སུའུ་ལེན་གྱི་ཚན་རིག་པ་གྲགས་ཅན་པཱ་ཕུའུ་ལོ་ཝུ་巴甫洛夫Pavlovཡིས་“གོམས་བྱུང་རྐྱེན་འགྱུར”❶གསར་རྟོགས་བྱུང་། འདི་ལྟར་ཁོས་ཁྱི་ཞིག་ལ་སྦྱོང་བརྡར་སྤྲད་སྐབས་ཟས་དང་འགུལ་སྟངས་རིགས་ཤིག་སྦྲེལ་དུ་བཅུག་པས། ཁྱིར་འགུལ་སྤྱོད་ག་གེ་མོ་ཞིག་བྱེད་བཅུག་པར་ཧ་ཅང་སླ་མོར་ཆགས་པ་མ་ཟད་ཐ་ན་ཁྱིས་ཟས་ཀྱི་ཆེད་དུ་འགུལ་སྤྱོད་གང་ཞིག་ཚོར་མེད་དུའང་བྱེད་པར་གྱུར། ལེ་ཉིན་གྱིས་དོན་དེ་ཐོས་པས་འདེང་རྒྱག་བཞིན། ཉིན་ཤས་ཀྱི་རྗེས་ནས་པཱ་ཕུའུ་ལོ་ཝུ་ཕོ་བྲང་དུ་བོས།

རང་ཉིད་ལེ་ཉིན་གྱིས་ཁེ་ལིས་མུའུ་ལིན་ཕོ་བྲང་克里姆林宫Kremlinདུ་བོས་པར་ཁོས་སྤྲོ་སྣང་དང་བཅས་པར་སློབ་ཁྲིད་ཐེངས་ཤིག་བྱས་ཏེ་ཆེས་ཟབ་པའི་རིགས་གཞུང་དེ་མན་ངག་གི་ལམ་ནས་རླབས་ཆེན་གྱི་དབུ་ཁྲིད་ལ་སྟོན་རྩིས་བྱས། ཡིན་ཡང་ལེ་ཉིན་གྱིས་ཕྱེད་ཙམ་ལས་མ་ཉན་པར་འཆད་མཚམས་བཅད་དེ། ཞི་འཇམ་གྱིས་འཛུམ་གྱིན། “ཁྱོད་ཀྱི་ཚོད་ལྟར་ཧ་ཅང་དོན་སྙིང་འདུག འོན་ཀྱང་ང་ཁྱི་དེར་མོས་པ་མི་འདུག གལ་ཏེ་ཚོད་ལྟ་བྱ་ཡུལ་གྱི་ཁྱི་དེ་མིར་བརྗེས་ན་ཇི་ལྟར་ཡིན་སྲིད”ཅེས་པཱ་ཕུའུ་ལོ་ཝུར་དྲིས།

དེའི་རྗེས་ནས་པཱ་ཕུའུ་ལོ་ཝུས་གཞི་རྒྱ་ཆེ་བའི་མི་ལ་ཚོད་ལྟ་བྱས་མིན་མ་ཤེས་ཀྱང་། བློ་མཐུན་ལེ་ཉིན་གྱིས་ནི་པཱ་ཕུའུ་ལོ་ཝུའི་ཚན་རིག་གི་རིགས་གཞུང་དེ་སུའུ་ལེན་སྤྱི་ཚོགས་རིང་ལུགས་ཀྱི་མི་གསར་བསྒྱུར་བཟོའི་ཐད་མངོན་གསལ་དོད་པོས་བེད་སྤྱོད་བྱས། དེ་ནས་བཟུང་སུའུ་ལེན་གྱིས་དར་སྤེལ་བཏང་བའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོས་“སྤྱི་དམངས་རྣམས”ལ་བཀའ་ཉན་གསུང་སྡོད་བྱེད་པར་སྐུལ་ཞིང་། དེ་བཞིན་མ་བསྒྲུབས་ན་ཁྱོད་རང་ཤིས་ཕོ་ལིས་ཡ་西破利亚Siberiaརུ་རྫོང་བདའ་བྱེད་སྲིད་ལ་ཐ་ན་དམར་གསོད་ཀྱང་བཏང་སྲིད།

