དམངས་གཙོའི་ཆབ་སྲིད་དུ། སྤྱི་དམངས་ལ་སྤྱི་བའི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་པའི་ནུས་པ་ཡོད་པར་མ་ཟད་ཐ་ན་བསྒྱུར་བཅོས་གཏོང་བའི་སྟོབས་ནུས་ཀྱང་ཡོད། ཆབ་སྲིད་ཀྱི་འཐུས་ཚབ་འོས་མི་སུ་ཞིག་གིས་ཁྱོད་དང་ཁོ་ཡི་ཚབ་བྱེད་དུ་འཇུག་ན་དེ་ལ་འོས་ཤོག་ལྡུག་དགོས་པ་རེད། འདི་ནི་སྤྱི་བའི་སྲིད་བྱུས་ལ་ཤུགས་རྐྱེན་དང་བསྒྱུར་བཅོས་གཏོང་བའི་ཐབས་ལམ་ཆེས་སླ་མོ་དེ་ཡིན།སྤྱི་བའི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་པར་ལམ་ཕྱོགས་འདི་དག་ལ་བརྒྱུད་དགོས་པ་སྟེ།

• སྲིད་བྱུས་ག་གེ་མོར་ཤུགས་རྐྱེན་དང་བསྒྱུར་བཅོས་གཏང་བ་ལ། ཐོག་མར་དམིགས་འབེན་གསལ་ཞིང་རྒྱུ་མཚན་སྟོན་དགོས། 

       •   ཁྱོད་ཀྱིས་བཏོན་པའི་སྲིད་བྱུས་གསར་བ་གཏན་དུ་དབབ་དགོས།

        •  ཁྱོད་དང་སྲིད་བྱུས་ཀྱི་ལངས་ཕྱོགས་གཅིག་པའི་དམངས་ཀྱི་ཚོགས་སྡེར་ཞུགས་དགོས། གལ་ཏེ་དེ་འདྲ་མ་ལྡན་ན་གོང་དང་གཅིག་པའི་ཚོགས་སྡེ་གསར་བ་གཟུག་ཆོག

        •  འབྲེལ་ཡོད་ཀྱི་བརྡ་འཕྲིན་ཡོངས་སུ་རྫོགས་པ་ཁུ་བསྡུ་བྱེད་པ།

        •  སྲིད་བྱུས་གཏན་འབེབ་དང་བསྒྱུར་བཅོས་གཏོང་བར་མགྲིན་ཚབ་བྱེད་པའི་དཔོན་རིགས་ཁག་འཚོལ་བ།

         • དེ ལ་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་པའི་དམངས་ཀྱི་རྩ་འཛུགས་ཁག་འཚོལ་བ།

         • འཆར་གཞིའི་བྱེད་སྒོ་ཞིག་གཏན་དུ་ཕབ་ནས་དངོས་སུ་མགོ་བརྩམ་པ།

སྤྱི་དམངས་རྣམས་སྲིད་འཇུག་ལ་བརྒྱུད་ནས་སྤྱི་བའི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་པ་དང་ཆབ་སྲིད་ཀྱི་རེ་འདོད་འདོན་པ་ལ་རིགས་དང་ཐབས་ལམ་མང་སྟེ། དཔེར་ན། དྲིལ་བསྒྲགས་རྒྱུ་ཆ་བཀྲམ་པ། བརྙན་འཕྲིན་དང་རྒྱང་བསྲིངས་སོགས་གསར་ལམ་ཁག་ནས་སྲིད་བྱུས་ཀྱི་ལངས་ཕྱོགས་རྗོད་པ། གསར་ལམ་ཚགས་ཤོག་སོགས་ནས་སྲིད་བྱུས་ཀྱི་ལངས་ཕྱོགས་བརྡ་ཁྱབ་བཟོས་ཏེ་བསྒྲགས་པ། སྲིད་གཞུང་གིས་རྩ་འཛུགས་བྱས་པའི་ཚོགས་ཉན་ཐོག་རྒོལ་གཏམ་དང་བཀག་འགོག ལས་མཚམས་བཞག་པ་སོགས་ལ་བདེན་དཔང་བྱེད་པ། འདིར་གཙོ་བོ་ཁ་པ་དང་ཁྲོམ་སྐོར་རེ་ཞུ། ཚོགས་འཛོམས་གོང་ཞུ་གླེང་བའོ།།

