ཐོག་མའི་གནས་ཚུལ།

འོས་བབས་ཀྱི་གསབ་སྦྱོང་གི་གོ་སྐབས་སྤྲོད་པ་ནི་དགེ་རྒན་ཞིག་ལ་མཚོན་ན་རང་རང་གི་ཤེས་ནུས་མཐོར་འདེགས་གཏང་བ་དང་སློབ་མ་རྣམས་ལ་མགོ་བསྐོར་མི་དགོས་པའི་ཐབས་དམ་པ་ཞིག་ལགས་ན་ཧ་ཅང་གལ་ཆེན་དུ་འདོད། དེ་འདྲའི་ལས་དོན་ལ་བཀོད་སྒྲིག་བྱེད་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱང་སློབ་གསོའི་ལས་དོན་ལ་ཁ་ཙམ་མིན་པར་དོན་གྱིས་དགའ་མཁན་གྱི་གྲས་སུ་གཏོགས།
2017ལོའི་སྤྱི་ཟླ་ལྔ་བའི་ཚེས་མགོ་ཙམ་ནས་ངོ་ཤེས་པའི་མི་རེ་འགའི་སྐད་འཕྲིན་གྱི་བར་སྟོང་དུ་གསབ་སྦྱོང་གི་བརྡ་ཡིག་ཅིག་འགྲེམས་ཀྱིན་པ་མཐོང་ཞིང་བཀླགས་ན། ད་ལོའི་དབྱར་གནང་སྐབས་རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་བཀོད་སྒྲིག་བྱས་པའི་གསབ་སྦྱོང་ཞིག་ཡོད་ཚུལ་དང་། གདན་ཞུའི་དགེ་རྒན་འགའང་ཡོད་ཚུལ། གཙོ་བོར་བརྡ་སྤྲོད་རིག་པའི་མཁས་དབང་རྒན་ཨ་ཁུ་བདེ་མཆོག་ཚང་གིས་༼སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་༽གི་འཁྲིད་གནང་རྒྱུ་ཡིན་པས་རང་ཁུལ་གྱི་བོད་ཡིག་དགེ་རྒན་སོ་སོས་དཔེ་ཆ་དེ་ལ་བལྟ་དགོས་ཤིང་དཀའ་གནད་དང་མི་ཤེས་པ་དག་སྐབས་དེར་རྒན་ལ་དྲི་་ཆོག་པའི་རེ་བ་ཞིག་ཀྱང་བཏོན་འདུག བརྡ་ཡིག་དེར་དབྱར་གནང་གི་དུས་ཚོད་ནམ་ཞིག་ལ་ཡུལ་གང་ནས་འཚོག་པའི་གནས་ཚུལ་མི་གསལ་བས་བདེན་མིན་ཆ་མ་འཚལ་ཀྱང་། དེ་ནས་བཟུང་ཕྲན་གྱིས་༼སི་ཏུའི་ཞལ་ལུང་༽ཡང་བསྐྱར་བམ་ཀློག་ཙམ་བྱས་ཤིང་གནའ་མཁར་ཟི་ལིང་དུ་ཨ་ཁུ་བདེ་མཆོག་གིས་སྔར་ཁྲིད་པའི་འོད་སྡེར་ཞིག་ཡོད་པའི་གནས་ཚུལ་ཡང་སྔ་མོ་ནས་དྲྭ་ལམ་དུ་བསྒྲགས་ཕྱིར། ཟི་ལིང་གི་དཔེ་ཁང་འགའ་ལ་འབྲེལ་བ་བྱས་པ་ཡིན། སྐབས་དེར་ཤེས་རབ་སྒྲོན་མེ་(慧灯书屋)དཔེ་ཁང་གི་ཚོང་བདག་མས་འོད་སྡེར་དེ་ཡོད་མོད། ད་ལོ་སི་ཁྲོན་གྱི་ས་ཆ་ཞིག་ཏུ་རྒན་ཁོང་སློབ་ཁྲིད་དུ་ཕེབས་དགོས་ན་འོད་སྡེར་དེ་ཕྱོགས་སུ་མ་བཙོང་ཞེས་བཤད་སོང་ཟེར། ༼ང་ལ་བཙོང་བཞག་པས་སུས་བཤད་མ་དྲིས།༽གང་ལྟར་སྐད་ཆ་དེ་ལས་གསབ་སྦྱོང་གི་གནས་ཚུལ་བདེན་པར་སྣང་བ་ཧ་གོ་སོང་།