དེར་བརྟེན་མི་རབས་གཉིས་ཙམ་ཡང་བརྒྱུད་མ་དགོས་པར་སུའུ་ལེན་མི་དམངས་རྩ་བའི་ཆ་ནས་པཱ་ཕུའུ་ལོ་ཝུའི་ཁྱི་ནང་བཞིན་ཟས་དང་འཚོ་གནས་ཀྱི་ཆེད་དུ་འགུལ་སྤྱོད་རིགས་ཤིག་བསྐྱར་ཟློས་བྱེད་དེ་མཆིས། དེ་ཡང་འདི་ལྟར་ཕྱི་མགོ་ནང་འཚོང་དང་། “རྒྱལ་གཅེས།” བརྩེ་མེད་གདུག་ཅན་གྱི་མགོ་འཛིན་དང་རིགས་མཐུན་མནར་བའི་ཏང་ལ་སྨྱོས་པ་ནང་བཞིན་དགའ་བར་བྱེད་པ། ད་དུང་མི་གསོད་པ་དང་མེ་རྒྱག་པ་སོགས་ལྟ་བུའོ།།

ཁྱིར་ཚོད་ལྟ་བྱས་པ་ལས་རྙེད་པའི་རིགས་པའི་གཞུང་ལུགས་འདི། སུའུ་ལེན་ནས་འཛམ་གླིང་གང་སར་ཁྱབ་ཅིང་། ཡོ་རོབ་ཤར་མ་དང་ཡ་གླིང་སོགས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་མང་པོས་མི་དམངས་ལ་“ཀླད་ཁྲུས”གསོལ་བའི་ཚན་རིག་གི་གཞི་འཛིན་སར་བྱས།

སུའུ་ལེན་གྱི་བློ་མཐུན་རྒན་པ་ཞིག་གི་ཕྱིར་དྲན་ཟིན་ཐོར་འཁོད་གསལ་ལྟར། བློ་མཐུན་ལེ་ཉིན་གྱིས་སྤྲོ་བ་ཆེན་པོས་འདི་ལྟར་བསྒྲགས་མྱོང་སྟེ། པཱ་ཕུའུ་ལོ་ཝུའི་ཚན་རིག་རིགས་གཞུང་དེ་མིའི་རིགས་ལ་སྤྱོད་པ་ནི། མཚོན་ཆ་གང་ལས་ཀྱང་ལྡབ་བརྒྱ་འགྱུར་གྱིས་ངར་བའི་“སྲོག་གཅོད་མཚོན་ཆ”ཞིག་ཡིན་ལ། ཁོས་སུའུ་ལེན་གྱི་རྒྱལ་སྲིད་ཁྲི་ལོར་བརྟན་པའི་ཁག་ཐེག་བྱེད་ཐུབ་ཅེས་ཟེར། ལེ་ཉིན་གྱི་རྗེས་འབྲང་པ་དག་གིས་སུའུ་ལེན་མི་དམངས་མཐར་ཟིན་པའི་རྗེས་སུ། གནས་ལུགས་འདི་ནུབ་གླིང་རྒྱལ་ཁབ་དག་ལ་ཁྱབ་སྤེལ་གཏོང་སྟེ། ཉིང་རྡུལ་མཚོན་ཆ་བེད་སྤྱོད་མི་དགོས་པར་འཛམ་གླིང་ཧྲིལ་པོ་སུའུ་ལེན་གྱི་རྐང་འོག་ཏུ་གོག་བཞིན་འཛུལ་ཡོང་བའི་འཆར་གཞི་བཏིང་མོད། ཕངས་བ་ཞིག་ལ། སྐབས་དེར་སུའུ་ལེན་ལ་“དུང་ཕྱུར་ཁྲི་བཞིའི་འཆར་གཞི”❷མེད་པས། ཁོ་ཚོའི་རིན་ཐང་ལྟ་བ་ཕྱིར་གཏོང་བྱེད་མ་ཐུབ། དེ་ལྟར་མིན་ན། དེ་རིང་ངེད་ཚོས་སྐོར་རྒྱུ་འཇར་པན་དང་འཇར་མན་གྱི་རླངས་འཁོར་མ་ཡིན་པར། ཧྥུའར་ཀྱ་伏尔加Volgaརྟགས་ཅན་ཡིན་སྲིད་ཅིང་། ངེད་ཚོས་ཧའོ་ལའེ་ཝུའི་好莱坞Hollywoodགློག་བརྙན་མི་ལྟ་བར། ལག་སྦྲེང་བཀྲོལ་ཏེ་གླུ་དམར་红歌red songs❸ལེན་བཞིན་ཡོད་ཀྱང་སྲིད།

