གཅིག རང་བྱུང་ཁམས་དང་ཚེ་སྲོག་གི་ཆགས་རིམ

 

སྤྱིར་ཟླུམ་གཟུགས་ཀྱི་ས་ཡི་གོ་ལའམ་རང་བྱུང་གི་ཁམས་ཆེན་པོ་འདི་ཕན་ཚུན་ལྟོས་བཅས་ཀྱིས་ཆགས་གྲུབ་བྱུང་རྗེས་ཚེ་སྲོག་གི་མྱུ་གུ་ཐོག་མར་འབུས་འགོ་ཚུགས་ཤིང༌། དེ་ནས་རིམ་གྱིས་བྱུང་བའི་འགྲོ་བ་མི་དང་བཅས་པའི་སྲོག་ལྡན་གྱི་སེམས་ཅན་མོད་པོ་འགུལ་བསྐྱོད་ཀྱི་རྩོལ་བ་ལ་བརྟེན་ནས་སྐྱེ་གཟུགས་ལ་འཕེལ་འགྱུར་སྣ་ཚོགས་བྱུང་སྟེ། རི་ཆུ་ཤིང་ནགས་དང༌། རྩི་ཤིང་མེ་ཏོག མཚོ་དང་མཚེའུ། རྫ་སྤང་བྲག་རྡོ་སོགས་རང་བྱུང་ཁམས་ཀྱི་ངོ་མཚར་བའི་གྲུབ་ཆ་སྣ་ཚོགས་ལ་ལུས་སྲོག་གི་སྐྱབས་བཅོལ་ཏེ། རང་བྱུང་ཁམས་ནི་སེམས་ལྡན་ཡོད་དོ་ཅོག་ཐུན་མོང་གི་འཚོ་གནས་དང་ལོངས་སྤྱོད་ཀྱི་ཁྱིམ་གཞིས་ལྟ་བུ་ཞིག་ཏུ་གྱུར་ཡོད།

དེ་ཡང་ཐམས་ཅད་ཀྱི་འཚོ་གནས་སུ་གྱུར་པའི་གོ་ལ་འདི་ཡི་ཆགས་གྲུབ་དང༌། དེར་བརྟེན་གྱི་ཚེ་སྲོག་གི་བྱུང་རིམ་ནི་ངེས་གཏན་འཁེལ་བ་ཞིག་ཤོད་དུ་མེད་པའི་ལྐོག་གྱུར་གྱི་གནས་ཤིག་ཡིན་ནའང༌། མིའི་རིགས་ཀྱི་རྣམ་རིག་དང་བློ་སྟོབས་ཀྱི་རྟོག་དཔྱོད་འོག་ཚན་རིག་པ་དང་ཆོས་ལུགས་པ་སོགས་ཀྱིས་རང་རང་གི་འདོད་ལུགས་ལྟར་འགྲེལ་སྟངས་མི་འདྲ་བ་རེ་རྒྱག་བཞིན་ཡོད། དེ་ལ་ཚན་རིག་པའི་འདོད་ཚུལ་ལ་གཅིག་ཏུ་མ་ངེས་པར་རང་རང་གི་ལྟ་གྲུབ་གཞི་ལ་བཞག་སྟེ་ཅུང་མི་འདྲ་བ་འགའ་ཡོད་པ་ལས། ཁག་ཅིག་གིས་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཉིད་ཐོག་མར་ནམ་མཁའ་སྟོང་དབྱིངས་སུ་རང་བཞིན་གྱིས་བྱུང་བའི་ཆ་རྡུལ་ཕྲ་མོ་རྣམས་འདུས་པའི་གོང་བུ་གཅིག་ཏུ་གྲུབ་མཚམས་འབར་གས་ཆེན་པོ་ཐབས་ཏེ། གང་སར་བརྡལ་ཁྱབ་བྱུང་བའི་བརྒྱུད་རིམ་ལས་ས་ཡི་གོ་ལས་མཚོན་པའི་རྒྱུ་སྐར་གྲངས་ལས་འདས་པ་ཆགས་པ་དང་། ང་ཚོ་འཚོ་གནས་ཀྱི་ས་ཡི་གོ་ལ་འདི་ནི་ལོ་ངོ་དུར་ཕྱུར་བཞི་དང་ཕྱེད་ཙམ་གྱི་སྔ་རོལ་དུ་ཆགས་འགོ་ཚུགས་ཤིང༌། རིམ་པས་ཆུ་ལས་ཚེ་སྲོག་གི་ཐོག་མ་སྟེ་འབུ་སྲིན་ཕྲ་མོ་ནས་ཆུ་གནས་སྲོག་ཆགས་དང༌། དེ་ནས་སྐམ་སའི་སྲོག་ཆགས། འགྲོ་བ་མིའི་རིགས་བཅས་བྱུང་ཚུལ་བཤད་ཡོད།

ཆོས་ལུགས་པའི་ངོས་ནས་ཡེ་ཤུ་དང༌། ཁ་ཆེ། མུ་སྟེགས་པ་སོགས་ཆོས་ལུགས་སྨྲ་བ་མང་པོ་ཞིག་གིས་འཇིག་རྟེན་ཁམས་ཀྱི་རི་ར་བ་ཁང་ཁྱིམ། འགྲོ་བ་མི་དང་བཅས་ཐམས་ཅད་དཀོན་མཆོག་གིས་བསྐྲུན་པར་བཤད་པ་དང༌། དཀོན་མཆོག་ནི་འཇིག་རྟེན་བཀོད་པ་པོ་ཡིན་པར་འདོད། ནང་པ་སངས་རྒྱས་པ་ལ་མཚོན་ན་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཇི་ལྟར་ཆགས་གྲུབ་ཀྱི་ཐད། རྩ་བའི་ཆ་ནས་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་ཐོག་མར་འོག་ནས་ཡར་སྲ་བརྟན་གྱི་རླུང་གི་དཀྱིལ་འཁོར་ཆགས་པའི་སྟེང་ཆུའི་དཀྱིལ་འཁོར་ཆགས་པ་དང༌། དེའི་སྟེང་སའི་དཀྱིལ་འཁོར་ཆགས་པའི་དབུས་སུ་རི་རབ་དང༌། མཐའ་འཁོར་དུ་གསེར་གྱི་རི་བདུན་རོལ་བའི་མཚོ་བདུན་བཅས་ཆགས། དེ་ནས་གླིང་བཞི་གླིང་ཕྲན་དང་རྒྱ་མཚོའི་མཐར་ལྕགས་རིས་བསྐོར་ཏེ་ཆགས་པའི་སྐོར་སོགས་དུས་འཁོར་དང༌། མངོན་པ་མཛོད་བཅས་སུ་བཞེད་ལུགས་མི་འདྲ་བའི་ཚུལ་དུ་གསུངས་ཡོད།

དེ་ལྟའི་འཇིག་རྟེན་གྱི་ཁམས་འདི་ཇི་ལྟར་ཆགས་གྲུབ་ཀྱི་ལུགས་དེ་དག་ལས་སུ་ཞིག་བདེན་པ་ཡིན་མིན་དང༌། གང་ཞིག་དོན་དངོས་ཡིན་མིན་གང་ལྟར་དེ་དག་གི་འདོད་ཚུལ་རེ་རེར་ཞིབ་ཀྱིས་བསམ་བློ་ཞིག་བཏང་ན། ས་གཞི་རིལ་བོ་འདི་དང་སྲོག་ལྡན་གྱི་སེམས་ཅན་རྣམས་ཕན་ཚུན་རྟེན་འབྱུང་གི་ཚུལ་དུ་ཆགས་གྲུབ་འཚོ་གནས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་ཡོད་པ་ཤེས་ཐུབ་ཅིང༌། ལྷག་པར་དུ་འགྲོ་བ་མིའི་རིགས་དང་བཅས་པའི་ཚེ་སྲོག་མོད་པོ་རང་བྱུང་ཁམས་འདིར་ཅིས་ཀྱང་བརྟེན་དགོས་པའི་གནས་ལུགས་དེ་ཡང་རང་ཤུགས་ཀྱིས་རྟོགས་ཐུབ། དེ་བས་ན་ཁོད་ཡངས་ཤིང་རྒྱ་ཆེ་བའི་རང་བྱུང་ཁམས་འདི་ནི་འགྲོ་བ་མི་དང་བཅས་པའི་ཚེ་སྲོག་ཐམས་ཅད་ཀྱི་ཁྱིམ་གཞིས་ལྟ་བུ་ཡིན་ལ། ང་ཚོ་མིའི་རིགས་ནི་ཁྱིམ་གཞིས་འདིར་བདག་གཅེས་དང་སྲུང་སྐྱོབ་བྱེད་པའི་འགན་བབ་ཀྱི་ཚོགས་སྡེ་གཙོ་བོ་ཆགས་ཡོད་ཟེར་ཆོག