དབྱར་གནང་མ་བཏང་བའི་གོང་ནས་འཚོག་སའི་ཡུལ་དང་དུས་གསལ་བོར་བསྒྲགས་ཤིང་སློབ་གྲྭ་སོ་སོས་ཚོགས་ཞུགས་དགེ་རྒན་དག་གི་མིང་ཐོའང་བསྡུས། ངེད་སློབ་གྲྭས་བོད་ཡིག་དགེ་རྒན་རྣམས་ལ་འཁྲིད་གཞིའི་དེབ་རེ་བྱིན་ཏེ་གྲ་སྒྲིག་བྱ་དགོས་པའི་རེ་སྐུལ་ཡང་གནང་།

2017ལོའི་ཟླ་07པའི་ཚེས་14ཉིན་མཛོད་དགེ་རྫོང་ནས་མིང་ཐོ་བཀོད་ཅིང་གསབ་སྦྱོང་ལག་དེབ་དང་ཚོགས་ཞུགས་དཔང་ཡིག་སོགས་བླངས་པ་ཡིན། ཕྱི་ཉིན་ཞོགས་ཀ་དུས་ཚོད་བརྒྱད་པ་ཙམ་དུ་ཟ་ཁང་དང་མགྲོན་ཁང་། ཚོགས་ཁང་ལྷན་དུ་ཡོད་སའི་ཁང་ཆེན་ཞིག་ཏུ་འགྲོ་སྐབས་རྫོང་ཁག་བཅུ་གཅིག་གི་དགེ་རྒན་མང་ཤོས་སྔ་མོ་ནས་ཐོན་ཏེ་འདུག་སའང་དཀའ་བའི་ཚོད་དུ་སྣང་། ༼རྫོང་ཁག་བཅུ་གཅིག་ནི། རྔ་བ། ཁྱུང་མཆུ། མཛོད་དགེ། ཟུང་ཆུ། གཟི་ཚ་སྡེ་དགུ། རྒྱལ་ཁ་བཀྲ་ཤིས་གླིང་། ཁྲི་ཚང་། ཆུ་ཆེན། བཙན་ལྷ། འབར་ཁམས། ཛམ་ཐང་།བཅས་སོ།། ༽དུས་ཚོད་དགུ་བར་ད་ཐེངས་ཀྱི་གསབ་སྦྱོང་འགོ་རྩོམ་པའི་མཛད་སྒོ་འཚོགས་ཤིང་། རྔ་བ་ཁུལ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་སྐུ་ཞབས་འཇམ་དབྱངས་བཀྲ་ཤིས་ཀྱིས་རྔ་ཁུལ་གྱི་སློབ་གསོའི་འཕེལ་རིམ་དང་འབྲེལ་ཏེ་གཏམ་བཤད་གནང་ཞིང་ཞིང་ལྗོངས་ལྔའི་བསླབ་གཞི་རྩོམ་སྒྲིག་ཁང་གི་སྐུ་ཞབས་ཕག་མོ་དོན་གྲུབ་ཀྱིས་ད་ཐེངས་ཀྱི་གསབ་སྦྱོང་འདི་ནི་རིམ་པ་མཐོ་ཤོས་ཀྱི་གསབ་སྦྱོང་ཞིག་ཡིན་ཚུལ་སོགས་གཏམ་བཤད་གནང་སྟེ་དུས་ཚོད་དགུ་དང་ཕྱེད་དུ་སློབ་ཐུན་དངོས་གཞིར་ཞུགས།

2017ལོའི་ཟླ་བདུན་པར་རྔ་བ་ཁུལ་གྱི་སྐད་ཡིག་དགེ་རྒན་གྱི་གསབ་སྦྱོང་འཛིན་གྲྭར་ཞུགས་པའི་མྱོང་ཚོར། (2)