ཡིན་ཡང་ཁྱོད་ཀྱིས་སུའུ་ལེན་རྫོགས་ནས་གོང་གི་གཏམ་རྒྱུད་དེ་དགོད་གཏམ་དུ་གྱུར་སོང་བར་མ་སེམས་ཤིག སུའུ་ལེན་ཉམས་རྒུད་དུ་ཕྱིན་ནས་ལོ་ངོ་ཉི་ཤུ་ལྷག་འདས་ཟིན་རུང་། གལ་ཏེ་ཁྱོད་རང་ད་ལྟའི་ཨུ་རུ་སུར་ཕྱིན་ནས་སུའུ་ལེན་དུས་རབས་ཀྱི་སློབ་གསོས་བསྐྱངས་བའི་མིར་འབྲེལ་འདྲིས་བྱས་ན། ཁྱོད་ཀྱིས་སྔར་བཞིན་ཁོ་ཚོར་པཱ་ཕུའུ་ལོ་ཝུས་ཚོད་ལྟ་བྱས་པའི་ཁྱི་དང་མཚུངས་ཆོས་བདོག་པ་ཚོར་ཐུབ།

འདི་ནི་“ཀླད་ཁྲུས”ཀྱི་ཟིལ་ཤུགས་རེད་ལ། འདི་ནི་གླེན་དམངས་དང་། བྲན་བསྒྱུར་སློབ་གསོའི་ནུས་ཤུགས་དང་སེལ་དཀའ་བའི་མཇུག་འབྲས་བཅས་རེད།

ད་དུང་གླེང་རིན་ཆེ་བའི་དཔེ་གསོན་པོ་འགའ་ཞིག་ཡོད་དེ། འཇར་མན་ཤར་ནུབ་ཏུ་འགྲོ་མྱོང་བའི་མིས་དོ་སྣང་བྱུང་ཡོད་སྲིད། འཇར་མན་ཤར་ནུབ་གཉིས་གཅིག་གྱུར་བྱས་ནས་ལོ་མང་སོང་ཟིན་ཅིང་། འཇར་མན་ནུབ་མས་ནུས་རྒུ་རྩལ་སྤྲུག་གིས་འཇར་མན་ཤར་མར་རོགས་སྐྱོར་བྱས་མོད། ས་ཁུལ་འདི་གཉིས་ཀྱི་བར་ཁྱད་ནི་སྔ་མ་ཇི་བཞིན་སོ་ན་གནས།

སྤྱི་ཚོགས་རིང་ལུགས་ཀྱིས་འཇར་མན་ཤར་མར་བཞག་པའི་ངན་བྱས་ནི་གསོག་གསོབ་ཀྱི་འཛུགས་སྐྲུན་དང་། ཐོན་ཁུངས་བརླགས་པ་ཙམ་མ་ཡིན་ཞིང་། གནད་འགག་གཙོ་བོ་ནི་མིའི་རིན་ཐང་ལྟ་བ་དང་། དད་པ། དེ་བཞིན་འདུ་ཤེས་འཛིན་སྟངས་ལྷད་པ་དག་ཡིན།

འཇར་མན་གྱི་སློབ་གསོ་བ་ཞིག་གིས་སྨྲེང་སེམས་དང་བཅས་ཁོ་བོར། འཇར་མན་ཤར་ནུབ་གཉིས་དོན་དམ་པའི་“གཅིག་གྱུར”དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོས་བསྐྱངས་བའི་འཇར་མན་ཤར་མའི་མི་རབས་དེ་འཆི་སྒུག་བྱེད་པ་ལས་འོས་མེད་ཅེས་ཟེར།

གལ་ཏེ་ཁྱོད་ཀྱིས་ཡོ་རོབ་གླིང་གི་གནས་ཚུལ་ཅུང་རྒྱང་རིང་སོང་བར་སྙམ་ན། དེས་ན་ལྷོ་བྱང་གི་ཁོ་རེ་ཡའི་མི་དང་འབྲེལ་འདྲིས་བྱེད་པ་དེ་ཙམ་དཀའ་རྒྱུ་མ་རེད། ལྷོ་བྱང་གི་ཁོ་རེ་ཡ་གཉིས་པོ་གཅིག་གྱུར་བཟོ་བར་ལས་སླ་པོ་རེད། (རྒྱལ་ཁབ་ཆུང་བས།) དཔལ་འབྱོར་གྱི་བར་ཁྱད་ཀྱང་ཁ་གསབ་མི་ནུས་པ་ཞིག་མ་རེད། ཡིན་ཡང་ད་ལྟ་འཚོ་ཞིང་གནས་པའི་ལྷོ་བྱང་གི་ཁོ་རེ་ཡའི་མི་གཉིས་པོའི་རིན་ཐང་ལྟ་བ་དང་བསམ་བློ་“གཅིག་གྱུར”བཟོ་འདོད་པ་ནི་སྟོང་བསམ་རང་ཡིན།