 

གཉིས། ཆུའི་རིན་ཐང་དང་སྤྱི་ཚོགས་ཀྱི་དགོས་མཁོ།

 

ཆུ་ནི་ང་ཚོའི་ལུས་ཕུང་ལ་མེད་ཐབས་མེད་པའི་ཟུངས་ཁྲག་གི་བཞུར་རྒྱུན་ཇི་བཞིན་ས་ཡི་གོ་ལ་འདིར་རླན་གཤེར་གྱི་ཉིང་བཅུད་སྦྱིན་ཞིང༌། རང་བྱུང་གི་སྐྱེ་དངོས་སྣ་ཚོགས་ལ་ལྗང་མདོག་གི་ཚེ་སྲོག་བསྕལ་ཏེ་ས་གཞི་ཧྲིལ་པོར་ངོ་མཚར་ཞིང་མཛེས་སྡུག་གི་གཟི་བྱིན་གྱིས་བརྒྱན་པར་བྱས་ཡོད་ལ། དེ་མཚུངས་རང་བྱུང་ཁམས་ལ་ལོངས་སུ་སྤྱོད་པའི་འགྲོ་བ་སེམས་ཅན་མོད་པོའི་ཚེ་སྲོག་ལའང་གསོན་ཤུགས་ཀྱི་ལེགས་སྐྱེས་བླ་ན་མེད་པ་ཕུལ་བཞིན་ཡོད། དཔེར་ན། ཆུ་ཡི་རླན་གཤེར་མེད་ན་ས་ལུད་སྐམ་པོ་ལས་ལྗང་མདོག་གི་མྱུ་གུ་འབུས་མི་ཐུབ་པ་དང༌། ཆུ་ཡི་བཏུང་བ་མེད་ན་ཟས་ཀྱི་རི་རབ་བརྩིགས་ཀྱང་ཚེ་སྲོག་འཚོ་མི་ཐུབ། དེ་ནི་མིའི་རིགས་ཀྱི་དངོས་ཡོད་འཚོ་བའི་ཉམས་མྱོང་དང་བརྒྱུད་རིམ་ཁྲོད། བཟའ་བ་ཟས་ཡོད་ཀྱང་བཏུང་བ་ཆུ་མེད་ན་ཡུན་རིང་འཚོ་གསོན་མི་ཐུབ་པ་དང༌། བཏུང་བ་ཆུ་ཡོད་ན་བཟའ་བ་ཟས་མེད་ཀྱང་ཚེ་སྲོག་ནི་ཡུན་རིང་འཚོ་གནས་ཐུབ་པའི་གནས་ལུགས་དེ་ཤེས་རྟོགས་བྱུང་ཡོད། དེའི་ཕྱིར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་ལྗང་མདོག་གི་ཁོར་ཡུག་ཅིག་ཏུ་ཚེ་སྲོག་ལ་གསོན་ཤུགས་རྒྱས་ཏེ་འཚོ་དགོས་ན་རང་བྱུང་གི་ཆུ་ནི་མེད་ཐབས་མེད་པའི་ཚེ་སྦྱིན་གྱི་ནོར་བུ་རྩ་ཆེན་ཞིག་ཡིན།

དེ་ཡང་ལ་ཤས་ཀྱིས་སྤྱི་རྡོག་གི་བཤད་སྒྲོས་ཤིག་ལ་གཞི་བཅོལ་ནས་ང་ཚོ་གནས་གཞིའི་གོ་ལ་འདིའི་གྲུབ་ཆ་ཕལ་ཆེ་བ་རྒྱ་མཚོའི་ཆུ་ཡིས་ཁྱབ་ཡོད་པས། ང་ཚོའི་ལོངས་སྤྱོད་ཀྱི་ཆུ་བོ་ལ་འཛད་མཐའ་མེད་པར་འདོད་པའི་སྟོང་བསམ་ཞིག་གི་ཀློང་ན་རང་བྱུང་གི་ཆུ་བོ་ལ་སེར་སྣ་དང་གྲོན་ཆུང་མི་བྱེད་པར། ཚད་བརྒལ་གྱི་ལོངས་སྤྱོད་ལ་ཆོག་མི་ཤེས་པ་དང་སྐྱི་གཡའ་བའི་འབོག་བཙོག་ལ་ཡིད་མི་ཕངས་པར་རང་ཉིད་ཀྱི་གནས་སྐབས་ཙམ་ཞིག་གི་བདེ་བ་ཁོ་ནའི་ཆེད་དུ་ཅི་མི་སྙམ་པར་འཚོ་ཡོད། དེ་ནི་རྨོངས་འཐོམ་གྱི་བསམ་བློའི་འོག་གི་ཆེས་ནོར་འཁྲུལ་ཞིག་སྟེ། ང་ཚོ་འཚོ་གནས་ཀྱི་གོ་ལ་ཟླུམ་པོ་འདིའི་གྲུབ་ཆ་ཕལ་ཆེ་བ་ཆུ་ཡིན་ནའང༌། འགྲོ་བ་མིའི་རིགས་ཀྱི་འཐུང་བྱར་སྤྱོད་པའི་ཆུ་ནི་གྲུབ་ཆ་ཉུང་ངུ་ཙམ་ཞིག་ལས་མེད། དེ་ལ་ས་གཤིས་རིག་པའི་ཆེད་ལས་མཁས་པ་རྣམས་ཀྱིས་ཟེར་ན། གོ་ལ་ཧྲིལ་པོ་བཅུ་ལ་ཆ་བགོས་བྱས་པའི་བཅུ་ཆ་གསུམ་ནི་སྐམ་ས་དང༌། བདུན་ནི་ཆུ་ཡིན་པར་བཤད་མོད། འོན་ཀྱང་བཅུ་ཆའི་བདུན་ཟིན་པའི་མཚོ་ཆུ་ཡོད་ཚད་ང་ཚོ་མིའི་རིགས་ཀྱིས་འཐུང་ཆུར་རུང་བ་ཞིག་མ་ཡིན་པར། དེ་དག་ལས་བརྒྱ་ཆའི་ ༩༧ ནི་ཚྭ་ཆུ་ཡིན་པའི་ལྷག་གནས་སུ་འཐུང་ཆུ་ནི་བརྒྱ་ཆའི་ ༣ ཙམ་ལས་མེད་ལ། བརྒྱ་ཆའི་གསུམ་དེ་ཡང་ཡོངས་སུ་ང་ཚོའི་འཐུང་ཆུར་སྤྱོད་ཐབས་བྲལ་བ་དང༌། མ་ཟད་རང་བྱུང་སྐྱེ་དངོས་ལའང་རླན་གཤེར་གྱི་གསོན་ཤུགས་སྦྱིན་པའི་ནུས་པ་དང་བྲལ་ཡོད་པ་ཞིག་སྟེ། སུམ་ཆའི་གཉིས་ཙམ་ནི་སའི་གོ་ལའི་ལྷོ་བྱང་གི་སྣེ་གཉིས་སུ་འཁྱག་རོམ་གྱི་གཟུགས་སུ་གྲུབ་ཡོད་པར་བཤད། གང་ལྟར་ང་ཚོ་འཚོ་གནས་བྱས་པའི་གོ་ལ་འདིའི་ཐོག་གི་ཆུ་ཡི་གྲུབ་ཆ་ལས་འགྲོ་བ་མིའི་རིགས་ཀྱི་བཏུང་བྱར་སྤྱོད་པའི་ཆུ་ནི་ཉུང་ཙམ་ཞིག་ལས་མེད་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན།