 

དགའ་སྤྲོ་དང་བློ་སྐྱེད།

སྤྱི་ཟླ་07པའི་ཚེས་15ཉིན་གྱི་ཞོགས་ཀའི་དུས་ཚོད་09:30ནས་རྒན་ཨ་ཁུ་བདེ་མཆོག་ཚང་གིས་༼སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་༽གི་འཁྲིད་དངོས་སུ་གནང་ཞིང་། ཕྲན་རང་ལའང་རྒན་ཁོང་གི་གསུང་ལ་དངོས་སུ་ཉན་པའི་སྐལ་བ་ཐོག་མར་ལྡན།

“དཀའ་མོ་སླ་བར་འཆད་ལ་ཨ་ཁུ་བདེ་མཆོག་མཁས་”ཟེར་བ་དང་“བརྡ་སྤྲོད་ཀྱི་ཨ་ཕ་”ཞེས་པའི་མཚན་སྙན་སོགས་ནི་སྔ་མོ་ནས་གོ་མྱོང་ཡོད་པའམ། མཚོ་སྔོན་བརྙན་འཕྲིན་ཁང་གི་འཆད་ཁྲིད་མུན་སེལ་སྒྲོན་མེ་ལས་ཁོང་གི་འཆད་ཁྲིད་ཁ་ཤས་ལ་བལྟས་ཤིང་མཉན་མྱོང་བའམ། དེ་སྔོན་བཀྲམ་པའི་ཁོང་གི་༼སི་ཏུའི་ཞལ་ལུང་༽གི་འོད་སྡེར་ལས་ཁ་ཤས་ལ་ལྟ་ཉན་བྱེད་མྱོང་བ་སོགས་ཀྱིས་རྒན་ཁོང་ཉིད་མཐོང་མ་ཐག་ནས་ཆ་ཡོད་པའི་སྣང་བ་སྟེར་ཞིང་། ལྷག་པར་དུ་མཁས་པ་རྒན་པའི་ངག་གི་ལེགས་བཤད་ཀྱི་བདུད་རྩི་མྱོང་བའི་གོ་སྐབས་བྱུང་བ་ནི་རང་རང་གི་བསོད་ནམས་ཡིན་སྙམ་པ་སོགས་ཀྱིས་དགའ་སྤྲོ་རབ་ཏུ་སྐྱེས།

རྒན་ཁོང་གིས་ཉིན་དྲུག་གི་རིང་ལ་༼སུམ་རྟགས་རྩ་འགྲེལ་སི་ཏུའི་ཞལ་ལུང་༽གི་མགོ་མཚམས་སྦྱོར་ནས་མཇུག་པར་བྱང་སྨོན་ཚིག་གི་བར་དུ་ཐིག་ཕྲེང་དགུ་མ་གཏོགས་༼གསབ་སྦྱོང་ལག་དེབ་ངོས་ཀྱི་ཐིག་ཕྲེང་ལ་གོ་དགོས། དེ་ནི་ཁྲིད་ཀྱི་མཚམས་ང་ཚོས་ཞུ་ནོར་བྱས་པས་སོ།།༽འབྲུ་གཅིག་ཀྱང་མ་ལུས་པར་བཤད་ལུང་གནང་ཞིང་། རྩ་ཚིག་གི་འགྲེལ་ནི་སླ་སར་རགས་ཙམ་དང་དཀའ་སར་རྒྱས་པས་འགྲེལ་ཏེ་ངོ་སྤྲད་དོ།།

