སྤྱིར་གྲངས་ཉུང་མི་རིགས་ལ་མཚོན་ན་ཤེས་ཡོན་པ་བརྒྱད་ཅུར་ཡོད་ཅིང་དུས་གཅིག་ལ་ལྷན་དུ་འཛོམས་ཐུབ་པ་བསམ་བློ་གཏོང་དགོས་ས་ཤིག་རེད། ཐེངས་འདིའི་གྲོས་ཚོགས་སྟེང་ན་ཡོད་པའི་མི་སྣ་བརྒྱད་ཅུ་ཆ་ཚང་བ་ཤེས་ཡོན་པ་ཡིན་ན་བོད་མི་རིགས་ནི་ཇི་འདྲའི་ཤེས་ཡོན་པའི་མི་སྣ་མང་ཞིང་ཤེས་ཡོན་པའི་ཀུན་སྤྱོད་ས་ཁྱབ་རྡོ་ཁྱབ་ཏུ་མ་བྱུང་བ་ཞིག་རེད་ཨང་བསམ་པ་རེ་སྐྱེས་མི་ཡོང་ངམ།

མི་རིགས་ཤིག་ལ་མཚོན་ན་ཤེས་ཡོན་པ་ཇི་ཙམ་མང་ན་མི་རིགས་དེ་ཙམ་གྱི་འཐོར་འདེགས་འགྲོ་བ་ཆོས་ཉིད་ཅིག་ཡིན། དེ་ནི་རྒྱུ་མཚན་གཉིས་སུ་གྲུབ་སྟེ། དང་པོ་ནི་ཤེས་ཡོན་པའི་སློབ་གསོས་མི་དམངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། གཉིས་པ་ནི་ཤེས་ཡོན་པའི་ཀུན་སྤྱོད་ཀྱི་མི་དམངས་ལ་བཟང་ཆ་ཆེན་པོ་ཐོབ་སྲིད་པ་ཡོངས་སུ་གྲགས་ཡོད། འོན་ཏེ་རང་རེ་དག་ལ་མཚོན་ན་ཤེས་ཡོན་པ་བརྒྱད་ཅུའི་ཀུན་སྤྱོད་དང་སློབ་གསོ་དག་བོད་ཡུལ་ཆོལ་ཁ་གསུམ་ན་ཇི་ཙམ་ཁྱབ་ཡོད་མེད་ང་ཚོའི་མིག་འདུན་དུ་གསལ་པོར་མངོན་དུ་ཡོད།

ངས་ཐོག་མར་ཤེས་ཡོན་པ་བརྒྱད་ཅུ་ལྷན་དུ་འཛོམས་འདུག་ཅེས་ཐོས་པ་ནས་པར་མང་དུ་བཙལ་ཏེ་བོད་ཀྱི་ཤེས་ཡོན་པའི་ཁྲོད་ན་ཅིས་ཀྱང་བགྲང་འོས་པའི་མི་སྣ་དག་མི་སྒེར་གྱི་བསམ་ཚུལ་ལྟར་འདེམས་དུས་ཡིད་ཕངས་པ་ཞིག་ལ་བོད་ཀྱི་སློབ་གསོའི་ཤུགས་རྐྱེན་སྤྱི་ཚོགས་སུ་དར་ཁྱབ་ཆེན་པོ་གཏོང་མྱོང་མཁན་གྱི་སློབ་གསོ་བ་གཉིས་ལར་ནས་མི་འདུག དེ་ཡིན་ཡང་སྲིད་དེ། སྐུ་ཞབས་བདུད་ལྷ་རྒྱལ་དང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གཉིས་ནི་མི་རིགས་ཤིག་དང་མི་རིགས་ཤིག་གི་སློབ་གསོའི་ཆེད་མི་ཚེའི་ཉིན་དང་སྐར་ཆ་དག་ཀྱང་དཔེ་ཀློག་དང་དཔེ་ཁྲིད། སློབ་མའི་དཔལ་འབྱོར་ལ་དཀའ་ཚེགས་སེལ་ཆེད་ཚོང་ལས་དང་། སློབ་མ་བདག་སྐྱོང་དང་སློབ་གསོ་དར་སྤེལ་གྱི་ཆོག་མཆན་ཐོབ་ཕྱིར་འཚོགས་འདུ་མང་དུ་ཚོགས་ཤིང་ཁོང་གཉིས་ནི་མི་སྒེར་གྱི་དཀའ་སྡུག་གི་རྔུལ་ཆུ་མང་དུ་བཞུར་ནས་མི་རིགས་ཤིག་ལ་བསམ་ཤེས་པ་ལས་མི་སྒེར་གྱི་མཚན་སྙན་དར་ཁྱབ་གཏོང་ཤེས་པའི་མི་སྣ་ལར་ནས་མ་རེད།