        

           

གསུམ། མདོ་དབུས་མཐོ་སྒང་ནི་ཆུ་བོའི་འབྱུང་ཁུངས་ཡིན།

 

སྤྱིར་འགྲོ་བ་མིའི་རིགས་ཀྱི་ཚོགས་སྡེ་རྣམས་གདོད་མ་ནས་ས་ཡི་ཁྱོན་འདིར་གཞི་ཆགས་སའི་ཡུལ་ལུང་སོ་སོའི་ཡུལ་དུས་གནས་བབ་སོགས་ལ་དཔག་སྟེ་སྐད་ཡིག་དང༌། རིག་གཞུང༌། གོམས་སྲོལ། དཔལ་འབྱོར་སོགས་ཕྱོགས་མང་པོ་ཞིག་ཕན་ཚུན་ཐ་དད་ཀྱི་ཚུལ་དུ་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་བཞིན་ཡོད། དེ་མཚུངས་བོད་མི་རིགས་ལ་མཚོན་ནའང་གནའ་སྔ་མོ་ནས་འཛམ་གླིང་གི་ཡར་རྩེར་ཆགས་པའི་མདོ་དབུས་མཐོ་སྒང་དུ་གཞི་བཟུང་སྟེ། མི་རིགས་རང་གི་ངོ་བོ་མཚོན་པའི་རིག་གཞུང་སྣ་ཚོགས་དར་སྤེལ་གྱིས་གནས་ཤིང༌། འཛམ་གླིང་འདིར་ཆུ་བོའི་ཐོན་ཁུངས་བཟང་ཞིང་རླན་སའི་རང་བཞིན་དུ་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཕུན་སུམ་ཚོགས་པའི་ཡུལ་ལུང་གྲགས་ཅན་དག་གི་གྲས་སུ་མདོ་དབུས་མཐོ་སྒང་ཞེས་མིང་དུ་གྲགས་ཡོད།

བོད་མདོ་དབུས་མཐོ་སྒང་ལ་ཁ་བ་ཅན་དང༌། ཁ་བའི་ཡུལ། གངས་ཅན་པ། གངས་རིའི་ལྗོངས་ཞེས་སོགས་ཀྱི་མིང་གིས་བཏགས་པ་དོན་ལ་གནས་པ་ཞིག་ཡིན། དཔེར་ན། མཐོ་ལ་བརྗིད་པའི་རི་བོ་ཧི་མ་ལ་ཡ། ཁུ་ནུ་རི་བོ། གདང་ལ་རི་བོ། གངས་དཀར་ཏི་སེ། ཇོ་མོ་གངས་དཀར། ཉང་སྟོད་ཧ་བོའི་གངས། འབྲོག་ལ་ཕྱིའི་གངས། བསམ་གཏན་གངས་བཟང༌། གནས་མཆོག་ཁ་བ་དཀར་པོ། འཇུ་ལག་གངས་དཀར། རི་བོ་གནམ་ལྕགས་འབར་བ། གནོད་སྦྱིན་གངས་བཟང༌། གཉན་ཆེན་ཐང་ལྷ། གཉན་པོ་གཡུ་རྩེ། རྨ་ཆེན་གངས་རི། བ་ཡན་ཧ་རི། མདོ་ལ་རིང་མོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས་དུས་བཞིར་འགྱུར་བ་མེད་པའི་གངས་དཀར་ལྷུན་པོའི་ཚོགས་ཕྲེང་བར་བསྟར་ཞིང༌། བོད་མིའི་ཁ་རྒྱུན་ལ། ཆུ་མགོ་གངས་ཞེས་པའི་ཤོད་སྲོལ་ལྟར་བོད་མདོ་དབུས་མཐོ་སྒང་ན་འབབ་པའི་མཚོ་དང་མཚེའུ་ཆུ་བོ་དག་གི་མགོ་ཁུངས་སུ་གྱུར་ཏེ། རང་བྱུང་ཁོར་ཡུག་གི་སྐྱེ་དངོས་སྲོག་ཆགས་དང་བཅས་པར་ཚེ་སྲོག་གི་ཆབ་རྒྱུན་ཕངས་མེད་སྦྱིན་ཞིང༌། བསིལ་ལྡན་ཁ་བའི་ལྗོངས་ཞེས་སྙན་པའི་བ་དན་དཀར་པོ་འཛམ་གླིང་ཡང་རྩེ་རུ་བསྒྲེངས་ཡོད།

དེ་ལ་བོད་མདོ་དབུས་མཐོ་སྒང་ན་མ་ཕམ་གཡུ་མཚོ་དང༌། ཡར་འབྲོག་གཡུ་མཚོ། གནམ་མཚོ་ཕྱུག་མོ། མཚོ་སྔོན་པོ། མཚོ་སྐྱ་རེངས་སྔོ་རེངས་སོགས་མཚོ་དང་མཚེའུ་སྣ་ཚོགས་ནམ་མཁའི་སྐར་ཚོགས་བཞིན་བཀྲ་ཞིང༌། ཁ་འབབ་ཀྱི་ཆུ་བོ་བཞི་སྟེ། རྟ་མཆོག་ཁ་འབབ་དང༌། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ། དེ་མིན་ཡར་ཀླུང་གཙང་པོ། འབྲི་ཆུ། རྨ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཉག་ཆུ་སོགས་ཆུ་ཀླུང་ཆེན་པོ་དག་ལྷུང་ལྷུང་དལ་གྱིས་འབབ་པ། གཞན་ཡང་དྭངས་གཙང་བསིལ་འཇམ་གྱི་ཆུ་མིག ནད་རིགས་སྣ་ཚོགས་སེལ་འཇོམས་ཀྱི་ཆུ་ཚན་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཆེ་ཆུང་སྣ་ཚོགས་བཞུར་རྒྱུན་རིང་ཞིང༌། ས་མཐོའི་ཁོར་ཡུག་ན་རང་བྱུང་སྐྱེ་དངོས་ལ་འཚོ་བཅུད་ཀྱི་ཉིང་ཁུ་སྦྱིན་ཞིང་། འབུ་སྲིན་ཕྲ་མོ་ནས་བཟུང་ཚེ་སྲོག་གྲངས་མེད་ཀྱི་འཚོ་རྟེན་དང༌། བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཐོན་ཁུངས་ཀྱི་གཞི་རྩ་ལྟ་བུར་གྱུར་ཡོད། མ་ཟད་མདོ་དབུས་མཐོ་སྒང་ནི་འཛམ་གླིང་ཞི་བདེ་རྒྱ་མཚོ་དང་གླིང་ཆེན་ཨེ་ཤ་ཡའི་གཙང་པོ་མང་ཤོས་ཀྱི་འབྱུང་ཁུངས་ལྟ་བུ་སྟེ། མདོར་ན་ཁ་འབབ་ཀྱི་ཆུ་བོ་བཞིས་མཚོན་ཁ་བ་གངས་ཀྱིས་བསྐོར་བའི་བོད་ཡུལ་ས་མཐོ་ནས་བརྡོལ་ཞིང༌། མཐར་ཧིན་རྡི་རྒྱ་མཚོ་ཆེན་པོ་སོགས་ཀྱི་ནང་རྒྱུ་བའི་ཕྱི་འབབ་ཀྱི་གཙང་པོ་དག་ནི་འཛམ་གླིང་ཞི་བདེ་རྒྱ་མཚོ་ཆེན་པོ་ནམ་ཡང་བྲི་མེད་དུ་གནས་པར་གལ་འགངས་ཆེ་བའི་ཆུ་ཡི་གཏེར་མཛོད་ཅིག་ཏུ་གྱུར་ཡོད་ལ། མ་ཟད་ཨེ་ཤ་ཡའི་གླིང་གི་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་སོགས་ཀྱི་ཐད་ལའང་ཕན་ནུས་ཆེན་པོ་ཐོན་གྱིན་ཡོད།