དམངས་གཙོའི་ཆབ་སྲིད་དུ། སྤྱི་དམངས་ཀྱིས་སྤྱི་བའི་སྲིད་བྱུས་ལ་ཤུགས་རྐྱེན་འཇོག་པའི་རྒྱུན་མཐོང་གི་ཐབས་ལམ་ནི་ཁ་པ་ཡིན། ཁ་པའི་སྲིད་བྱུས་གཏན་འབེབས་གནང་མཁན་གྱི་དཔོན་རིགས་ལ་ངོ་བཅར་བ་དང་ཁ་པར་གཏོང་བ་དང་འཕྲིན་ཡིག་བསྐུར་བ་སོགས་ཀྱང་བྱ། སྤྱི་འཐུས་སམ་ཡང་ན་འཛིན་སྐྱོང་མགོ་བར་རེ་ཞུ་རྒྱག་པ་ཡང་རྒྱུན་མཐོང་གི་ཁ་པའི་བྱེད་ཐབས་གཙོ་བོ་གཅིག་ཡིན།

ཁྲོམ་སྐོར་རེ་ཞུ་དང་ཚོགས་འཛོམས་གོང་ཞུ་ནི་སྤྱི་དམངས་ཀྱིས་སྤྱི་བའི་སྲིད་བྱུས་ལ་བསྒྱུར་བཅོས་བྱེད་འདོད་སྐབས་ཀྱི་ནུས་པ་ཆེ་བའི་ཐབས་ལམ་ཞིག་ཡིན་ལ། ཐབས་ལམ་འདི་ཁྲིམས་དང་མཐུན་པ་ན་ཚུལ་མཐུན་ཡིན། ཚུལ་མཐུན་ངོ་བོ་འདི་ནི་སྤྱི་དམངས་ཀྱི་ཚོགས་འཛོམས་རང་བཞིན་དང་ཤོག་སྒྲིལ་རང་དབང་། བསམ་ཚུལ་འདོན་པའི་རང་དབང་བཅས་ལས་བྱུང་། ཤོག་སྒྲིལ་རང་དབང་འདི་ནི་སྤྱི་དམངས་ཀྱིས་ཞི་བདེའི་ཚོགས་འཛོམས་གཟུག་པར་སྲིད་གཞུང་དང་གཞན་གྱིས་ཐེ་གཏོགས་མི་བྱེད་པའི་ཐོབ་ཐང་ཡོད་པ་ཞིག་ལ་བརྗོད། དེ་རིགས་ཀྱི་འདུ་འཛོམས་བྱེད་པ་ལ་ཚོགས་འདུ་དང་ཆབ་སྲིད་ཚོགས་འཛོམས། ཁྲོམ་སྐོར། རྔམ་སྟོན། གོང་གཏུག་སོགས་ཀྱི་རྣམ་པའི་བྱེད་ཐབས་སྤྱད་ཆོག  དེ་ལས་ཀྱང་ཚོགས་འཛོམས་རང་དབང་ནི་དམངས་གཙོ་ལ་ཤིན་ཏུ་ནས་ཀྱང་ཕན་པ་ལྡན།

ཚོགས་འཛོམས་རང་དབང་ནི་ཆབ་སྲིད་ལ་དཀྱེལ་ཡངས་ཡོད་མེད་ཀྱི་ཚད་ཤིང་གལ་ཆེན་ཞིག་ཡིན། ནང་སྒོས་ཁྱད་པར་ཅན་དུ་དམངས་གཙོའི་ལམ་ཁར་གསར་དུ་ཕྱོགས་པའི་རྒྱལ་ཁབ་ཅིག་ལ་མཚོན་ནས་བཤད་ན། དེ་བས་ཀྱང་གལ་ཆེའོ།། གལ་ཏེ་ཚོགས་འཛོམས་རང་དབང་ལག་ཏུ་བསྟར་བར་བཀག་འགོག་བྱེད་པ་ཡིན་ཚེ། སྤྱི་ཚོགས་ཁྲོད་ཀྱི་མྱི་ཉུང་བའི་ཕྱོགས་ཁག་གི་ལངས་ཕྱོགས་དེ་ལ་རྡོག་རོལ་ཐེབས་སླ།

                            དམངས་གཙོ་དང་འོས་བསྡུ། 

 

