སྡོམ་ནི།
བཻ་རོ་ཙ་ན་འགར་གྱི་རུས་ལས་འཁྲུངས།།
ཡེ་ཤེས་སྡེ་གང་སྣ་ནམ་རྒྱུད་ལས་སྐྱེས།།
དེ་ཕྱིར་སྔགས་སྒྱུར་མདོ་སྒྱུར་ཅི་སྨྲས་ཀྱང་།།
འདི་ནི་རྒྱུད་གཞན་གྲུབ་པའི་གཏན་ཚིགས་ཡིན།།


སྤུ་རྒྱལ་བཙན་པོའི་ལོ་རྒྱུས་ཡིག་རྙིང་དག་གི་ཁྲོད་ན་གཟི་འོད་ལམ་ལམ་དུ་འཚེར་བའི་གནའ་བོའི་ལོ་ཙཱ་བ་ཆེན་མོ། བཻ་རོ་ཙ་ན་དང་ཡེ་ཤེས་སྡེ་གཉིས་གང་ཟག་གཅིག་ཡིན་མིན་གྱི་ཐད་ནས་ཅུང་ཟད་ཅིག་གླེང་བ་འདི་ཡང་རང་ཉིད་ཁོམ་སྐབས་དང་བསྟུན་ཞོར་གནའ་བོའི་ལོ་རྒྱུས་དག་ལ་ལྟ་ཀློག་དང་། ཞོར་དུ་ཟུར་དཔྱད་དམ་དུམ་རེ་ཡང་འབྲི་བར་གོམས་སོང་བ་ལས། ཆེད་དུ་བྱ་བའི་གདུལ་བྱ་སུ་ཞིག་མགུ་བའི་མགོ་ལྕོག་ལྡེམ་པའི་རེ་བས་བྱས་པ་མིན་ནོ་ཞེས་རྒྱུ་དུས་ཀྱི་ཀུན་སློང་བསྟན་པའོ།།

དེ་ཡང་«པདྨ་བཀའ་ཐང་»ལས། “བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར༔ བཻ་རོ་ཙ་ནས་སྨན་རྩིས་འདྲེས་མར་བསྒྱུར༔ བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར༔ མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས༔ སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས༔ བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས༔ རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིས༔ སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག༔”ཅེས་པའི་རྡོ་རྗེའི་ལུང་གིས་རྩ་བ་བྱས་པ་ལ། «རྗེ་ཐམས་ཅད་མཁྱེན་པ་བཻ་རོ་ཙ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་བཞུགས།»ཞེས་པ་ལས། “མཚན་ཀྱང་མདོ་ལྟར་ཡེ་ཤེས་སྡེ། སྔགས་ལྟར་བཻ་རོ་ཙ་ན་ཞེས་གསོལ། སྐུ་གཅིག་མཚན་ལྔ་གྲགས་པའི་པཎ་ཆེན་དེ།།”ཞེས་པ་སོགས་ལོ་རྒྱུས་ཆོས་འབྱུང་འགའ་ཞིག་ལས་འབྱུང་བ་ལྟར་དུ། ལོ་ཙཱ་བ་བཻ་རོ་ཙ་ན་ཞེས་བྱ་བ་དང་ལོ་ཙཱ་བ་ཡེ་ཤེས་སྡེ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཙམ་ཡིན་པར་སྨྲ་བ་ནི་རང་རེ་རྣམས་བཻ་རོ་ཙ་ནར་དགའ་དྲག་པས་ཡིན་ནམ་སྣ་ནམ་ཞང་ལ་སྡང་དྲག་པས་ཡིན་ཆ་མི་འཚལ་ཡང་། གྲོང་གི་ཨ་མཆོད་ཚུན་ཆད་ལ་རླུང་ལྟར་དུ་ཡོངས་སུ་གྲགས་པ་ཡིན་མོད།འོན་ཏེ་ང་ཚོས་འདི་ལྟར་གཏན་ཚིགས་ཀྱི་ལམ་ནས་ལོ་རྒྱུས་ཀྱི་ཡིག་ཚང་དག་དལ་མོར་བཀླགས་ཏེ་བདེན་པའི་ཡིན་ལུགས་ལྷང་ལ་ཕུད་རྗེས། དེ་འདྲའི་གྲུབ་མཐའ་དེར་ཨུ་ཚུགས་རྒྱག་པའི་མོས་པ་དང་འདུན་པ་དང་ཕོད་པ་དག་རྨང་ནས་གཞིལ་འགྲོ།