 

 

བཞི། ཆུའི་ཕན་ནུས་དང་མདོ་དབུས་མཐོ་སྒང་གི་རང་བྱུང་ཐོན་ཁུངས།

 

བོད་མདོ་དབུས་མཐོ་སྒང་ནི་དེ་ལྟར་གངས་ཀྱི་ར་བས་བསྐོར་ཞིང་སྐྱེ་དངོས་ཀུན་གྱི་ཉུང་བཅུད་དུ་གྱུར་པའི་ཆུ་ཡི་འབབ་རྒྱུན་ཕུན་སུན་ཚོགས་པོ་ཡོད་པས། རང་བྱུང་གི་སྐྱེ་དངོས་རིགས་ཧ་ཅང་མང་པོ་ཡོད་པ་ལས་རྩི་ཤིང་དང་མེ་ཏོག་གི་རིགས་ལ། དཔེར་ན། དབྱར་རྩྭ་དགུན་འབུ་དང༌། གླང་ཆེན་ཆིག་ཐུབ། ཀླུ་བདུད་རྡོ་རྗེ། རྩྭ་སྨན་རྒྱལ་པོ་གཉན་ཐུབ། ཀྱི་ལྕེ། ཨ་བྷི་ཤ། ཀོ་ཤ། སྨུག་རྩྭ། མཛོ་མོ་ཤིང༌། ར་དུག་རེ་ལྕག སྤྲུ་བ་དཀར་ནག ཐང་ཁྲོམ། སྡོང་ཕུང༌། འདྲེ་ཚེར་མ། སྲད་དཀར། སྲོ་ལོ་དམར་པོ། སྲོ་ལོ་དཀར་པོ། གངས་ལྷ་མེ་ཏོག ལྕུམ་རྩྭ། སྙི་བ། ཤིང་མངར། ལུག་མིག་མེ་ཏོག འཇིབ་རྩི་སྨུག་པོ། སྤང་རྒྱན་མེ་ཏོག སེར་ཆེན་མེ་ཏོག སཱ་ལའི་མེ་ཏོག སྒྲོལ་མའི་མེ་ཏོག ཨུཏྤལ། སེ་བའི་མེ་ཏོག་སོགས་རྩ་ཆེན་སྨན་རྩྭའི་རིགས་སྣ་ཚོགས་སྐྱེ་འཚར་བྱུང་ཡོད། ནགས་ཚལ་ལྗོན་ཤིང་གི་རིགས་ལ། དཔེར་ན། ཐང་ཤིང་དང༌། གསོམ་སྡོང༌། ཤུག་པ། སྟག་པ། སྒྲོན་ཤིང༌། ལྕང་མ། སྦྱར་བ། སེང་སྡེང་སོགས་ཀྱིས་མཚོན་གདོད་མའི་ནགས་ཚལ་ཡང་ཧ་ཅང་མང་པོ་ཡོད། དེ་ཡང་ས་ཁུལ་གྱི་ཆ་ནས་སྦས་ཡུལ་རོང་ཆེན་པདྨ་བཀོད་ཀྱི་ནགས་ཚལ་ས་ཁུལ་དང༌། ཇོ་མོ་གླང་མའི་ནགས་ཚལ་ས་ཁུལ། རི་བོ་ཆེའི་ནགས་ཚལ་ས་ཁུལ། སྐྱིད་གྲོང་གི་ནགས་ཚལ་ས་ཁུལ། རྫ་ཡུལ་གྱི་ནགས་ཚལ་ས་ཁུལ། ཉིང་ཁྲིའི་ནགས་ཚལ་ས་ཁུལ། སྨར་ཁམས་ཀྱི་ནགས་ཚལ་ས་ཁུལ། ཚྭ་འདམ་གཞོང་གི་ནགས་ཚལ་ས་ཁུལ། གཅན་ཚའི་ཁམས་རའི་ནགས་ཚལ་ས་ཁུལ། རྡོ་སྦིས་སྟོང་རིའི་ནགས་ཚལ་ས་ཁུལ། རྩེ་གཞུང་དམེ་ཤུལ་གྱི་ནགས་ཚལ་ས་ཁུལ། རེབ་གོང་ཞོ་འོང་གི་ནགས་ཚལ་ས་ཁུལ། རེབ་གོང་བློན་ཆོས་ཀྱི་ནགས་ཚལ་ས་ཁུལ། གསེར་ཁོག་བྱང་རིའི་ནགས་ཚལ་ས་ཁུལ་སོགས་བོད་ཡུལ་སྟོད་སྨད་བར་གསུམ་ན་གྲགས་པ་ཆེ་བའི་ནགས་ཚལ་སྲུང་སྐྱོབ་ས་ཁུལ་མང་པོ་ཡོད། སྤྱིར་ནགས་ཚལ་ནི་ཆར་ཆུ་དང་ཆུ་བོའི་འབབ་རྒྱུན་གྱི་རླན་གཤེར་ལ་བརྟེན་ནས་སྐྱེ་སྟོབས་འཕེལ་ཞིང༌། འགྲོ་བ་མིའི་རིགས་ལ་འཚོ་བའི་བཀོལ་སྤྱོད་སོགས་ཀྱི་དགོས་མཁོ་སྦྱིན་པ་དང༌། རི་སྐྱེས་སྲོག་ཆགས་སྣ་ཚོགས་བག་ཡངས་ངང་འཚོ་གནས་བྱེད་སའི་མཛེས་སྡུག་གི་གླིང་ག་ཞིག་ཡིན་ལ། མ་ཟད་ནགས་ཚལ་ལ་ཚ་གདུགས་ཀྱི་ངལ་དུབ་འགོག་པ་དང༌། མཁའ་དབུགས་དང་རང་བྱུང་ཁམས་ཀྱི་ཐལ་རྡུལ་སོགས་གཙང་སེལ་བྱེད་པ། སྐྱེ་དངོས་སྲོག་ཆགས་སོགས་ལ་དགོས་ངེས་ཀྱི་དབྱང་དབུགས་མཁོ་སྤྲོད་བྱེད་པ། ཆར་ཆུ་མོད་ཅིང་ཐན་སྐྱོན་འགོག་པ་སོགས་ཀྱི་ཕན་ནུས་དང་ཁྱད་ཆོས་ལྡན་ཡོད།

ཤིང་འབྲས་ཀྱི་རིགས་ལ། དཔེར་ན། ཁམ་བུ་དང༌། ཀུ་ཤུ། སྟར་ག རྒུན་འབྲུམ། ཚ་ལུ་མ། ཡུལ་སིལ། སིལ་ཙོ་རི། སེ་འབྲུ། ཤིང་ཏོག་ལི་སོགས་མངར་སྐྱུར་གྱི་རོ་བཅུད་ལྡན་ཞིང་མིའི་རིགས་ཀྱི་བཟའ་བྱར་སྤྱོད་པའི་ཤིང་འབྲས་སྣ་ཚོགས་དང༌། སྔོ་ཚལ་གྱི་རིགས་ལ། ཞོག་ཁོག་དང༌། ལ་ཕུག གུང་ལ་ཕུག ཡུང་མ། ཚལ་དཀར། སྣུམ་ཚལ། མེ་ཏོག་པད་ཚལ། ལོ་འཁོར་པད་ཚལ། བསོད་ནམས་དཔལ་འཛོམས། སོ་ལོ་སྔོན་པོ། པ་ལག ཁ་ཏིག་ཚལ། སྲན་ལེབ། ཙོང༌། སྒོག་པ། སྒ་སྨུག་སོགས་འཚོ་བཅུད་ཀྱི་ཕན་ནུས་ལྡན་པའི་སྔོ་ཚལ་རིགས་ཀྱི་ཐོན་ཁོངས་ཕུན་སུམ་ཚོགས་པོ་ཡོད།