བྱང་ཁོ་རེ་ཡའི་སྲིད་གཞུང་གིས་ཁོ་རེ་ཡའི་མི་རིགས་ལ་བསྐྱལ་བའི་གནོད་ཚབ་ཆེ་ཤོས་ནི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ངོས་ནས་མ་རེད། དེ་ལས་ལྡོག་སྟེ་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་རྒྱབ་གཏོད་ཅིང་། མིའི་རིགས་ལ་རྒོལ་བའི་བྱེད་ཐབས་སྤྱད་དེ་“ཀླད་ཁྲུས”བཏང་བས་མི་རབས་དུ་མ་ཞིག་བརླགས་པ་དེ་རེད།

ཐོན་ཁུངས་གཏོར་བརླགས་ནི་མི་རབས་ཁ་ཤས་ཀྱི་འབད་པ་བརྒྱུད་ན་གཅིག་བྱས་ན་བསྐྱར་གསོ་བྱེད་ནུས་ལ། དཔལ་འབྱོར་བཅོམ་བརླགས་ཀྱང་འབད་པས་འཚོལ་སྒྲུབ་བྱེད་ཆོག་ཅིང་ཆབ་སྲིད་ལོག་ལམ་དུ་ཕྱིན་པ་ཡང་ནོར་བ་ཕྱིར་བཅོས་བྱེད་ཆོག་མོད། འོན་ཏེ་རྒྱལ་ཁབ་ཧྲིལ་པོའི་མི་རྣམས་ཀྱི་ཀླད་པར་སྐྱོན་ཞུགས་པ་ལ། ངང་རྒྱུད་རིང་པོས་ཚང་མ་འཆི་སྒུག་བྱས་ན་ད་གཟོད་རེ་བ་ཅུང་ཟད་ཅིག་ཡོད་སྲིད།

སྲིད་གཞུང་ཞིག་གིས་རྒྱལ་དམངས་ལ་སྐྱེལ་བའི་གནོད་འཚེ་ཆེས་ཆེ་ཤོས་ནི། གསོད་པ་དང་རྡུང་བས་ལུས་སེམས་ལ་མནར་གཅོད་གཏོང་བ་ཕུད་ཤུལ་དུ་“ཀླད་ཁྲུས”ལས་ཐུ་བ་ཞིག་མེད།

ཁ་ཅིག་གིས། ཀླད་པ་འཁྲུད་པས་ནི་དབང་སྒྱུར་བར་ཕན་པ་ཧ་ཅང་ཆེ་སྟེ། སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོབ་དང་། མི་དམངས་ལ་གྱེན་ལོག་གི་བསམ་པ་མེད་པར་རང་གི་འཚོ་བ་ཁོ་ནར་སེམས་པར་བཟོ་ཐུབ་ཅེས་ཟེར། ཡིན་ཡང་ཁོ་ཚོས་ཀླད་ཁྲུས་ནི་མི་རིགས་ཤིག་ཀླད་སྐྱོན་ཅན་དུ་བཏང་བ་དང་། རྒྱལ་ཁབ་ཅིག་ཐ་ཤལ་དུ་ཁྲིད་པའི་ལོག་ལམ་ཞིག་ཡིན་པ་གཏན་ནས་ཤེས་མེད། མི་ཞིག་གམ། ཡང་ན་མི་རིགས་ཤིག་གི་ཀླད་པ་བཀྲུས་ཟིན་ནས་བཟུང་། ཁོ་ཚོའི་མི་གཤིས་ཀྱི་ངོས་ནས་ནམ་ཡང་ཐ་ཤལ་ཅན་དུ་བསྒྱུར་བ་མ་ཟད། གསར་གཏོད་དང་། བསམ་པའི་ལོངས་སྤྱོད་ཐོན་སྐྱེད་བྱེད་པར་ཡང་ནམ་ཡང་མི་རིགས་གཞན་གྱི་རྗེས་སུ་ལུས་ངེས། དེར་བརྟེན། འགའ་ཞིག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དར་ཆ་འཕྱར་ཏེ་ཀླད་པ་འཁྲུད་པའི་སྐབས། ངས་ནན་ཏན་སྒོས། “རྒྱལ་ཁབ་འདིར་གཅེས་པའི་རྒྱུ་མཚན་གྱིས་མཐའ་གཅིག་ཏུ་ཀླད་ཁྲུས་སློབ་གསོར་འགོག་རྒོལ་བྱེད་དགོས”ཞེས་སྨྲ་བ་ཡིན།

