྱོགས། དགེ་རྒན་དང་ཁྱིམ་བདག་བར་འགྲིག་མཐུན་གྱི་འབྲེལ་བ་འཛུགས་དགོས་པ་མ་ཟད་དེ་ནམ་ཡང་རྒྱུན་འཁྱོངས་དང་སྲུང་འཛིན་བྱེད་དགོས། དེ་ནི་ཁྱིམ་བདག་གི་ཡིད་ཆེས་ཐོབ་པ་དང་། ཁྱིམ་བདག་གིས་རང་འགུལ་དང་ཧུར་ཐག་སྒོས་བྱིས་གཉོར་དགེ་རྒན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། བྱིས་པར་གཉོར་སྐྱོང་བྱེད་ཕྱོགས་དང་སློབ་གསོ་གཏོང་བའི་བྱ་བ་ལེགས་པོར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། བྱིས་གཉོར་དགེ་རྒན་དག་གིས་ཀྱང་ལྷག་བསམ་རྣམ་དག་སྒོས་ཁྱིམ་བདག་ལ་བརྩི་འཇོག་བྱེད་པ་དང་། ཁེངས་སྐྱུང་ཟོལ་མེད་གྱིས་ཁྱིམ་བདག་གི་བསམ་འཆར་དང་དྲན་ཚུལ་ལ་ཉན་པ་སོགས་ཚང་མ་བྱིེས་གཉོར་དགེ་རྒན་དང་ཁྱིམ་བདག་བར་མཛའ་མཐུན་གྱི་འབྲེལ་བ་འཛུགས་པ་དང་སྲུང་འཛིན་རྒྱུན་འཁྱོངས་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་ཡིན། བྱིས་གཉོར་ཁང་གི་འགོ་ཁྲིད་ཀྱིས་ཀྱང་ཐབས་བརྒྱ་ཇུས་སྟོང་གི་དེང་རབས་བྱིས་གཉོར་ཁང་འཛུགས་སྟངས་ཀྱི་རྣམ་པའི་གྲུབ་ཚུལ་དང་སློབ་སྔོན་སློབ་གསོར་གཏན་ལ་ཕབ་པའི་སྲིད་ཇུས་རབ་དང་རིམ་པའི་དགོངས་དོན་ཡོངས་སུ་རྟོགས་པར་བྱས་ཏེ། བྱིས་གཉོར་ཁང་གི་བྱ་བའི་མགོ་མཇུག་བར་གསུམ་ཡང་དག་པར་བསྒྲུབ་ནས་ལོ་ན་མ་སོན་པའི་བྱིས་པ་དང་ཁྱིམ་བདག་གི་ཁེ་ཕན་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས་པ་ལས། རང་སྣང་གང་ཤར་གྱིས་ལོ་ན་མ་སོན་པའི་བྱིས་པའི་ཁེ་ཕན་ལ་གནོད་པ་དང་ཁྱིམ་བདག་གི་དཀའ་ཁག་སོགས་ལ་འདང་སྤུ་ཙམ་ཡང་མི་རྒྱག་པར་ཁྱིམ་བདག་གི་ལག་ནས་གྲོན་དངུལ་འབོར་ཆེན་བསྡུ་བ་དང་། སློབ་སྒྲུབ་ཀྱི་ཆ་རྐྱེན་དང་ཕྱི་ཡི་འཛུགས་སྐྲུན་དངོས་པོ། ནང་གི་དགེ་རྒན་གྱི་བདག་གཉེར་སྤུས་ཚད་སོགས་ལ་དོ་དམ་ལེགས་པོ་མི་བྱེད་པར་རང་ཉིད་ཀྱི་འདུག་སྟེགས་ཁོ་ན་བརྟན་སྲུང་བྱེད་ཆེད་རྒྱུ་ཆ་རྫུན་མ་བསྡུ་སྒྲིག་དང་། ཏང་སྲིད་བྱ་བ་གཙིགས་གཉེར་ཁོ་ན་བྱས་ཏེ་བྱིས་གཉོར་ཁང་གི་བདག་གཉེར་དོ་དམ་དང་། བྱིས་པའི་ལུས་ཁམས་དང་སེམས་ཁམས་ཡར་རྒྱས་གོང་འཕེལ་འགྲོ་བར་གཙིགས་ཆེན་དུ་མ་བཟུང་ན་བྱིས་གཉོར་ཁང་དེའི་མདུན་ལྗོངས་ཡག་པོ་ཡོང་མི་སྲིད་དོ།།