འབྲུ་ཡི་རིགས་ལ། དཔེར་ན། གྲོ་དང༌། ནས། སྲན་མ། མ་རྨོས་ལོ་ཏོག ཁྲེ། བྲ་བོ། ཡུངས་དཀར། ཡུག་པོ། ཟར་མ། པད་ཁ། ཀེ་ཚེ་སོགས་བོད་མི་རིགས་ཀྱི་རྒྱུན་སྤྱོད་ཁ་ཟས་སུ་གྱུར་པའི་འབྲུ་རིགས་སྣ་ཚོགས་ཀྱི་ཞིང་ས་ལེགས་པར་སྨིན།

རི་སྐྱེས་སྲོག་ཆགསས་ལས་རི་དྭགས་ཀྱི་རིགས་ལ། དཔེར་ན། འབྲོང་དང༌། རྐྱང༌། བསེ་རུ། ཤྭ་བ་མཆུ་དཀར། ཤྭ་སྐྱ། ཤྭ་བ་སེར་ཆེན། ཤྭ་བ་སེར་ཁྲ། གཙོད། གཉན། རྒྱ། དགོ་བ། གནའ་བ། སྤྲེལ། སྤྲ། སྤྲེའུ་སྤུ་སེར། བྲག་སྲམ། ཕག་རྒོད་སོགས་དང༌། གཅན་གཟན་གྱི་རིགས་ལ་སྟག་དང༌། དོམ་ཁྲ། དོམ་ནག གཟིག་ཁྲ། དྲེད་མོང༌། གསའ། རྒང༌། གཡི། འཕར་བ། གྲུམ་པ། ཆུ་སྲམ། ཝ་དམར། ནེའུ་ལེ། འཕྱི་བ། སྲེ་མོང༌། རི་བོང༌། བྱ་མ་བྱི་སོགས་ཡུལ་ལུང་གཞན་ན་མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་གྲངས་ལས་འདས་པ་ནགས་ཚལ་དང༌། སྤང་ཐང༌། རྫ་བྲག་བཅས་སུ་འཚོ་སྡོད་བྱས་ཡོད།

འདབ་ཆགས་ཀྱི་རིགས་ལ། དཔེར་ན། ཁུ་བྱུག་དང༌། མཇོལ་མོ། བྱེའུ་ཅོ་ཀ། གླག ཁྲ། ཕོ་རོག འོལ་བ། ཤིང་རྟ་མོ། པུ་ཤུད་ལྟག་རིང༌། ཁྲུང་ཁྲུང་སྐེ་ནག རྨ་བྱ། ནེ་ཙོ། དེ་ཕོ། འུག་པ། ངང་པ། ངུར་བ། ཆུ་སྐྱུར། གོང་མོ། བྱ་ཝང༌། སྲེག་པ། སྐྱར་མོ། ཆུ་སྐྱེགས། ཁ་ལ་ཡུག ཕུག་རོན། བྱེའུ་མཐོ་བོང༌། ཁང་བྱེའུ། བྱེའུ་ཐི་བ། སྐྱ་ཀ་སོགས་ངོ་མཆར་བའི་འདབ་ཆགས་བྱ་རིགས་སྣ་ཚོགས་མཚོ་དང་མཚེའུ། ནགས་ཚལ་དང་སྤང་ཐང་བཅས་སུ་སྐད་སྙན་སྒྲོག་ཅིང་འཕུར་ལྡིང་གི་གར་ལ་རོལ་བཞིན་ཡོད།

དེ་ལྟར་བོད་མདོ་དབུས་མཐོ་སྒང་ནི་འཛམ་གླིང་ན་མཐོང་དཀོན་ཞིང་རྩ་ཆེ་བའི་རང་བྱུང་སྐྱེ་དངོས་རིགས་སྣ་ཚོགས་དང་རི་སྐྱེས་སྲོག་ཆགས་མོད་པོ་སྐྱེ་འཚར་འཚོ་གནས་ཀྱི་ཡུལ་ལུང་ངོ་མཚར་ཞིང་ལྟ་ན་སྡུག་པ་ཞིག་གི་ངོ་བོར་གྲུབ་ཅིང༌། འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་གང་སར་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་ཤིང་ལྗོངས་རྒྱུའི་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་པ་ནི། བོད་ཡུལ་ས་མཐོ་ན་གངས་ཀྱི་ར་བས་བསྐོར་ཞིང་མཚོ་དང་མཚེའུ། ཆུ་མིག གངས་ཆུ། རྫ་ཆུ། ཆར་ཆུ་སོགས་དྭངས་གཙང་གི་ཆུ་བོའི་འབབ་རྒྱུན་བཟང་ཞིང༌། རང་བྱུང་ཁམས་ལ་ལྗང་མདོག་གི་གསོན་ཤུགས་རྒྱས་པ་དང་ཚེ་སྲོག་སྣ་ཚོགས་ཞི་བདེ་བག་ཕེབས་ངང་རྒྱུ་བའི་རྟེན་གཞི་རུ་གྱུར་ཡོད་སྟབས། ཀུན་གྱི་ངོར་ལྷ་ཡུལ་ལྟར་ཡིད་དབང་འཕྲོག་པའི་ངོ་མཚར་མཛེས་སྡུག་གི་རྣམ་པ་དེ་ལྟར་གྲུབ་པ་ཞིག་ཡིན། མཐར་གཏུགས་ཏེ་བརྗོད་ན། བོད་མི་རིགས་ཀྱི་ཕ་མེས་ཡང་མེས་དག་གི་རིང་བོད་མི་རྣམས་ཡ་རབས་བཟང་སྤྱོད་ཀྱི་ཕྱོགས་སུ་གཞོལ་ཐབས་དང༌། རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རི་རྒྱ་ཀླུང་རྒྱ་བསྡམས་པ་སོགས་ཀྱི་ཡུལ་ཁྲིམས་གཏན་འབེབས་མཛད་པ། བོད་མི་རིགས་ཀྱི་སེམས་རྒྱུད་ལ་འཇགས་པའི་ཆོས་ལུགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས། སྲོལ་རྒྱུན་རིག་གནས་རྩ་ཆེར་འཛིན་པའི་ལྟ་བ་བཅས་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་རང་བྱུང་གི་ཁོར་ཡུག་དེ་འདྲ་ཞིག་བསྐྱེད་ཐུབ་པ་ཡིན།

 

ལྔ། མདོ་དབུས་མཐོ་སྒང་དང་ད་ལྟའི་རང་བྱུང་ཁོར་ཡུག་གི་གནས་བབ།

 

སྤྱིར་ས་ཡི་གོ་ལ་ཟླུམ་པོ་འདི་ནི་འགྲོ་བ་མི་དང་བཅས་པའི་སྲོག་ལྡན་སེམས་ཅན་དང་རང་བྱུང་སྐྱེ་དངོས་སོགས་ཐུན་མོང་གི་རྟེན་གཞི་རུ་གྱུར་པ་ཞིག་ཡིན་ནའང༌། མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསམ་ནས་རང་བྱུང་ཁམས་ཧམ་སེམས་ཀྱིས་བདག་ཏུ་བཟུང་ཞིང༌། དེང་རབས་ཀྱི་ཚན་རྩལ་ལག་ཤེས་ལས་བྱུང་བའི་འཕྲུལ་ཆས་སྣ་ཚོགས་བཀོལ་སྤྱོད་ཀྱིས་རང་བྱུང་ཐོན་ཁུངས་ཀྱི་ཆེད་དུ་ས་རྐོ་རྡོ་སློག་གིས་གཏོར་བཤིག་དང༌། བཟོ་ལས་ཐོན་སྐྱེད་ཀྱིས་ཁོར་ཡུག་འབག་བཙོག་བཟོ་བ་སོགས་རང་བྱུང་ཁམས་ལ་ཚད་ལས་བརྒལ་བའི་གནོད་འཚེ་གཏོང་གིན་ཡོད་པས། ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་འཕེལ་བ་སོགས་ཀྱི་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ། རང་བྱུང་ཁམས་ཀྱིས་གདོད་མ་ནས་མིའི་རིགས་ཀྱི་སྤྱི་ཚོགས་དང་རང་བྱུང་སྐྱེ་དངོས་ལ་ཐོན་པའི་ཆུ་ཡི་ཐོན་ཁུངས་སོགས་ཀྱི་ཕན་ནུས་ཉིན་རེ་ནས་ཉིན་རེར་ཉམས་ཞན་ཏུ་གྱུར་དང་འགྱུར་བཞིན་ཡོད།