དེང་གི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཀྱི་རྒྱལ་དམངས་དག་གིས་སྲིད་གཞུང་གི་དབང་ཆར་ཚོད་འཛིན་བྱས་པ་ཕུད། ད་དུང་དམངས་གཙོ་ལ་བརྟེན་ནས་དབང་སྒྱུར་མཁན་གྱི་ཁྲིམས་མཐུན་རང་བཞིན་ལ་ཐག་གཅོད་བྱེད་པ་དང་། ཁྲིམས་སྲིད་ལ་བརྟེན་ནས་མི་སྒེར་གྱི་རང་དབང་ལ་སྲུང་སྐྱོབ་བྱེད་པ་མ་ཟད། སྲིད་གཞུང་“སློབ་གསོ”འི་བྱ་བར་ཞུགས་པ་ལ་ཚད་མཐོན་པོས་དོགས་ཟོན་བྱེད་ཀྱིན་ཡོད།

ཚང་མས་ཤེས་གསལ་ལྟར། ཨ་རིའི་སྲིད་གཞུང་གི་ལངས་ཕྱོགས་མཚོན་ནུས་པའི་“VOA”(美国之音)ཨ་རིའི་རྒྱལ་ནང་དུ་ཁྱབ་སྒྲོག་ཆོག་གི་མེད། མ་ཟད་སྲིད་འཛིན་ཨོ་བྷ་མས་སློབ་ཆུང་ཞིག་གི་ནང་དུ་རྒྱལ་ཚོགས་དང་འབྲེལ་ཡོད་ཀྱི་གཏམ་བཤད་སྤེལ་རྩིས་བྱས་སྐབས་ཁྱིམ་བདག་དག་གིས་འགོག་རྒོལ་བྱས་ཏེ། མཐར་ཐོག་མའི་ཀུན་སློང་བསྒྱུར་ནས་གནད་མི་ཆེ་བའི་སློབ་གསོའི་གནད་དོན་འགའ་ཞིག་མི་འཆད་ཀ་མེད་དུ་གྱུར་པ་ལྟ་བུ་རེད།

ཕྱི་སྡོད་ཀྲུང་གོ་བ་ཚང་མས་ཤེས་ངེས་རེད། གལ་ཏེ་སློབ་གྲྭའི་ནང་ནས་ཕྲུ་གུར་འདུ་ཤེས་འཛིན་སྟངས་དང་། སྲིད་སྐྱོང་ཏང་གང་ཞིག་གི་སྲིད་འཛིན་འདུ་ཤེས་ཁྲིད་སྟོན་བྱས་ཡོང་ན། ང་ཚོ་དེ་མ་ཐག་སློབ་གྲྭར་ཤོར་ཏེ་དགེ་རྒན་ལ་གནས་ལུགས་བཤད་པ་དང་། ཐ་ན་རྒྱལ་ཚོགས་ཁང་ཆེན་གྱི་མདུན་ནས་རྒོལ་གཏམ་ཡང་གཏོང་སྲིད།

ཡིན་ཡང་། ཁས་མི་ལེན་ཀ་མེད་ཅིག་ལ། ས་སྒང་སྟེང་གི་རྒྱལ་ཁབ་སུ་ཡིན་རུང་སློབ་གྲྭའི་སློབ་མར་རྒྱལ་དོན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་(འགའ་རེས་ཀུན་ཁྱབ་སློབ་གསོ་ཞེས་འབོད།)通识教育 普通教育 一般教育Liberal Studyགཏོང་བའི་གནས་ཚུལ་མཆིས། དཔེར་ན་ང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་བྷེ་ལར་堪培拉Canberraའཚམ་འདྲིར་སོང་སྐབས། དམག་འཁྲུག་རྗེས་དྲན་ཁང་དང་གྲོས་ཚོགས་ཁང་སོགས་སུ་རྟག་པར་ཨོ་གླིང་澳洲གི་སློབ་ཆུང་སློབ་མ་དག་དགེ་རྒན་དང་ཁྱིམ་བདག་རྣམ་པས་གང་སར་ལྟ་སྐོར་དུ་ཁྲིད་དེ་ཁོ་ཚོར་འགྲེལ་བཤད་རྒྱག་གིན་འདུག ངས་ཕྲུ་གུའི་གདོང་གི་རྣམ་འགྱུར་ལ་བལྟས་ན་ཁོའི་རྒྱལ་ཁབ་འདིར་དགའ་ཞེན་ཚོར་ཐུབ་ཀྱི་འདུག  ཡིན་ཡང་། ཕྲུ་གུར་སློབ་གསོ་ཇི་ལྟར་གཏོང་བ་དང་། ནང་དོན་དང་ཐབས་ལམ་གང་ཞིག་བཀོལ་བ་བཅས་ཀྱིས་ཡང་སྙིང་འདི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའམ། ཡང་ན་དམར་རྗེན་དུ་ཀླད་པ་འཁྲུད་པ་གང་ཡིན་ཐག་གཅོད་ཀྱི་ཡོད།