ཁོང་གཉིས་ནི་མི་རིགས་ཀྱི་ཆེད་དུ་«སྒལ་ཚིག»གི་སྐད་ཆ་བཤད་པ་ལས་དེང་དུས་སུ་སྤང་ལ་མེ་ཤོར་བ་ལྟ་བུའི་གྲོས་ཚོགས་ཉག་ཉོག་འགའ་རེའི་སྟེང་དུ་འགྲེང་འདོད་ལར་ནས་ཡོད་མི་སྲིད། རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལྟ་བུར་བསམ་བློ་གཏོང་ན་མི་ཚེའི་བརྒྱུད་རིམ་ན་དཀའ་སྡུག་ཁྲི་འབུམ་དང་འཕྲད་ཀྱང་མི་རིགས་ཀྱི་འདུ་ཤེས་མ་བོར་བའི་ཐོག་ནས་སྐད་དང་རིག་གཞུང་རྐྱང་པར་འབད་འབུངས་བྱས་ཏེ་མི་ཚེ་གང་བོར་དཀའ་ཚེགས་ཁོ་ནར་གདོང་གཏད་དེ་ལངས་བ་ནི་དངོས་གནས་བློ་ཡུལ་དུ་མི་ཤོང་བའི་དཀའ་ཚེགས་དང་དུ་བླངས་སྟངས་ཤིག་རེད། འདི་ལྟར་ཤེས་ཡོན་པ་འགའ་རེ་གླེང་སྟེགས་མཐོ་སར་འགྲེང་དུས་ཁྱེད་ནི་སློབ་བུ་ཚོའི་དཔལ་འབྱོར་ཆེད་འཇམ་ཅག་གེར་གང་ན་ཡོད་དམ། ཁྱེད་ཀྱི་དཀའ་སྡུག་གི་རྔུལ་ཆུ་རེ་ནི་ང་ཅག་མ་འོངས་པའི་ཕུག་བསམ་ཡིན་སྲིད་པས་ངས་བཀའ་དྲིན་དང་སྐུ་དྲིན་ཞུ་འོས། ཁྱེད་ཀྱི་དཔའ་སྤོབས་དང་སྙིང་སྟོབས་ལས་སྐྱེས་པའི་མི་རིགས་ཀྱི་སློབ་གསོ་ནི་ང་ཚོའི་སེམས་ཤུགས་ལ་བསྐྱར་དུ་དབུགས་རྔུབ་གཅིག་བྱིན་པ་དང་མཚུངས་པས་ཐུགས་རྗེ་ཆེ།

གངས་ཀྱི་རི་རྩེར་ཉི་མ་ཤར་བ་ལྟ་བུའི་སློབ་གསོ་བ། ཁྱེད་ནི་དུས་རབས་ཉེར་གཅིག་པའི་ལམ་ཁར་འཛུབ་ཁྲིད་གནང་མཁན་དེ་ཡིན། དེ་བཞིན་སྐུ་ཞབས་བདུད་ལྷ་རྒྱལ་ལྟ་བུར་བསམ་བློ་གཏོང་ན་བོད་ཀྱི་སློབ་ཆེན་པའི་དགེ་རྒན་གྱི་འགན་ཞེས་བྱས་ཏེ་བགྲང་བྱ་ག་ཙམ་སོང་ཡོད། སློབ་ཆེན་པའི་དགེ་རྒན་གྱི་འགན་བཞེས་པ་ནས་བཟུང་ད་དབར་བོད་ཀྱི་སློབ་ཆེན་པའི་སེམས་སུ་བག་ཆགས་ག་ཙམ་འཇོག་ཡོད། དགེ་རྒན་གྱི་འགན་བཞེས་པའི་དུས་དེ་ནས་ད་དབར་སློབ་མའི་གྲངས་ཀ་ག་ཚོད་ལ་བདག་སྐྱོང་དང་འཛུབ་ཁྲིད་བྱས་ཡོད།

ཨོ་རེད། མཐོ་སར་བལྟས་ན་འདི་དག་གལ་མི་ཆེ་སྟེ། འཛམ་གླིང་ཧྲིལ་ཧྲིལ་འདིའི་གཞོན་ནུ་ཚོའི་རིག་གནས་ཀྱི་མ་རྩ་ལྟ་བུ་སྙན་ངག་གི་འཆད་ཁྲིད་རེ་རེ་དང་དཔྱད་བརྗོད་རེ་རེ་ནི་ང་ཅག་ལ་གོམས་པ་ཞིག་སྤོ་ཆོག་པའི་ཡིད་ཆེས་བྱུང་དུ་བཅུག་པས་ངོ་མ་བསམ་ན་ཅི་འདྲའི་སྙིང་དུ་སྡུག་པ་ཞིག་ཨང་། འདི་དག་བསམ་དུས་ངོ་མ་ཡིད་སྨོན་ཆོར་ས་ཤིག་རེད། ངས་ནམ་ཞར་འདི་འདྲ་བར་དྲན་མྱོང་སྟེ། བོད་ཀྱི་ཤེས་ཡོན་པའི་ཚད་ནི་སྤྱི་ཚོགས་སུ་ཕན་ཐོགས་ཆེ་མིན་ལ་ལྟ་དགོས་པར་འདོད། དེ་བས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་བདུད་ལྷ་རྒྱལ་གཉིས་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ནས་འབྲུ་ཙམ་མ་ནུས་པའི་མི་འགའ་རེ་གླེང་སྟེགས་སུ་འགྲེང་སྟེ་རྫིག་རྫིག་གི་སྐད་ཆ་ལབ་པ་ནི་ངོ་མ་སྐྱུག་ལོག་ས་ཤིག་རེད།