དེ་མཚུངས་བོད་མདོ་དབུས་མཐོ་སྒོང་ལ་མཚོན་ནའང་སྔོན་ཆད་གངས་རི་མཐོ་ཞིང་ཆུ་བོ་མང་བ། ས་གཤིས་ལེགས་ཤིང་ཁོར་ཡུག་གཙང་བའི་ཡུལ་ལུང་ཉམས་དགའ་བ་ཞིག་ཡིན་ནའང༌། དུས་རབས་ཀྱི་འཕེལ་འགྱུར་དང༌། སྤྱི་ཚོགས་ཀྱི་འགྱུར་ལྡོག་སོགས་ཀྱིས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པ་ནས་བཟུང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་མི་རིགས་ཀྱིས་གནའ་སྔ་མོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་སུ་སྤྱོད་པའི་ཆོས་ལུགས་དང་ཡུལ་སྲོལ་རིག་གནས་བཅས་ཀྱི་ལྟ་བའི་འདུ་ཤེས་ལས་བརྒལ་ཏེ། བོད་མི་རིགས་ཀྱིས་རྩ་ཆེན་དུ་བརྩིས་ནས་གཅེས་སྲུང་བྱེད་པའི་རང་བྱུང་ཁོར་ཡུག་ལ་ཅི་མི་སྙོམ་པར་ས་རྐོ་རྡོ་སློག་སོགས་ཀྱི་ལས་གཞི་སྣ་ཚོགས་སྤེལ་བ་བརྒྱུད་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་བསུན་གཙེར་གྱིས་ཆག་འཇིག་ཉམས་འགྱུར་གྱི་འགོ་ཚུགས་ཤིང༌། ལྷག་པར་མགོ་ཐོག་གི་དུས་རབས་ཉེར་གཅིག་པ་འདིར་ཡོད་ཚད་ལ་ཚན་རིག་གིས་དབང་བསྒྱུར་ཞིང་བཟོ་ལས་ཐོན་སྐྱེད་སྣ་ཚོགས་དར་སྤེལ་འཛུགས་སྐྲུན་ཆེད། རང་གཞན་ཀུན་གྱིས་མདོ་དབུས་མཐོ་སྒང་གི་སའི་འཚོ་བཅུད་དུ་གྱུར་པའི་གཏེར་ཁ་སྣ་ཚོགས་སྔོགས་འདོན་བྱེད་པ་དང༌། ནགས་ཚལ་སྟུག་པོ་འབྲེག་གཅོད་བྱེད་པ། རི་བོ་མཐོན་པོར་ཁུང་བུ་འདྲུ་བ། ཆུ་བོ་ཆེན་པོའི་བཞུར་རྒྱུན་འགོག་པ། བདག་མེད་སྲོག་ཆགས་གསོད་བཟུང་བྱེད་པ། རྩ་ཆེའི་སྨན་རྩྭ་རྐོ་འཐུ་བྱེད་པ་སོགས་ཚད་བརྒལ་གྱི་གནོད་སྐྱོན་བཟོས་པའི་རྐྱེན་གྱིས། རང་བྱུང་ཁམས་ལྷིང་འཇགས་ལས་དཀྲོགས་ཤིང་སྡོད་མི་ཚུགས་པའི་ཕོག་ཐུག་ཆེན་པོ་ཐེབས་ཏེ། གློ་བུར་དུ་ས་འགུལ་བ་དང༌། རི་སྙིལ་བ། མཚོ་འཕྱུར་བ། བྱེ་རླུང་འཚུབ་པ། དུས་བཞིའི་ནམ་ཟླར་འགྱུར་ལྡོག་རྒོད་པ་སོགས་རང་བྱུང་གི་གོད་ཆག་སྣ་ཚོགས་བསྟུད་མར་བྱུང་དང་འབྱུང་བཞིན་ཡོད་ལ། གཞན་ཡང་ས་གཤིས་ཀྱི་འཚོ་བཅུད་ཉམས་ཏེ་མདོ་དབུས་མཐོ་སྒང་གི་སྣོད་བཅུད་གཉིས་ལ་ཐན་སྐྱོན་ནད་ཡམས་སོགས་ཀྱི་གནོད་པ་ཚབས་ཆེན་ཐེབས་ཀྱིན་ཡོད།

ཁྱད་པར་དུ་འཛམ་གླིང་ཁྱོན་ཡོངས་སུ་སའི་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པ་དང༌། རང་བྱུང་ཁམས་ཀྱི་ཆུ་ཡི་ཐོན་ཁུངས་ཉུང་དུ་བྲི་བཞིན་པ་ནི་མི་རྣམས་ཀྱིས་འཇིགས་སྣང་སྐྱེ་དགོས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་་ཡོད། དེ་མཚུངས་བོད་མདོ་དབུས་མཐོ་སྒང་ལ་མཚོན་ནའང་དེང་གི་སྐབས་རྒྱ་མི་རིགས་སོགས་འདུས་སྡོད་ཀྱིས་བཟོ་ལས་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་སྣ་ཚོགས་ཀྱི་ཐལ་རྡུལ་དང་གད་སྙིགས་ཀྱིས་དག་གཙང་གི་ཁ་དབུགས་དང༌། མཛེས་སྡུག་གི་རང་བྱུང་ཁོར་ཡུག་ལ་འབབ་བཙོག་བཟོས་དྲགས་པས། མཚོ་དང་མཚེའུ་བྲི་ནས་ཆུང་དུ་འགྲོ་བ་དང༌། གཙང་པོ་དག་གི་འབབ་རྒྱུན་ཕྲ་རུ་གྱུར་པ། ཆུ་མིག་དང་ཆུ་ཚན་མང་པོ་སྐམ་པ་སོགས་ཚབས་ཆེ་བའི་གནོད་པ་མངོན་གསལ་དུ་བྱུང་དང་འབྱུང་གིན་ཡོད། དེ་ལྟར་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཡི་ཐོན་ཁུངས་ཉུང་ནས་ཉུང་དུ་བྲི་བ་དང༌རང་བྱུང་ཁམས་ནི་ཟུངས་ཁྲག་གི་རྒྱུ་བ་ཟད་པའི་ཕུང་པོ་ཞིག་དང་མཚུངས་པར། གསོན་ཤུགས་ཀྱི་འཚོ་བཅུད་ཉམས་ཏེ་ཆར་ཆུ་དུས་སུ་མི་འབབ་པ་དང༌། རི་ལུང་ཐང་གསུམ་དུ་བྱེ་ཐང་གི་ཁྱབ་རྒྱ་ཆེ་རུ་གྱུར་པ། ནེམ་ལྗང་གི་རླན་ཁུལ་ས་རྒོད་དུ་གྱུར་པ། ལྗོན་ཤིང་ནགས་ཚལ་གྱི་ཞེང་ཇེ་ཆུང་དང་རྫོང་ཇེ་སྲབ་ཏུ་གྱུར་པ། ཁོད་ཡངས་པའི་རྩྭ་ཐང་གི་གཞི་རུ་རྩི་ཤིང་དང་མེ་ཏོག་མང་པོའི་སྐྱེ་རྒྱུན་ཆད་པ་སོགས་རང་བྱུང་སྐྱེ་དངོས་སྣ་ཚོགས་ཉམས་དམས་འགྱུར་ལྡོག་གི་གོད་ཆག་བྱུང་བ་དང༌། དེ་འབྲེལ་གྱི་བདག་མེད་རི་དྭགས་དང༌། གཅན་གཟན། འདབ་ཆགས་བྱ་རིགས་བཅས་ཀྱང་འཚོ་གནས་བྲལ་ཏེ་རྒྱུན་ཆད་པ། ཡུལ་གཞན་དུ་གནས་སྤོར་བ་སོགས་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ཉམས་ཆག་ཏུ་འགྲོ་བཞིན་པའི་ཉེན་ཚབས་ནི་ནང་སྒོས་སུ་བོད་མི་རིགས་ཀྱི་ཚབས་ཆེའི་གནད་དོན་ཞིག་ཡིན་པ་དང༌། དེ་མིན་རྒྱ་མི་རིགས་གཙོས་བོད་མདོ་དབུས་མཐོ་སྒང་གི་ཆུ་ཡི་ཐོན་ཁུངས་ལ་ཁ་གདེང་ཞིང་ལག་བཟེད་པའི་ཨེ་ཤ་ཡའི་གླིང་གི་མི་རྣམས་ཀྱིའང་གྱོང་གུད་ཚབས་ཆེན་ཞིག་ཆགས་ཡོད།