མ་གཞི་འུ་ཅག་གི་སྔར་གྱི་ལོ་རྒྱུས་འབྲི་བའི་སྨྱུག་ཆག་ལག་ཏུ་ཁྱོག་ཚད་པོས་“ཆོས་ལ་མི་མོས”པའི་ཞེ་འཁོན་གྱི་ཁོང་སྐྲན་ཞིག་གིས། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་མང་མོ་རྗེ་བཞི་སྟེང་མའི་པང་ནས་བཙན་གྱིས་འཕྲོག་སྟེ་རྒྱ་བཟའ་མའི་རྐུབ་ལ་ཤེད་ཀྱིས་སྦྱར་བ་ནས། བཙད་པོའི་སྐུ་རིམ་དུ་གསོན་དུར་དུ་གཤེགས་པའི་བློན་མ་ཞང་གྲོམ་པ་སྐྱེས་ལ་སྙིང་ཚིམ་བརྡར་བ་སོགས་སྣ་ནམ་རྩ་བ་བརྒྱུད་པ་དང་བཅས་པ་ལ་གཞི་མེད་དང་བག་ཙམ་ཅི་རིགས་པའི་སྐུར་འདེབས་ཀྱིས། བོད་བཙན་པོའི་སྲིད་འབྱོར་རིག་གསུམ་ལ་མཛད་རྗེས་བླ་ལྷག་ཏུ་ཆེ་བའི་སྣ་ནམ་ཚང་ནི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཏུ་བསྒྱུར་བར་བྱེད་པའི་རྒྱུ་འབྲས་སྣོག་སྟངས་དེ་དགེ་བའི་ཕྲིན་ལས་སུ་བརྩིས་པ་ནི་ཀུན་ལ་རྒྱུས་ཆེ་མོད། སྐུ་ཚེ་ཧྲིལ་པོ་ནང་བསྟན་བོད་བསྒྱུར་གྱི་མཛད་བཟང་རིན་པོ་ཆེར་བསྟིམས་པར་བྱས་པའི་བན་དྷེ་ཉམ་ཆུང་ཞིག་ཀྱང་ཐར་པར་མི་གཏང་བའི་སྤྱོད་པ་སྐྱུག་ལོག་དེ་འདྲ་གནང་བའི་འོས་ཡོད་དམ། གང་ལྟར་ཡང་ཞོར་དུ་ཐལ་བའི་སྐད་ཆ་དེ་ཙམ་གྱིས་འཐུས་པར་བྱས་ནས་བརྗོད་བྱའི་དཀྱུས་སུ་ཞུགས་ན།

དེ་ལ་ལོ་ཙཱ་བ་པ་གོར་བཻ་རོ་ཙ་ནའམ་གན་ཇག་ཐང་རྟ་འགར་གྱི་རུས་རྒྱུད་དུ་ཕ་པ་གོར་ཧེ་འདོད་དང་མ་བྲན་ཀ་བཟའ་དཀར་སྐྱིད་གཉིས་ཀྱི་བུ་རུ་འཁྲུངས་ཤིང་།(ཡབ་ཡུམ་གྱི་ཐད་སྔོན་གྱི་བསྟན་རྩིས་ཆོས་འབྱུང་དག་ལས་འདོད་ཚུལ་མི་འདྲ་བ་བྱུང་ཡང་སྐབས་དོན་དང་ཆེར་མ་འབྲེལ་བས་ཡོངས་གྲགས་ལྟར་དུ་བཞག) ལོ་ཙཱ་བ་ཡེ་ཤེས་སྡེ་ནི་སྣ་ནམ་ཞང་གི་རུས་རྒྱུད་དུ་འཁྲུངས་པ་ཡིན་པར་ཤེས་ན་ཁོང་གཉིས་ལ་རྒྱུ་མ་ལྟེ་སྦྲེལ་གྱི་འབྲེལ་བ་གང་ཡང་མེད་པར་བདེ་བླག་ཏུ་ཐག་ཆོད་པར་འགྱུར་རོ།།