མཇུག་སྡོམ།

བྱིས་གཉོར་ཁང་གི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱ་བ་གཙིགས་ཆེན་དུ་བཟུང་སྟེ། སྔོན་ཐོན་ས་ཁུལ་དང་སྔོན་ཐོན་མི་རིགས་ཀྱིས་བསྒྲུབ་བཞིན་པའི་བྱིས་གཉོར་ཁང་སོགས་སུ་དགེ་རྒནམངགས་ཏེ་དུས་ཐོག་གསོ་སྐྱོང་སྦྱོང་བརྡར་བྱས་ཏེ། གཞན་གྱི་ཉམས་མྱོང་དང་གཞན་གྱི་སློབ་སྒྲུབ་ཁ་ཕྱོགས་རང་གི་ས་གནས་ཀྱི་འོས་བབ་དང་བསྟུན་ནས་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱིས་སློབ་སྔོན་སློབ་གསོའི་ཕྱོགས་སུ་མ་དངུལ་འབོར་ཆེན་གཏོང་བཞིན་པ་འོས་ཚོད་ཀྱིས་ཐོབ་པར་བརྩོན་ལེན་བྱས་ནས་བྱིས་གཉོར་ཁང་གི་བྱ་བའི་དོ་དམ་མ་ལག་འཐུས་ཚང་ཅན་དང་སྒྲིག་གཞི་ཡོད་པ་ཅན་ཏུ་བསྒྱུར་བར་འབད་དགོས། དེ་ལས་ལྷག་པར་བོད་ཡུལ་རོང་འབྲོག་ས་ཁུལ་གྱི་ལོ་ན་མ་སོན་པའི་བྱིས་པའང་སྔོན་ཐོན་ས་ཁུལ་གྱི་བྱིས་པ་དང་མཚུངས་བར་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་མཐུན་རྐྱེན་གང་ལེགས་བསྐྲུན་དགོས། ད་ཡོད་ཀྱི་བོད་ཁུལ་བྱིས་གཉོར་ཆེད་ལས་དགེ་རྒན་གྱི་ཆད་ལྷག་སྟོང་ཆ་དང་ཆེད་ལས་མཐར་ཕྱིན་དགེ་རྒན་ཚད་ལྡན་མིན་པའི་གནད་དོན་ལ་དམིགས་ནས། བོད་ཁུལ་གྱི་གཞི་རིམ་བྱིས་གཉོར་ཁང་སོ་སོའི་དགོས་མཁོ་ལྟར་ཞིང་ཆེན་དང་ཁུལ་རིམ་པའི་སློབ་གསོ་སྡེ་ཁག་གིས་ཆེད་སྤྱོད་འགྲོ་སོང་བཏང་ནས་བྱིས་གཉོར་ཁང་གི་དགེ་རྒན་ཁྲོད་ནས་ལོ་ཆུང་སྐོར་བདམས་ནས། གྲོང་ཁྱེར་གྱི་ཚད་ལྡན་བྱིས་གཉོར་ཁང་སོགས་སུ་མངགས་ནས་བྱིས་གཉོར་ཆེད་ལས་ཀྱི་གཞུང་ལུགས་དང་ལག་ལེན་སྦྱོང་བརྡར་བྱེད་དུ་འཇུག་པ་དང་མཉམ་དུ་བྱིས་གཉོར་ཆེད་ལས་དགེ་རྒན་གྱི་འཛིན་ཡིག་ཐག་གཅོད་ལེགས་པོ་བྱེད་དགོས། བོད་ཁུལ་གྱི་ས་ཆ་སོ་སོའི་བྱིས་གཉོར་དགེ་རྒན་གྱི་ཆེད་ལས་སྟོང་ཆ་མི་སྙོམས་པས། བོད་ཁམས་ཀྱི་སློབ་གྲྭ་ཆེན་མོ་དང་ལས་རིགས་ལག་རྩལ་སློབ་གྲྭ་སོ་སོའི་བྱིས་གཉོར་ཆེད་ལས་དགེ་རྒན་གྱི་འཛིན་གྲྭ་བཙུགས་ཏེ་ལོ་རེར་མཐོ་རྒྱུགས་དང་བསྟུན་ནས་བོད་ཁུལ་གྱི་ཕྱོགས་སོ་སོ་ནས་བོད་རིགས་སློབ་མ་བསྡུས་ཏེ་བྱིས་གཉོར་ཆེད་ལས་དགེ་རྒན་མེད་པའི་སྟོང་ཆ་ཁ་སྐོང་བར་བྱས་ནས་བྱིས་གཉོར་ཆེད་ལས་དགེ་རྒན་གྱི་ཐོན་ཁུངས་སྔོག་འདོན་བཟང་བོ་བྱས་ཏེ། བོད་ཁུལ་གྱི་བྱིས་གཉོར་ཁང་རེ་རེའི་སློབ་སྔོན་སློབ་གསོ་མཉམ