 

   

དྲུག བོད་མི་རིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་འཛིན་པའི་ལྟ་བ་རྒྱུན་འཁྱོངས་ཀྱིས་ཆུ་ཡི་ཐོན་ཁུངས་སྲུང་སྐྱོབ་བྱ་ཐབས།

 

ཐོད་བརྒལ་དུ་ཚན་རྩལ་རིག་གནས་སོགས་དར་རྒྱས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་གྱུར་ཏེ། དཔལ་འབྱོར་གྱི་འགྲན་རྩོད་ལ་ཁ་ཕྱོགས་པའི་དེང་གི་དུས་འདིར་འཚོ་བའི་གནས་བབ་ཀྱང་སྔར་ལས་ཇེ་བཟང་ཇེ་ཡག་ཏུ་སོང་སྟེ། ཟས་གོས་སོགས་གང་དགོས་ཅི་འདོད་ལ་ལོངས་སུ་སྤྱོད་པའི་བདེ་སྐྱིད་ནི་རང་ཉིད་ཀྱི་ཁེ་ཕན་ཞིག་ཏུ་རྩིས་ཏེ་ཅི་མི་སྙམ་པར་ཡོད་ནའང༌། ང་ཚོའི་རྟེན་གཞི་རུ་གྱུར་པའི་རང་བྱུང་ཁམས་ཆེན་པོ་ལ་ངེད་ཅག་མིའི་རིགས་ཀྱིས་གཤགས་གཅོད་གཏོར་སྔོག་གི་སྡུག་ལས་སྣ་ཚོགས་བྱས་རྐྱེན་བཟོད་བསྲན་བྲལ་བའི་ཕོག་ཐུག་ཆེན་པོ་བཟོས་ཏེ། ད་ཆ་རང་བྱུང་ཁམས་ཀྱིས་ང་ཚོ་མིའི་རིགས་ལ་འཁོན་ལན་སློག་པ་ལྟ་བུའི་འཇིགས་སྣང་ནི་ཀུན་གྱིས་ཤེས་རྟོགས་ཐུབ་དགོས་པ་ཞིག་ཡིན། དོན་དངོས་སུ་མིའི་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན་བདེ་སྐྱིད་ཀྱི་འབྱུང་རྩ་ངོ་མ་ནི་ང་ཚོ་འཚོ་གནས་ཀྱི་རང་བྱུང་ཁམས་ཆེན་པོ་འདི་ཉིད་ཡིན་ལ། རང་བྱུང་ཁམས་ཆེན་པོ་བདེ་བར་གནས་མ་ཐུབ་ན་ང་ཚོ་ནི་ཅི་ནས་ཀྱང་བདེ་བར་འཚོ་ཐབས་བྲལ་ཡོད།

བོད་མི་རིགས་ལ་མཚོན་ན་གནའ་སྔ་མོ་ནས་མདོ་དབུས་མཐོ་སྒང་དུ་རྟ་ནོར་ལུག་གསུམ་འཚོ་སྐྱོང་དང་གྲོ་ནས་སྲན་གསུམ་རྨོ་འདེབས་ཀྱིས་ཁ་ཆར་བུ་ཡུག་དང་འཐབ་སྟེ། ཞིང་འབྲོག་གི་འཚོ་བ་རོལ་བའི་ངལ་རྩོལ་ལས་རིགས་ཁྲོད་རང་བྱུང་ཁམས་ལ་རྒྱུས་ལོན་གྱིས་མཛའ་བརྩེ་ཟབ་མོ་ཆགས་ཤིང༌། བོད་མིའི་ཁ་རྒྱུན་དུ། མགོ་ནག་སྐྱིད་སྡུག་གནམ་གྱི་ལག། གོ་ཁ་དྲོན་མོ་རང་གི་ལག། ཅེས་རང་ཉིད་ཀྱི་ཚེ་སྲོག་གི་བདེ་སྡུག་དང་མི་ཚེའི་འཚོ་བའི་ལེགས་ཉེས་ནི་གནམ་ས་གཉིས་ལ་རག་ལས་པའི་བསམ་བློའི་འཆར་སྣང་དང༌། ལྷག་པར་དུ་གཡུང་དྲུང་བོན་དང་ནང་བསྟན་སངས་རྒྱས་ཆོས་ལུགས་བཅས་རིམ་གྱིས་དར་ཏེ། ཆོས་ལུགས་ཀྱི་ལྟ་བའི་དད་མོས་ལས་ས་ལ་གནས་པའི་ས་བདག་དང༌། ཆུ་ལ་གནས་པའི་ཀླུ། བྲག་ལ་གནས་པའི་བཙན། རི་ལ་གནས་པའི་གཞི་བདག་སོགས་མགོན་སྐྱབས་དཔུང་གཉེན་དུ་བཀུར་ཞིང༌། གནས་རི་གང་དེའི་སྟེང་ནས་ས་རྐོ་རྡོ་སློག་དང༌། ནགས་ཚལ་འབྲེག་པ། རྩི་ཤིང་གཅོད་པ། རི་དྭགས་གསོད་པ། ཆུ་བོ་རྙོག་པ་སོགས་ཀྱི་ལས་བྱས་ན་ཡུལ་ལྷ་གཞི་བདག་གིས་ཉེས་ཆད་བཅད་དེ་བཀྲ་མི་ཤེས་པ་ཡོང་བ་དང༌། མཚོ་དང་མཚེའུ། ཆུ་ཀླུང་ཆེན་པོ། ཆུ་མིག་སོགས་ཀྱི་མགོ་ཁུངས་བཅས་སུ་རྐང་ལག་འཁྲུད་པ་དང༌། བཙོག་གཅིན་དང་ཤ་ཁྲག་སོགས་ཀྱིས་མི་གཙང་བ་བཟོས་ན་ཀླུ་ཡིས་གནོད་པ་བྱེད་པ་སོགས་ཀྱི་བསམ་བློའི་འདུ་ཤེས་བཅས་ཀྱིས་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་རང་བཞིན་གྱིས་སྲུང་སྐྱོབ་གང་ལེགས་ཐུབ་ཡོད། དེའི་ཕྱིར་དེང་གི་སྐབས་རྒྱལ་ཁབ་དང་མི་སྒེར་གྱི་ཁེ་ཕན་ཁོ་ན་བསམ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་འཛིན་པའི་བོད་མི་རིགས་ཀྱི་ཆོས་ལུགས་དང་ཡུལ་སྲོལ་རིག་གནས་སོགས་ཀྱི་ལྟ་བ་རྡོག་རལ་སྣང་ཆུང་གིས། མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་གང་འདོད་གཏོར་བརླག་གཏོང་བ་སོགས་ཀྱི་བྱས་ཉེས་མཚམས་འཇོག་དགོས་པ་དང༌། མ་ཟད་བོད་མི་རིགས་ཀྱི་མི་རབས་རྗེས་མ་རྣམས་ཀྱིས་དཔལ་འབྱོར་གྱི་ཁེ་ཕན་དང་དེང་རབས་རིག་གནས་སོགས་རྩ་ཆེན་དུ་རྩིས་ཏེ། བོད་མིའི་ཆོས་དང་སྲོལ་རྒྱུན་རིག་གནས་སོགས་ཀྱི་ལྟ་བའི་རིན་ཐང་ཞིབ་ཀྱིས་མ་རྟོགས་པར། འོལ་ཚོད་ཀྱིས་དེ་དག་རྨོངས་དད་རྗེས་ལུས་ཀྱི་གཞི་རྩར་བཟུང་ནས་དམའ་འབེབས་བྱེད་པ་སོགས་ཀྱི་སྤྱོད་ཚུལ་བཅོས་བསྒྱུར་བྱས་ཏེ། བོད་མི་རིགས་ཀྱིས་གདོད་མ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་འཛིན་པའི་ལྟ་བ་དང་བསམ་བློ་མུ་མཐུད་རྒྱུན་འཁྱོངས་ཀྱིས་དེང་རབས་དང་ཟུང་འབྲེལ་གྱི་སྒོ་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་སུ་འབད་བརྩོན་བྱ་རྒྱུ་ཧ་ཅང་གི་གལ་ཆེའོ།།