དེ་ཡང་ཐོག་མར་བཻ་རོ་ཙ་ནའི་རུས་མགར་ཡིན་ལུགས་ནི། ཁོ་བོས་སྒྲུབ་བྱེད་ཀྱི་གཏན་ཚིགས་འབྱུང་མ་རག་པ་འདི་དག་ལ་བརྟེན་ནས་སྨྲ་བར་བྱ་སྟེ། དེ་ཡང་གནའ་བོའི་ཡིག་ཚང་དག་ལས། “པ་གོར་བཻ་རོ་ཙ་ན”ཞེས་པ་དང་། “བ་གོར་བཻ་རོ་ཙ་ན”ཞེས་པ་དང་། “སྤ་གོར་བཻ་རོ་ཙ་ན”ཞེས་པ་དང་། ཡང་ན་“པོ་གོར་བཻ་རོ་ཙ་ན”ཞེས་སོགས་ཡིག་གཟུགས་འདྲ་མིན་གྱི་པ་གོར་ཞེས་པའི་ཚིག་འདི་བཻ་རོ་ཙ་ནའི་མཚན་གྱི་ཐོག་མར་སྦྱར་བའི་འགྲོས་ཤིག་བྱུང་འདུག་པ་འདི་ལ་བསམ་གཞིག་གི་གླེང་མོལ་བྱ་བར། ཁ་ཅིག་གིས་པ་གོར་ཞེས་པ་འདི་བཻ་རོ་ཙ་ན་འཚར་ལོངས་བྱུང་སའི་ཡུལ་ཏེ་སྙེ་མོ་པ་གོར་ཞེས་པའི་ས་ཆའི་མིང་ཡིན་ཞེས་སྨྲ་བར་བྱེད་ཅེས་ཐོས་མོད། དེ་ནི་འཆར་ཡན་དང་བློས་བསླངས་ཀྱི་ནུས་པ་མངོན་པར་གསལ་བ་ཙམ་ལས་ཡིད་རྟོན་ཕེར་བའི་ཚིག་གི་གྲུབ་ཆ་ཉུང་ངུར་མཐོང་བས་རེ་ཞིག་རང་ལུགས་སུ་བཞག་པའི་སྤྲོ་བ་མ་བྱུང་།

གང་ལྟར་པ་གོར་ཞེས་པའི་ཐ་སྙད་འདི་དང་བཻ་རོ་ཙ་ནའི་བར་ན་འབྲེལ་བ་ངེས་ཅན་ཞིག་བདོག་པ་ནི་སྨྲོས་མ་དགོས་པས། སྐབས་འདིར་ཁོ་བོས། «གུ་བཀྲའི་རྙིང་མའི་ཆོས་འབྱུང་»ལས། “ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕྱོགས་གཉིས་སྣང་ཏེ།”ཞེས་སོགས་གསུངས་པ་ལྟར་པ་གོར་ཞེས་པ་ནི་གདུང་ངམ་རུས་ཀྱི་མིང་ཡིན་པ་དང་། མ་ཟད་དེ་ནི་མྱེས་འདུས་སྲོང་སོགས་ཀྱི་སྐབས་སུ་མགར་ཞེས་གྲགས་པའི་རུས་ཀྱི་མིང་གི་རྣམ་གྲངས་གཞན་ཡིན་པར་སྨྲས་པའོ།། དེ་ཡང་«བློན་པོ་བཀའ་ཡི་ཐང་ཡིག»ལས། “པ་གོར་ལ་བློན་པོ་ལྔ་བྱུང་སྟེ། མགར་སྲོང་བཙན་ཡུལ་གཟུང་དང་། ཁྲི་འབྲིང་བཙན་སྲོལ་དང་། བཙན་སྙ་སྡོམ་བུ་དང་།”ཞེས་སོགས་བྱུང་བས། བཻ་རོ་ཙ་ན་ནི་མགར་གྱི་རུས་ལས་འཁྲུངས་པ་ཡིན་པར་ལུང་འདི་ལ་དཔང་པོ་བཅོལ་ཏེ་ཐག་བཅད་ཆོག་པར་འདུག་གོ་སྙམ།