གཅིག་ཏུ་གོང་སྤེལ་གཏོང་བར་སྐུལ་མ་བཏང་ན་ཅིས་མ་ཆོག  མཐར་མདོར་བསྡུས་ནས་བྱེད་སྙིང་འདོད་པ་ནི་བོད་ཀྱི་སློབ་གསོ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་ཀྱིས་བོད་ཡུལ་གྱི་གཞི་རིམ་སློབ་གསོ་གཏོང་ཡུལ་ནི་བོད་སྐད་རང་གི་ཕ་སྐད་དུ་གྱུར་པའི་བྱིས་པ་ཚོ་ཡིན་ལ། ཁོང་ཚོ་སྐྱེས་པ་ནས་བཟུང་སློབ་གྲྭར་མ་ཞུགས་གོང་གི་ལོ་དྲུག་བདུན་གྱི་རིང་དུ་ཕ་མ་དང་བརྡ་སྤྲོད་བྱེད་བོད་སྐད་ཡིན་ཞིང་། ཁྱིམ་མི་དང་འབྲེལ་བ་བྱེད་པའི་སྐད་ཆ་ནི་བོད་སྐད་ཡིན་པ་དང་། རྩེ་གྲོགས་ཚོ་དང་རྩེད་མོ་རྩེ་བའི་སྐད་ཆའང་བོད་སྐད་ཡིན་པ་དང་། སློབ་གྲྭར་མ་ཞུགས་པའི་སྔོན་དུ་ཁྱིམ་ཚང་དང་། སྤྱི་ཚོགས། ཁོར་ཡུག རིག་གནས་ཀྱི་རྒྱབ་ལྗོངས་སོགས་ཕྱོགས་གང་ཐད་ནས་བྱིས་པར་བོད་སྐད་རྣར་འཇགས་ཁ་འདྲིས་དང་སེམས་བྱུང་གོམས་གཤིས་སུ་གྲུབ་སྟེ། བོད་སྐད་ཀྱིས་བསམ་གཞིགས་དང་། སྨྲ་བརྗོད་ཀྱི་གཏན་ཚིགས་སྒྲིག་གཞི་ཆ་ཚང་བ་ཞིག་ཆགས་ཡོད་པ་མ་ཟད། བོད་སྐད་ཀྱི་མིང་ཚིག་གང་མང་གསོག་འཇོག་བྱས་ཡོད་པ་རེད༽གསུངས་ཡོད་པས། བོད་ཁུལ་གྱི་བྱིས་གཉོར་ཁང་ནས་འགོ་བརྩམས་ཏེ་བྱིས་པ་ཐད་ཀར་བོད་སྐད་བོད་ཡིག་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་བཀོད་སྤྱོད་མང་ཙམ་དང་སྦྱོང་བརྡར་རྩལ་ནུས་མང་ཙམ་བྱེད་དུ་བཅུག་སྟེ། ཕ་སྐད་གཞིར་འཛིན་པའི་རྩ་དོན་བྱིས་གཉོར་ཁང་ནས་འགྲུབ་པའི་སྔོན་འགྲོའི་མཐུན་རྐྱེན་བསྐྲུན་པ་དང་། ཕ་སྐད་དང་འབྲེལ་ནས་བྱིས་པའི་རྩལ་ནུས་འཇོན་གསུམ་སྔོག་འདོན་བྱེད་པའི་སློབ་སྔོན་སློབ་གསོའི་རྩ་དོན་འདི་བྱིས་གཉོར་ཁང་གི་ཁོར་ཡུག་དང་སློབ་སྒྲུབ་ཀྱི་ལག་ལེན་ཁྲོད་དུ་བརྩི་སྲུང་བྱས་ན། བྱིས་པས་ཕ་སྐད་རྒྱུད་འཛིན་བྱེད་པ་དང་ཁོང་དུ་ཆུད་པར་བྱེད་པའི་དཀའ་ཚེགས་བདེ་བླག་ངང་སེལ་བ་དང་། བྱིས་པ་རྣམས་སྐྱོན་བྲལ་གྱི་ངང་འཚར་ལོངས་བྱུང་བ་དང་དུས་མཚུངས་སུ་ཁོ་ཚོའི་བག་ལ་ཉལ་བའི་ནུས་ཤུགས་གསོན་ཉམས་ལྡན་པ་མུ་མཐུད་དུ་གསར་སྤེལ་དང་སྔོག་འདོན་བྱེད་དགོས་སོ།།