ལྷག་པར་དུ་མདོ་དབུས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་སུ་སྲུང་སྐྱོབ་བྱ་དགོས་པ་བརྒྱུུད། ཆུ་ཡི་ཐོན་ཁུངས་ལ་ཁ་ཚ་དགོས་གཏུགས་ཀྱིས་སྲུང་སྐྱོབ་བྱ་རྒྱུ་ནི་རང་བྱུང་ཁམས་དང་སྐྱེ་འགྲོ་ཀུན་ལ་ཕན་བདེ་བསྐྲུན་པའི་ཐབས་ལམ་ཉག་གཅིག་ཏུ་གྱུར་ཡོད། དེ་ལ་མདོ་དབུས་མཐོ་སྒང་གི་ཆུ་ཡི་ཐོན་ཁུངས་ཇི་ལྟར་སྲུང་སྐྱོབ་བྱ་ཐབས་ནི། གདོད་མ་ནས་བོད་མི་རིགས་ཀྱི་གཤིས་རྒྱུད་ལ་འཇགས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་བསམ་བློ་དང་ལྟ་བ་གཞི་ལ་བཞག་སྟེ། མཚོ་དང་མཚེའུ། གཙང་པོ། ཆུ་མིག་སོགས་ཀྱི་ནང་བཟོ་ལས་སྣ་ཆོགས་བྱེད་པའི་བཟོ་གྲྭ་དང༌། ཁྱིམ་ཚང༌། མི་སྒེར་བཅས་ཀྱིས་རྫས་དུག་གིས་སྦག་པའི་བཙོག་ཆུ་མི་གཏོང་བ་དང༌། རྫས་སྣ་ཚོགས་གསོག་སྒྲུབ་ཀྱི་གཏེར་མི་རྒྱག་པ། འགྱིག་ཤོག་སོགས་ཀྱི་གད་སྙིགས་མི་གཡུགས་པ། གཞན་ཡང་གཙང་པོའི་མགོ་ཁུངས་དང༌། འབབ་རྒྱུད། ཆུ་ལག་བཅས་ཀྱི་ཉེ་འགྲམ་དུ་ས་རྐོ་རྡོ་སློག་དང༌། གཏེར་ཁ་སྔོག་འདོན། ནགས་ཚལ་གཅོད་འབྲེག་སོགས་མི་བྱེད་པ། གཙང་པོའི་ཁ་ཕྱོགས་བསྒྱུར་ཏེ་བཀག་བསྐྱིལ་མི་བྱེད་པ་བཅས་ཆུ་ཡི་ཐོན་ཁུངས་ལ་རང་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་དང་འདུ་ཤེས་བཟུང་སྟེ་གཅེས་སྤྲས་དང་སྲུང་སྐྱོབ་གང་ལེགས་བྱ་དགོས།

དེ་ལ་མདོ་དབུས་མཐོ་སྒང་ནི་བོད་མི་རིགས་ཐུན་མོང་གི་འཚོ་གནས་ཁྱིམ་གཞིས་ལྟ་བུ་ཡིན་པས། བོད་མི་སུ་ལའང་རང་བྱུང་ཁོར་ཡུག་ལ་བདག་གཅེས་སྲུང་སྐྱོབ་བྱེད་པའི་འོས་འགན་ཕྲག་ཏུ་བབས་ཡོད། དེའི་ཕྱིར་འགན་རང་འཁུར་གྱིས་རང་ཉིད་འཚོ་གནས་ཀྱི་ཉེ་ཁོར་སོགས་སུ་ཆུ་ཡི་འབབ་རྒྱུན་གྱི་འབག་བཙོག་དང་གད་སྙིགས་གཙང་བཟོ་བྱེད་པ། ཐན་སྐྱོན་བྱེ་འགྱུར་གྱི་ས་ཆར་རྩྭ་འདེབས་སྡོང་འཛུགས་སོགས་ཀྱི་ལས་དོན་ལག་བསྟར་གྱིས་ས་ཆ་སྔོ་ལྗང་ཅན་དུ་བསྒྱུར་བའི་ཐབས་སུ་འབད་བརྩོན་བཅས་བྱ་དགོས།

མདོར་བསྡུས་ན། རང་བྱུང་ཁམས་ནི་འབྱུང་བ་ལྔ་སོགས་གཅིག་ལ་གཅིག་བརྟེན་གྱི་ཕན་ནུས་རམ་འདེགས་འོག་གྲུབ་པའི་སྣོད་བཅུད་ཀྱི་གོང་བུ་ཞིག་ཡིན། དེ་བས་མདོ་དབུས་མཐོ་སྒང་གི་ཆུ་ཡི་ཐོན་ཁུངས་ལ་རང་ཉིད་ཀྱི་ཟུངས་ཁྲག་བཞིན་གཅེས་སྲུང་དང་གྲོན་ཆུང་བྱས་ན། ཆུ་ཡི་དྭངས་གཙང་ལྷད་མེད་པའི་རང་བཞིན་གྱིས་ས་གཞིའི་ལྷུམས་སུ་རང་བྱུང་ཁམས་ཀྱི་ནགས་ཚལ་སོགས་སྐྱེ་དངོས་ཀུན་ལ་གསོན་ཤུགས་ཀྱི་སྐྱེ་སྟོབས་སྦྱིན་ཏེ། འཚོ་བཅུད་ཕུན་སུམ་ཚོགས་པའི་ལྗང་མདོག་གི་ཁོར་ཡུག་ཅིག་རང་བཞིན་གྱིས་གྲུབ་ཅིང༌། དེ་ལ་བརྟེན་ནས་མཁའ་དབུགས་གཙང་སེལ་གྱིས་གནམ་གཤིས་དྲོ་གྲང་སྙོམ་ཞིང་ཆུ་རླངས་སྨུག་སྤྲིན་གྱི་རྒྱུ་བ་བཟང་བའི་ནམ་མཁའ་ལས་ཆར་ཆུ་དུས་སུ་བབས་ཏེ། ས་གཞི་རུ་མཚོ་དང་མཚེའུ་རྣམས་སྔར་བཞིན་ལྟེམ་མེར་འཁྱིལ་ཞིང༌། དེ་མཚུངས་གཙང་པོ་དང་ཆུ་མིག་སོགས་ཀྱི་འབབ་རྒྱུན་ཆད་ལྷོད་མེད་པར་དྲག་ཏུ་བཞུར་བའི་དགེ་མཚན་གྱིས། དེང་ན་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་འཕྲད་པའི་འཐུང་ཆུའི་འབབ་རྒྱུན་ཉུང་དུ་བྲི་བ་དང༌། སའི་འཚོ་བཅུད་ཉམས་ཏེ་བྱེ་ཐང་དུ་འགྱུར་བ། སྐྱེ་དངོས་སྲོག་ཆགས་སྣ་ཆོགས་རང་བཞིན་གྱིས་སྟོང་པ། ཐན་སྐྱོན་དང་ནད་ཡམས་སྣ་ཚོགས་འབྱུང་བ། གངས་རི་དང་འཁྱག་རོམ་ཞུ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་རང་ཤུགས་ཀྱིས་སེལ་ཐུབ་བོ།།