མིག་སྔར་འཛམ་གླིང་སྟེང་གི་མི་དམངས་མང་ཤོས་ཀྱི་འཚོ་བའི་ཆུ་ཚད་ཅུང་བཟང་བ་དང་། སྤྱི་ཚོགས་ལྟོས་བཅས་ཀྱིས་ལྷིང་འཇག་ཡིན་པའི་རྒྱལ་ཁབ་ཚང་མར། “སློབ་གསོ”དང་“ཀླད་ཁྲུས”གཉིས་ལ་མངོན་གསལ་དོད་པོའི་ས་མཚམས་ཡོད་དེ། སྲིད་གཞུང་ཞིག་གིས་མི་དམངས་ལ་དོན་དངོས་དང་ལེན་གྱི་སློབ་གསོ་གཏོང་ཞིང་། ད་ལྟའི་སྲིད་དབང་འཛིན་མཁན་གྱི་སྲིད་ཇུས་དང་གྲུབ་འབྲས་ལ་བསྟོད་གླུ་འབུལ་བར་བསྐུལ་བ་ནི་ཀླད་པ་འཁྲུད་པ་ཡིན།

སྲིད་གཞུང་ཞིག་གིས་(དཔེར་ན་ཨོ་གླིང་བཟོ་ཏང་ལྟ་བུ།)ཕྲུ་གུ་ཚོར་ཏང་ལ་དགའ་བ་ནི་རྒྱལ་གཅེས་ཡིན་པར་སློབ་པ་ནི་ཀླད་པ་འཁྲུད་པ་ཡིན།

དགེ་རྒན་ཞིག་གིས་ཕྲུ་གུ་ཚོར་སྒེར་ཚུགས་ཀྱི་བསམ་བློ་མ་བསླབས་པར་བྱ་གག་བཙན་གསོའི་❹ལུགས་ཀྱིས་དགེ་རྒན་དང་ཏང་གི་བཀའ་ཇི་ལྟར་བརྩི་ཚུལ་སློབ་པ་ཡང་ཀླད་པ་འཁྲུད་པ་ཡིན།

དོན་དངོས་དང་ཚབ་ཆེར་འགལ་བའི་“ཤེས་བྱ”དང་། འུད་སྒྲོག་དང་ཐ་ན་རྫུན་གཏམ་བཅས་བྱིས་པའི་རྒྱུད་ལ་བརྫངས་པ་མ་ཟད། རྒྱུགས་སྤྲོད་ཀྱི་སྐབས་སུ་འདི་དག་“ཚད་ལྡན་དྲིས་ལན”དུ་བརྩི་བ་ནི་དེ་ལས་ཀྱང་ཀླད་པ་འཁྲུད་པ་ཡིན།

དེ་ལྟར་ཀླད་ཁྲུས་ལ་རིགས་མང་ཞིག་མཆིས་མོད། ཆེས་འཇིགས་སུ་རུང་བ་ནི་དབང་སྒྱུར་མཁན་གྱིས་གཙོ་ཁྲིད་བྱས་པ་དེ་ཡིན། ང་ཚོ་ཚང་མས་བློ་སྒོ་འབྱེད་ཤེས་ཤིང་། གྲོགས་པོ་ཁ་ཤས་ཀྱིས་ངས་རྒྱུན་པར་བློ་འབྱེད་བྱེད་པར་སྙམ་བཞིན་ཡོད། དོན་དངོས་ཐོག ཉེ་རབས་ཡོ་རོབ་གླིང་སོགས་ཀྱི་བློ་འབྱེད་ལོ་རྒྱུས་ཀྱིས་གསལ་བཤད་བྱས་པ་ནི། བློ་འབྱེད་ལ་ལེགས་འགྲུབ་འབྱུང་དགོས་ན། སྐབས་དེའི་སྲིད་གཞུང་གིས་སྒེར་གཅོད་གཏན་ནས་བྱེད་མི་རིགས། དཔེར་ན་སྨྲ་བརྗོད་རང་དབང་སྟེར་བ་མ་ཟད་“ཀླད་ཁྲུས”གཏོང་བར་ཤུགས་ཆེའི་གཙོ་ཁྲིད་པའང་བྱེད་མི་འོས། འདི་ལྟའི་ཁོར་ཡུག་ཅིག་གི་ཁྲོད་དུ་ད་གཟོད་བློ་འབྱེད་ལས་འགུལ་ལ་ལེགས་འགྲུབ་འབྱུང་སྲིད།