མངོན་བསྒྲགས་དང་རང་དབང་། དྲང་གཞག དུས་བཅད་འོས་བསྡུ་བཅས་ནི་དམངས་གཙོའི་ཆབ་སྲིད་ཀྱི་ཁྱད་རྟགས་གཙོ་བོའི་ཁྲོད་ཀྱི་གཅིག་ཡིན་ལ། དེ་ལྟའི་འོས་བསྡུ་བརྒྱུད་ནས་བདམས་པའི་ཆབ་སྲིད་མཁན་གྱིས་རང་ཉིད་ཀྱི་ཆབ་སྲིད་ལམ་ཁ་འདི་འོས་ཤོག་ལྡུག་པའི་སྤྱི་དམངས་ལ་དབང་བའི་ངེས་ཤེས་འདྲོངས་པ་ན། རང་ཉིད་ཀྱི་ཆབ་སྲིད་སྤྱོད་སྟངས་དེ་ངེས་པར་འདེམས་དམངས་ཀྱི་ཆེད་དུ་དམིགས་པ་གཏོད་དགོས་པ་ཤེས། གལ་ཏེ་ཆབ་སྲིད་མཁན་དེས་ལས་འགན་ཁུར་དུ་མ་བཞེས་ཚེ། ཐེངས་རྗེས་མའི་འོས་བསྡུའི་ནང་དུ་འདེམས་དམངས་ཀྱིས་བསྐྱར་དུ་ཁོ་རང་མི་འདེམས་པར་མ་ཟད། འོས་ཤོག་དེ་འདེམས་དམངས་ཀྱིས་ཁས་ལེན་པའི་ཆབ་སྲིད་མཁན་ཞིག་ལ་ལྡུག དམངས་གཙོའི་ཆབ་སྲིད་དང་ཆབ་སྲིད་གཞན་དག་གི་རྩ་བའི་ཁྱད་པར་ཡང་འདི་ན་མཆིས་ཏེ། དམངས་གཙོའི་ཆབ་སྲིད་དུ། རྒྱལ་ཁབ་ལ་བདག་སྐྱོང་སུ་ཡིས་བྱེད་པའི་ཐག་གཅོད་ཀྱི་དབང་ཆ་སྤྱི་དམངས་ལ་བདོག འོས་བསྡུ་ནི་སྤྱི་དམངས་ཀྱིས་བསམ་ཚུལ་མངོན་པ་དང་དེའི་འདོད་བློ། བདག་དབང་ལག་ཏུ་བསྟར་བའི་ཐབས་ལམ་གཙོ་བོ་ཡིན། དོན་དུ་སྤྱི་དམངས་ཀྱིས་འོས་བསྡུ་བརྒྱུད་ནས་རང་ཉིད་ཀྱི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་བྱེད་པ་དང་། དབང་ཆ་བྱུང་རྒྱལ་དུ་སྤྱོད་མཁན་དང་དམངས་སེམས་ཀྱི་ཚབ་བྱེད་མི་ཐུབ་པའི་ཆབ་སྲིད་མཁན། སྲིད་གཞུང་གིས་དབང་ཆ་རྒྱ་བསྐྱེད་པ་བཅས་ལ་ཉེས་པ་སླད་འདོམས་དང་འཕོ་ལེན་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།། འོས་བསྡུས་སྤྱི་དམངས་དང་སྲིད་གཞུང་གཅིག་ཏུ་འབྲེལ་ཞིང་བཙན་དང་ཤེད་ཀྱིས་སྲིད་གཞུང་གིས་སྤྱི་དམངས་ལ་ཁག་འཁུར་གནང་དགོས་པ་བྱ། སྤྱི་དམངས་ཀྱིས་འོས་བསྡུ་བརྒྱུད་ནས་དེས་སྲིད་གཞུང་གི་བྱ་བའི་གྲུབ་འབྲས་ལ་ཁྲུན་ཐག་གཅོད་པར་རང་གི་འདོད་འདུན་མངོན། མཉམ་ཞུགས་ཀྱི་ཐབས་ལམ་གཞན་དང་བསྡུར་ན། འོས་བསྡུས་སྤྱི་དམངས་ལ་གཞི་རྒྱ་ཆེན་པོས་སྲིད་འཇུག་བྱ་བར་མ་ཟད། ཆབ་སྲིད་ཀྱི་གལ་གནད་ཆེ་བའི་དོན་བྱས་ཆབ་སྲིད་ཀྱི་འཕེལ་ཕྱོགས་མཚོན། འོས་བསྡུ་དེ་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ངོ་བོའི་མཚོན་ཚུལ་ཞིག་ཡིན་པས་ན། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་འཕེལ་རྒྱས་ཆེན་པོ་ཞིག་ཡིན་ལ། ཆབ་སྲིད་འཚོ་བའི་ཁྲོད་ནས”གཞན་དབང”ནས”རང་དབང”གི་གནས་སུ་བརྒལ། འོས་བསྡུ་ནི་སྤྱི་དམངས་ཀྱི་རང་དབང་མོས་མཐུན་གྱི་མཚོན་ཚུལ་ཞིག་ཡིན་ཞིང་། དྲག་ཤུགས་དེ་སྤྱི་བའི་ལས་སྒོའི་ནང་ནས་འཕུད་པ་ནི་མིའི་རིགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དཔལ་ཡོན་ངོ་བོ་མངོན་དུ་གྱུར།