བསྟན་བཅོས་ཀྱི་མཛད་པ་པོའི་ཆེ་བ་བརྗོད་པའི་སྐབས་སུ་འཁྲུངས་འདས་ཀྱི་ལོ་ཚིགས་ཙམ་མ་ཡིན་པར་ཁོང་གིས་ཐོས་བསམ་ཇི་ལྟར་མཛད་ཚུལ་ལམ་མི་གཤིས་ལ་ཇི་ལྟར་ཐུགས་མཉམ་བཞག་ཚུལ་སོགས་གཙོར་བཟུང་ནས་འཆད་དེ། དཔེར་ན། དངུལ་ཆུ་དྷརྨབྷདྲ་མཆོག་གིས་ར་རྫི་བྱེད་ཞོར་དུ་རྡོ་དང་གཡའ་མ་ངོས་སྙོམས་ཀྱི་ངོས་སུ་མཛུབ་མོས་ཡི་གེ་བྲིས་ཏེ་ཕྱག་མཛུབ་དྲལ་བའི་ལོ་རྒྱུས་དང་དགུང་ལོ་སོ་བདུན་ནས་མོ་མ་བཏབ་ཅིང་དགུང་ལོ་རེ་གཉིས་ཀྱི་བར་དུ་ཞབས་ཕྱི་བ་དང་བཞོན་རྟ་གཅིག་ཀྱང་མ་ཁྲིད་པ་སོགས་སྙིང་ཕུར་གདབ་པའི་ཞལ་གསུང་གནང་བ།

སློབ་ཁྲིད་བྱེད་ཐབས་ཀྱང་རང་སྣང་གང་ཤར་ལྟ་བུ་མ་ཡིན་པར་གཞུང་གི་དགོངས་པར་བབས་ཚོད་དང་རང་གི་ཤེས་ཚོད། སློབ་མའི་བློ་ཚོད་སོགས་ཀྱི་དབྱེ་བར་གཞིགས་ཏེ་སློབ་མ་རྣམས་ལ་གང་ཕན་པ་དེ་ཉིད་བདམས་དགོས་པའི་བསླབ་བྱ།

དཀའ་གནས་སླ་བར་འཆད་པས་གོ་བདེ་བ་ལ། དཔེར་ན། ༡ སླར་བསྡུ་ནི་བཤད་བྱའི་སྐད་ཆ་ལ་གོ་དགོས་པ་དང་ཟླ་སྡུད་ནི་སྡུད་བྱེད་ཀྱི་ཕྲད་ལ་གོ་དགོས་གསུངས་པ་ལྟ་བུའམ། ༢ ཡུལ་ལའང་སུམ་ཅུ་བའི་སྐབས་དང་རྟགས་འཇུག་གི་སྐབས་མི་འདྲ་བ་སྟེ། སུམ་ཅུ་བའི་སྐབས་ཀྱི་ཡུལ་ཡིན་ན་ཁྱོད་ལ་ཕྲད་ཐོབ་པས་ཁྱབ། རྟགས་འཇུག་གི་སྐབས་ཀྱི་ཡུལ་ཡིན་ན་ཁྱོད་ལ་ཕྲད་མི་ཐོབ་པས་ཁྱབ་ལྟ་བུར་ཁྱབ་མཐའ་བཅད་པ། ༣ ཁྱད་གཞི་དང་ཁྱད་ཆོས་གཉིས་ཀྱི་རྫས་རྒྱུན་གཅིག་ན་བདག་ཉིད་གཅིག་ཡིན་པ་ལས་དེ་མིན་ན་རྒྱུ་དང་འབྲས་བུའི་འབྲེལ་བ་ཡིན་ཞེས་གསུང་པ། ༤ ལྷག་བཅས་དང་དེ་སྒྲ་ལྷག་བཅས་ལ་འཇུག་པ་གཉིས་ཀྱི་ཁྱད་པར་ནི་གཅིག་ཕྲད་དབང་ཅན་ཡིན་མིན། གཉིས་ཡ་མཐའ་དང་མ་མཐའི་ཁྱད། གསུམ། ལྷག་བཅས་ཀྱི་དེ་ནི་བསྟན་བྱ་ལྷག་མ་ཡོད་མེད་དང་དེ་སྒྲ་ལྷག་བཅས་ལ་འཇུག་ཚུལ་བར་མ་ཆོད་པའི་དོན་ཏེ། དེ་ནས་ལྟ་བུའོ།། ཞེས་སོགས་སོ།།