བརྒྱ་ལ་གལ་ཏེ་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ནས་པ་གོར་ཞེས་པ་དེ་ཡུལ་གྱི་མིང་ཡིན་པར་ཆ་བཞག་ནའང་དེས་ཡེ་ཤེས་སྡེའི་སྐུ་ཚབ་ཏུ་བཻ་རོ་ཙ་ན་འཇོག་འོས་པའི་རམ་ཟླ་གང་ཡང་ཡོང་བ་མིན་ཏེ། ཡེ་ཤེས་སྡེ་ཡུལ་ངམ་ཤོད་ནས་ཡིན་པར་སྦ་བཞེད་ལས་བྱུང་བས་སོ།།

འོ་ན་ལོ་ཙཱ་བ་ཡེ་ཤེས་སྡེའི་རུས་སྣ་ནམ་ཡིན་པ་ཇི་ལྟར་ཤེས་ཤེ་ན། ཁྱོད་མ་བྲེལ་དང་ཁོ་བོས་ཁྱོད་ལ་སྒྲུབ་བྱེད་ཀློག་ཚོད་མེད་པ་ཞིག་དྲང་བར་བྱའོ།།

དེ་ཡང་«དབའ་བཞེད་ཟས་གཏད།»ལས། “ལོ་ཚ་བ་མཆིམས་ཤག་ཀྱ་དང་། ཨ་ཙ་ར་པ་གོར་བཻ་རོ་ཙ་ན་དང་། སྣ་ནམ་ཡེ་ཤེས་སྡེ་ལསྭོ་པ་མཆིད་གྲོས་སུ་འཚལ་བ་ལས།”ཞེས་འབྱུང་བ་དང་། «བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ཞབས་བཏགས་མ།»ལས། “(འཕན་ཡུལ་བ)ཀ་བ་དཔལ་བརྩེགས་དང་། (ངམ་ཤོད་པ)སྣ་ནམ་ཡེ་ཤེས་སྡེ་དང་། (ཡར་ལུང་བ)ཅོག་རོ་ཀླུའི་རྒྱལ་མཚན་དང་གསུམ་གྱིས་ལོ་ཙཱ་མཁས་པར་བསློབ།”ཅེས་དང་། གཞན་ཡང་«ཆོས་འབྱུང་མཁས་པའི་དགའ་སྟོན།»ལས། “སྒྱུར་བྱེད་ཀྱི་ལོ་ཙཱ་བ་བཀའ་དྲིན་ཅན་ཇི་ལྟར་བྱོན་པ་ནི་་་ ་་་ པོ་གོར་བཻ་རོ་ཙ་ན། རྦ་མང་རྗེ་གསལ་སྣང་་་ ་་་ ཞང་གི་བནྡྷེ་ཡེ་ཤེས་སྡེ།”ཞེས་སོགས་གསུངས་པ་དང་། «བཙུན་མོ་བཀའ་ཐང་།»ལས། “སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚན།། རྨ་རིན་མཆོག་དང་ཞང་བན་ཡེ་ཤེས་སྡེ།།”ཞེས་འབྱུང་བ་དང་། ད་དུང་«བུ་སྟོན་ཆོས་འབྱུང་།»ལས། “ལོ་ཙཱ་བ་ལ་སྔ་བ་ཐོན་མི་སཾ་བྷོ་ཊ་དང་། ་་་ ་་་ པ་གོར་བཻ་རོ་ཙ་ན་རཀྵི་ཏ་དང་། ་་་ ་་་ ཡེ་ཤེས་སྡེ་དང་།”ཞེས་དང་། «དབའ་བཞེད་བཞུགས་སོ།།»ཞེས་པ་ལས། “ལོ་ཚ་བ་ནི། སྔར་སྨོས་པའི་(སྲས་མི་མི་བདུན་པོ་)རྣམས་དང་།་་་ ་་་ བནྡྷེ་ཡེ་ཤེས་སྡེ་དང་།”ཞེས་འབྱུང་བ་དང་། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།»ལས། “ཀ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་། སྣ་ནམ་གྱི་བན་དེ་ཡེ་ཤེས་སྡེ་དང་།”ཞེས་འབྱུང་བ་དང་། «མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས»ལས། “ལོ་ཙཱ་བ་བཀའ་དྲིན་ཆེ་བ། ཐོན་མི། བཱཻ་རོ་ཙ་ན། ཀ་ལྕོག་ཞང་གསུམ་དང་ལྔ་ལགས་སོ།།”ཞེས་འབྱུང་བ་སོགས་སྔར་གྱི་ཡིག་ཆ་དག་ལས་ལུང་འདྲེན་ཚོད་མེད་པ་ཞིག་དང་། དེ་ལས་ཀྱང་«དམ་པའི་ཆོས་པདྨ་དཀར་པོ།»ཞེས་པའི་མདོ་སྡེའི་འགྱུར་བྱང་ལས། “རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་སྣ་ནམ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།”ཞེས་འབྱུང་བ་སོགས་ཀྱི་ལུང་ཚིག་རེ་རེ་ནས་འབྲུ་གཉེེར་བའི་ངལ་བ་མ་བསྟེནད་ཀྱང་། “ཞང་བན”ཞེས་པ་དང་། “སྣ་ནམ”ཞེས་པ་དང་། བཻ་རོ་དང་ཡེ་ཤེས་སྡེ་སོ་སོར་བགྲངས་བའི་ཡིག་འབྲུ་འདི་དག་ནི་སྐབས་ཀྱི་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་ལྗིད་ཏིག་ཏིག་རེ་རེ་ཡིན་པ་སུས་ཀྱང་ཤེས་སླའོ།།