ཧི་ཐི་ལི་དང་སི་ཏཱ་ལིས་གཙོ་སྐྱོང་བྱས་པའི་རྒྱལ་ཁབ་ཀྱི་ནང་དུ་“ཀླད་ཁྲུས”ཀྱི་སྟོབས་ཤུགས་ཧ་ཅང་ཆེ་ཞིང་དེའི་ནུས་པས་མ་ཁྱབ་པའི་གཞི་མེད། ཕྲུ་གུ་ཞིག་གིས་ངག་སྨྲ་བ་ཐོག་མར་སྦྱོང་སྐབས་ནས་ཀྱང་ཀླད་པ་འཁྲུད་ཀྱིན་ཡོད་པས་ཁོ་ཚོ་ཆེན་པོ་ཆགས་སྐབས་རྩ་བའི་ཆ་ནས་བསམ་བློ་དང་འདུ་ཤེས་ཀྱི་ངོས་ནས་མི་ཡ་མ་བརླ་རུ་གྱུར་ཟིན། དེས་ན་ནུས་མེད་ཀྱི་བློ་འབྱེད་སྐམ་པོ་ཙམ་ལ་བརྟེན་པ་ནི་གྲུབ་འབྲས་གང་ཡང་མེད་པར་སྨྲ་ཆོག

ལོས་ཡིན། དེ་ལས་ཀྱང་བློ་ཕམ་པ་ཞིག་ནི་ཁོ་ཚོས་རང་ཉིད་ཀྱི་ཀླད་པ་བཀྲུས་ཚར་བ་གཏན་ནས་ཤེས་ཀྱི་མེད་ལ། ཐ་ན་མི་མང་པོ་ཞིག་རང་ཉིད་དང་རབས་ཕྱི་མ་དག་ལ་“ཀླད་ཁྲུས”གསོལ་བའི་མཐུད་རྒྱུག་འགྲན་བསྡུར་❺ཁྲོད་འཚང་ག་རྒྱག་བཞིན་ཡོད།

མི་སྒེར་རམ་ཚོགས་པའི་ཤེས་ཡོན་ཅན་གྱིས་གཙོ་བོ་བྱས་པའི་བློ་འབྱེད་ལས་འགུལ་གྱིས། དམངས་སྤྱིའི་ལམ་ལུགས་སུ་གྲུབ་པའི་“ཀླད་ཁྲུས”སློབ་གསོར་འགོག་རྒོལ་བྱེད་ནུས་གཞི་ནས་བྲལ་ཏེ། ལོ་རྒྱུས་དོན་དངོས་ཀྱིས་ར་སྤྲོད་པའི་སེམས་སྔངས་བྱེད་ཀྱི་བདེན་དོན་ཞིག་ནི། ལེ་ཉིན་དང་སི་ཏཱ་ལིན་ལུགས་ཀྱི་ཀླད་པ་བཀྲུས་པའི་རྒྱལ་ཁབ་དག་ཏུ། བློ་འབྱེད་ལས་འགུལ་ཀྱི་བྱེད་ནུས་ལ་བརྟེན་ནས་འགྱུར་བ་ཐེབས་པ་གཅིག་ཀྱང་མེད། ཆེས་མཐའ་མཇུག་གི་འགྱུར་བ་ནི་སྒེར་གཅོད་པ་བརླགས་པའི་གསར་བརྗེའམ། ཡང་ན་སྲིད་འཛིན་མཁན་ནང་ཁུལ་གྱི་སྣང་ཚུལ་གང་གི་སྲིད་འགྱུར་ཞིག་ལ་བརྟེན་པ་ཤ་སྟག་ཡིན།

འཛེམ་ཟོལ་མེད་པར་བཤད་ན། འབངས་མང་ཤོས་ཀྱི་ཀླད་པ་བཀྲུས་པར་ཐ་ན་རང་ཉིད་ཀྱིས་ཀྱང་ཀླད་པ་བཀྲུས་མེད་པར་རློམ་བཞིན་ཡོད། ཡིན་ཡང་འདི་ནི་ཀླད་པ་བཀྲུས་ཟིན་པའི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན་ལ། འཛམ་གླིང་སྟེང་གི་ཆེས་ལེགས་འགྲུབ་བྱུང་བའི་ཀླད་པ་འཁྲུད་སྟངས་ཀྱང་ཡིན།