ཚིག་གི་སྣ་ཐུང་ཞིང་དོན་གྱི་ཆོད་ཆེ་བ་ནི་རང་རེ་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་ཁྱད་ཆོས་ཐུན་མོང་བ་ཞིག་ཡིན་ལ་ཕྱི་རབས་མཁས་པའི་གསུང་ལས་མཐོང་དཀོན་པའི་ཁྱད་ཆོས་ཕུན་ཚོགས་ཤིག་ཀྱང་རེད་འདོད། དེས་ན་རྒན་བདེ་མཆོག་ཚང་གིས་འཆད་ཚུལ་ནི་མཁས་པ་སྔ་མའི་གསུང་འགྲོས་དང་མཐུན་པས་སློབ་མ་དག་གིས་ཡིད་ལ་འཛིན་བདེ་བའི་ཁྱད་ཆོས་ནི་མངོན་པར་གསལ། དཔེར་ན། ང་རོའི་འབྱིན་པ་མི་གསལ་བའི་ཡི་གེ་ལ་དབྱངས་ཟེར་ལྟ་བུའོ།།

རྣམ་གྲངས་ཀྱི་དབྱེ་བ་གསལ་བས་རེག་ཟིན་འགོད་བདེ་བ་ལ། གཅིག འདུ་ཤེས་འཛིན་ཚུལ་ལ་དབྱེ་ན། ༡ ཡིན་པ་ཡིན་པར་འཛིན་པ། ༢ ཡིན་པ་མིན་པར་འཛིན་པ། ༣ མིན་པ་ཡིན་པར་འཛིན་པ། ༣ མིན་པ་མིན་པར་འཛིན་པ། ལྟ་བུ། གཉིས། ལས་ལ། རྩོལ་བྲལ་གྱི་ལས་ཀ་ནི་བྱ་ལས་དང་རྩོལ་ལྡན་གྱི་ལས་ཀ་ནི་བྱེད་ལས་སོ།། ལྟ་བུའོ།།

མཁས་པའི་དགོངས་དོན་ལ་དཔྱད་པ་ཟབ་པས་ལུང་དོན་འཇོག་སྟངས་ལ་མཁས་པ། དཔེར་ན། ༡ རྟག་ཏུ་བརྩོན་ཞེས་པའི་དཔེ་བརྗོད་ལ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་རང་བཞིན་ལ་དགོངས་ནས་དེ་ཉིད་དུ་བཞེད་པ་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་དུས་ལ་དགོངས་ཏེ་ཚེ་སྐབས་ལ་བཞེད་པ། ཚེ་ཏན་ཞབས་དྲུང་གིས་བརྩོན་བྱ་ལ་དམིགས་ནས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་བཞེད་ཚུལ། ༢ དཔེ་རྙིང་དུ་ཕྲད་ཉིས་རྩེག་ཅན་བྱུང་ཞིང་དེ་བྱུང་བའི་རྒྱུ་མཚན་སོགས་མཛུབ་མོ་རི་སྟོན་མཛད་པ།

དཔེ་ཆ་གོ་མ་མྱོང་བ་མང་དུ་མཚམས་སྦྱར་བས་དཔེ་ཆ་འཚོལ་བདེ་བར་མཛད་པ། དཔེར་ན། དེ་སྒྲ་ལྷག་བཅས་ལ་འཇུག་ཚུལ་གྱི་དཔྱད་བརྗོད་མ་འདྲ་བ་གནང་མཁན་དང་སུམ་ཅུ་བའི་འགྱུར་ཕྱག་ལེགས་སྦྱར་གྱི་སྐད་དུ་གསུང་བར་བཞེད་མཁན་ནི་འབྲས་སྤུངས་སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན་ཡིན་པས་ཁོང་གི་གསུང་རྩོམ་ལ་ལྟོས་ཞེས་བསྐུལ་བ་སོགས་མདོར་ན་རྒན་ཁོང་གི་ཁྱད་ཆོས་འདི་དག་ལས་ཕྲན་ལ་བློ་སྐྱེད་ཆེན་པོ་ཐོབ་པས་ཕྱིས་སུའང་རྒན་ལགས་ཀྱིས་སློབ་ཁྲིད་ལ་ཉན་པའི་སྐལ་བ་ཡང་ཡང་ལྡན་པར་ཤོག་ཅེས་སྨོན་ལམ་སྙིང་ནས་བཏབ་པ་ལགས།