ད་ནི་སྐབས་འདིའི་དོགས་དཔྱོད་ཉུང་ཙམ་ཞིག་བྱ་ན།

དེ་ལ་སོས་དལ་བའི་སྐྱེས་བུ་སྐོར་ཞིག་གིས་དེ་སྐད་ཐོས་པས་མི་འདོད་པའི་མགོ་བོ་འཕྲེད་དུ་གཡུག་བཞིན་འདི་སྐད་དེ། “ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེ་ཞེས་པ་དང་། མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་གྲགས་པ་པོ་གཉིས་མི་གཅིག་མིན་ནོ”ཞེས་བྱུང་རྒྱལ་དུ་སྨྲ་བར་བྱེད་པ་དག་གིས་གསོནད་ཅིག་དང་། ཁོ་བོས་ཚིག་འབྲུ་གཉིས་ཀྱིས་ཁྱེད་ཀྱི་མགོ་བོ་དྲང་ཐད་དུ་འདུག་པར་བྱ་སྟེ། «ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་།»ལས། “རྒྱ་གར་གྱི་སློབ་དཔོན་དྷ་ན་ཤི་ལ་དང་། ཛི་ན་མི་ཏྲ་དང་། ཀ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་། སྣ་ནམ་གྱི་བན་དེ་ཡེ་ཤེས་སྡེ་དང་། དེ་རྣམས་ཀྱིས་སྒྲ་བསྒྱུར་དང་ལོ་ཙཱ་བ་བྱས་ནས། ཆོས་མདོ་སྡེ་དཀོན་མཆོག་བརྩེགས་པ་དང་། ཕལ་པོ་ཆེ་དང་།་་་ ་་་ མང་པོ་བསྒྱུར།”ཅེས་གསུངས་པ་འདིས་«མདོ་སྡེ་དཀོན་བརྩེགས»དང་«མདོ་སྡེ་ཕལ་པོ་ཆེ།»སྒྱུར་མཁན་གྱི་བན་དྷེ་ཡེ་ཤེས་སྡེ་དེ་སྣ་ནམ་ཚང་གི་ཡིན་པར་ཐག་བཅད་པ་ཡིན་པས། དེ་ལས་གཞན་པའི་མདོ་སྒྱུར་ནང་གི་བན་དྷེ་ཡེ་ཤེས་སྡེ་ཞེས་པ་ཞིག་ནི་མོ་གཤམ་གྱི་གཅེས་ཕྲུག་ཇི་བཞིན་ཁྱོད་ཀྱི་ཚད་མས་རྙེད་པའི་དུས་ཤིག་བསྐལ་པའི་བར་དུ་མི་སྲིད་དོ།།