གནམ་རྒན་མའི་དྲིན་གྱིས་ལེ་ཉིན་དང་སི་ཏཱ་ལིན་ལུགས་ཀྱི་ཀླད་པ་བཀྲུས་པའི་རྒྱལ་ཁབ་ནི་ད་ཆ་བྱང་ཁོ་རེ་ཡ་ཙམ་མ་གཏོགས་སའི་གོ་ལར་མང་པོ་ལྷག་མི་འདུག ངའི་ངོས་ནས་གླེང་ན། ལོ་འདི་དག་གི་རིང་ལ་ནུས་ཤུགས་ཡོད་རྒུས་རང་གི་ཚེ་སྲོག་གིས་བྲིས་པའི་ཡིག་འབྲུ་དག་གིས་གནད་དོན་འགའ་ཞིག་ཅི་ནུས་ཀྱིས་གསེད་བཀྲོལ་བྱ་བར་འདོད་པ་ཡིན། འོན་ཏེ་ཡིག་ཕྲེང་འགའ་ཞིག་ལ་བརྟེན་ནས་སྟོབས་ཆེ་བའི་སློབ་གསོའི་མ་ལག་གི་ཀླད་ཁྲུས་མཇུག་འབྲས་ཤིག་བཅོས་བསྒྱུར་བྱེད་པར་འདོད་པ་ནི་དངོས་གནས་རྨི་ལམ་ཙམ་རེད།
❶条件反射 གོམས་བྱུང་རྐྱེན་འགྱུར། མི་དང་སྲོག་ཆགས་རྣམས་ལ་ཁོར་ཡུག་གི་རྐྱེན་གྱིས་བསླངས་པའི་དྲན་ཚོར་ཏེ། སྤྱིར་བཏང་དྲིལ་སྒྲས་ཁྱི་ལ་འགྲམ་ཆུ་སློང་མི་སྲིད་མོད། གལ་ཏེ་རྟག་པར་དྲིལ་སྒྲ་བསྒྲགས་རྗེས་ཁྱི་ལ་ལྟོ་བྱིན་པ་ཡིན་ན་ནམ་ཞིག་ཁྱིས་ཀྱང་སྒྲ་དེ་ཐོས་མ་ཐག་ལྟོ་བཟའ་འདོད་ཀྱིས་འགྲམ་ཆུ་ལྡང་འོང་པའི་སྣང་ཚུལ་དེ་ལྟ་བུའོ།།

❷红歌 གླུ་དམར། སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་སྟེ། མེས་རྒྱལ་དང་གསར་བརྗེ་སོགས་ལ་བསྟོད་པའི་གླུའོ།།

❸མ་རྩོམ་ལས་“四万亿”ཞེས་འབྱུང་བ་དེ་ཀྲུང་གོའི་“དུང་ཕྱུར་ཁྲི་བཞིའི་འཆར་གཞི”ལ་གོ་དགོས་ཏེ། རྩོམ་པ་པོས་ཟུར་ཟའི་ཚིག་གིས་གླེང་བ་ཡིན།

❹填鸭 བྱ་གག་བཙན་གསོ། བྱ་གག་ལ་བཙན་ཐབས་ཀྱིས་ཤ་བསྐྱེད་ཐབས་ཤིག་སྟེ། དུས་ལྟར་གཟན་ཆག་བྱ་གག་གི་མགྲིན་པར་བརྫངས་ཤིང་འགུལ་བསྐྱོད་མང་པོ་བྱེད་དུ་མི་འཇུག་པར་མྱུར་དུ་ཤ་འཕེལ་ཐབས་བྱེད་པ་སྟེ། ཕ་རོལ་པོས་དང་ལེན་བྱེད་མིན་ལ་མ་ལྟོས་པར་བཙན་གྱིས་སྐུལ་བའི་དཔེའོ།།

 ❺接力赛 མཐུད་རྒྱུག མི་བཞི་རེ་ཚོ་ཁག་གཅིག་ཏུ་བྱས་ཏེ། ལག་ཏུ་དབྱུག་དུམ་ཞིག་བཟུང་ནས་ལམ་གྱི་བཞི་ཆ་གཅིག་ལ་བརྒྱུགས་རྗེས་ལག་གི་དབྱུག་དུམ་དེ་མི་གཞན་ཞིག་ལ་སྤྲད་པ་ན་དེས་ཀྱང་སྔར་གྱི་མུར་མཐུད་ནས་རྒྱུག་འགྲན་བྱེད་པའི་ལུས་རྩལ་ཞིག་གོ།

(ཉེ་སྔོན་བོད་ཀྱི་ལོ་དེབ་ཅིག་གི་ནང་དུ་རྩོམ་ཐུང་འདིའི་འགྱུར་ཡིག་ནོར་བ་ཅུང་མང་བ་ཞིག་མཐོང་བས་ཀློག་པ་པོ་དག་ལེགས་རྩོམ་འདིར་གོ་ནོར་ཐེབས་པར་ཕངས་སེམས་ཀྱིས་བསྒྱུར་བའོ།།)