ཡང་ལོ་རྒྱུས་དང་རྣམ་ཐར་གླེང་རྒྱུར་ཧ་ཅང་དགའ་བའི་སྐྱེ་བོ་ཁ་ཅིག་གིས་“ཡེ་ཤེས་སྡེ་ཞེས་པ་གན་ཇག་ཐང་ཏ་རབ་ཏུ་བྱུང་བའི་མཚན་དང་། བཻ་རོ་ཙ་ན་རཀྵི་ཏ་ཞེས་པ་སྔགས་ལ་ཞུགས་པའི་མཚན་ཡིན”ཞེས་གསུངས་ཤིང་། ཐོལ་གྱིས་བསམ་དུས་འདྲ་ཆགས་ཆགས་ཀྱི་སྐད་ཆ་ཞིག་ཏུ་སྣང་མོད། «གུ་བཀྲའི་ཆོས་འབྱུང་»ལས། “སད་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་། མཚན་བཻ་རོ་ཙ་ན་རཀྵི་ཏ་སྟེ་རྣམ་པར་སྣང་མཛད་བསྲུང་བ་ཞེས་བཏགས།”ཞེས་དང་། «བུ་སྟོན་ཆོས་འབྱུང་»ལས། “མཁན་པོ་བོ་དྷི་ས་ཏྭས་བྱས་ནས། ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་བྱུང་བས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ།། དེ་ནས་སྤ་གསལ་སྣང་། འབའ་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཅ་ན་རཀྵི་ཏ། ངན་ལཾ་རྒྱལ་བ་མཆོག་དབྱངས། མཁོན་ཀླུའི་དབང་པོ་བསྲུང་བ། རྨ་ཨཱ་ཙཱརྱ་རིན་ཆེན་མཆོག གཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན། ཡེ་ཤེས་དབང་པོ་དང་། དཔལ་དབྱངས་ལ་སོགས་པ་ཡིན། སད་མི་མི་བདུན་ཡིན་ཟེར་རོ།། མིང་གི་མཐའ་ལ་བརྟགས་ན། བོ་དྷི་ས་ཏྭའི་མཆན་ཤཱནྟི་རཀྵི་ཏ་ཡིན་པས། དེའི་མཁན་བུར་གསལ་ལ།”ཞེས་གསུངས་པ་དང་། གཞན་ཡང་བཙན་པོའི་སྐབས་ཀྱི་རབ་བྱུང་བ་དག་གི་མཚན་ལ། བྲང་ཏི་ཛ་ཡ་རཀྵི་ཏ། རྩངས་དེ་ཝེནྟྲ་རཀྵི་ཏ། འཁོན་ནཱ་གེནྟྲ་རཀྵི་ཏ། དཔལ་བརྩེགས་རཀྵི་ཏ། རཏྣ་རཀྵི་ཏ། ཛ་ཡ་རཀྵི་ཏ་ཞེས་སོགས་མང་དུ་འབྱུང་བ་དག་ལ་དྲང་པོར་བསམས་དུས་གོང་གི་འགྲིགས་འགྲིགས་ལེགས་ལེགས་ཀྱི་སྐད་ཆ་དེར་ཡིད་ཆེས་ངང་གིས་ལྷོད་འགྲོ་བ་ནི་ཁྱོད་རང་མི་གཞི་བཙོག་སོང་བས་མ་ཡིན་པར་བདེན་པ་རང་གིས་ཞལ་གྲག་པས་ཡིན་ནོ།།

དེ་ལས་ཀྱང་ལབ་རྒྱག་རྒྱུར་ཤིན་ཏུ་དགའ་བའི་བྱིས་པ་ཉུང་ངུ་ཞིག་གིས་“ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ནང་ཚན་དུ་གྱུར་པའི་ཞང་སྣ་ནམ་ཡེ་ཤེས་སྡེ་གང་དེ་པ་གོར་བཻ་རོ་ཙ་ན་ཡིན་ནོ”ཞེས་སྒྲུབ་བྱེད་རབ་རིབ་ཅིག་དང་ལྷན་དུ་འུར་བར་བྱེད་མོད། དེ་དག་ནི་ཞང་ཞེས་པའི་ཡིག་འབྲུ་གཅིག་ཁེར་མ་འདིའི་གོ་དོན་ཙམ་ཡང་མ་ཤེས་པར་འདུར་གྱིན་པ་ཤ་སྟག་ཏུ་མཐོང་སྟེ། མགར་རམ་པ་གོར་གྱི་རུས་ལས་བྱུང་བའི་བཙན་པོ་ཞེ་གཉིས་གང་རུང་ཞིག་གི་ཡུམ་གཅིག་ཁོ་ན་ཞིག་ཞོག་ཤོག་དང་ཁོ་བོས་ཁྱོད་ཅག་ལ་སྟོང་སྦྱིན་པར་བྱའོ།།

མ་ཟད་འུ་ཅག་གིས་སྔར་སྐྱབས་གནས་མཐར་ཐུག་ཏུ་འཛིན་པའི་“སྔགས་སྒྱུར་མདོ་སྒྱུར”གྱི་ལུང་དེར་ཡང་ཁྲིག་ཁྲིག་དེ་ཙམ་ཡོད་ཚོད་མི་འདུག་སྟེ། བུ་སྟོན་རིན་པོ་ཆེས། “ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་སུམ་བརྒྱ་སྟེ། ཉང་ཁམས་པ་གོ་ཆེ། བཻ་རོ་ཙ་ན། ལྕེ་ཁྱི་འབྲུག ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲག་གོ།”ཞེས་དང་། “སློབ་དཔོན་དཔའ་བོས་མཛད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པ་ཚིག་ལེའུར་བྱས་པ་བམ་པོ་གཉིས་བཻ་རོ་ཙ་ན་རཀྵི་ཏའི་འགྱུར།”ཞེས་སོགས་གསུངས་པ་དང་། རྒྱུད་ཀྱི་འགྱུར་བྱང་དག་གི་ནང་དུ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཞེས་པ་ཡང་ཡང་འབྱུང་བའི་ཕྱིར་རོ།།

དེ་ལྟར་ང་ཚོས་ལོ་རྒྱུས་ཡིག་ཚང་རྙིང་པ་དེ་དག་ལ་བདེན་ཁ་ཅུང་ཙམ་ཞིག་སྟེར་ཏེ་གཟུ་བོའི་བློ་ཡིས་ཡང་ཡང་བསམས་ནས། གྲགས་ཆེན་གྱི་ལོ་ཙཱ་བ་རྣམ་པ་གཉིས་པོ་རྒྱུད་ཐ་དད་དུ་བསྒྲུབས་རྗེས། བཀའ་བསྟན་གྱི་འགྱུར་བྱང་དག་ལ་ཞིབ་ཏུ་བལྟས་ན་ལོ་ཙཱ་བ་ཆེན་མོ་བཻ་རོ་ཙ་ནར་ལྷག་པ་ནི་ཞང་ལ་ལྟོས་ན་ཉུང་ཟད་ཅིག་ལས་མཐོང་དུ་མེད་པས་སྙིང་ཉེ་བའི་ཤས་མི་བཟོད་པའི་ཚོར་བ་ཞིག་ངང་གིས་འབྱུང་བ་དང་། འུ་ཚོའི་ལོ་རྒྱུས་ཆོས་འབྱུང་དག་གིས་སྡང་མིག་ལོག་ལོག་ཏུ་བལྟ་སའི་སྣ་ནམ་པ་ཞིག་ལ་མི་འོས་པའི་མཛད་རྗེས་ཐོབ་པ་རིག་དུས་རྐན་སོ་ཐོལ་གྱིས་གཟེར་བའི་ན་ཟུག་ཅིག་འབྱུང་ཡང་སྲིད་མོད། དོན་ངོ་མར་ཞིབ་ཀྱིས་འདེང་རྒྱག་ན་«ཆོས་འབྱུང་མེ་ཏོག་སྙིང་པོ།»ལས་གསུངས་བ་ལྟར། བཻ་རོ་ཙ་ན་མཆོག་རྒྱ་གར་དུ་ཆོས་སློབ་པར་ཕྱིན་པ་དང་། རྒྱལ་རོང་དུ་སྐྱུགས་པ། ལི་ཡུལ་སོགས་སུ་ཉམས་ལེན་ལ་བརྩོན་པ་སོགས་ཁོང་གི་སྐུ་ཚེའི་དུས་ཚོད་གང་མང་ཞིག་སྒྲ་སྒྱུར་གྱི་སྟེང་དུ་བཀོལ་ཁོམ་མ་བྱུང་བར་བསམ་ན་དེ་ཙམ་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་མ་རེད་སྙམ་མོ་ཞེས་གཏམ་ཐུང་འདིའི་མཇུག་རེ་ཞིག་རྫོགས་པར་བྱས་སོ།།

 

༢༠༡༧/༣/༡༢ཉིན།