( རྣམ་ཐར་རྩོམ་པ་པོ་དགེ་སློང་ལྡིང་པོ་བ་ནི། ཁོང་གི་འཁྲུངས་འདས་ལོ་ཚིགས་གཏན་འཁེལ་དང་གཙོ་ཆེའི་མཛད་རྣམ་དག་ནི་ལོ་ཡུན་རིང་བ་དང་སྔོན་གྱི་སྐྱེས་བུ་ཆོས་སྒྲུབ་པ་གཙོ་བོར་མཛད་པ་བྱིངས་ལྟར་སྦས་པའི་ངང་ཚུལ་དུ་བཞུགས་པའི་རྐྱེན་གྱིས་ཁ་གསལ་དུ་མ་ངེས་མོད། འཁྲུངས་ཡུལ་ནི་ད་ལྟའི་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ལྡིང་པོ་ཤང་ནས་ཡིན་པར་གྲགས་ལ། ཀཿདམ་པ་རིན་པོ་ཆེའི་དངོས་སློབ་ལས་གཙོ་གྲས་ཤིག་ཡིན་པ་ནི་རྣམ་ཐར་གཞུང་ལས་ཤེས། ཀཿདམ་པ་རིན་པོ་ཆེས་ཁོང་ཉིད་དགུང་གྲངས་སོ་བརྒྱད་པ་ཕྱི་ལོ་༡༡༥༩ལོར་ཀཿཐོག་དགོན་པ་ཐོག་མར་ཕྱག་བཏབ་ནས་གཙུག་ལག་ཁང་བཞེངས་པར་རྩོམ་སྐབས་ཡུལ་བདག་རྡོ་གཉན་གྱིས་བར་ཆད་བརྩམ་ཞིང་ཐ་མར་ཕ་ཝང་ལ་ཐིམ་པར་ཁོང་གིས་ཕ་ཝང་དེ་སྣ་ཕུག་སྟེ་“ཕ་ཝཾ་གཅིག་རྡོ་རྗེ་རྒྱལ་མཚན་གྱིས་ཁྲིད། གཅིག་ལྡིང་པོས་ཁྲིད་གསུངས”ཞེས་ཁྲིད་བཅུག་ནས་ཁོང་གིས་ལུང་མདོ་བར་དུ་དེད་པ་ལོ་རྒྱུས་སུ་གསལ་བ་དང་། ཕྱི་ལོ་༡༡༩༢ལོར་དམ་པ་རིན་པོ་སྐུ་འདས་པའི་རྗེས་ནའང་བཞུགས་པར་ཤེས་པས་ཁོང་ནི་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པ་ཞིག་ཡིན་པར་ངེས་པ་ཙམ་མོ།།  གོ་ཐེ་གེས། )

༈ ན་མོ་གུ་རུ་པྲཛྙཱ་སེངྷ་ཡ། བདེ་ཆེན་མཉམ་ཉིད་སྟོང་པའི་དབྱིངས་སུ་དགྱེས་རོལ་ཞིང་།། དཔལ་ལྡན་ཟུང་འཇུག་ཨེ་ཝཾ་གཉིས་མེད་ཁ་སྦྱོར་སྐུ། །རྡོ་རྗེ་འཆང་དབང་བླ་མའི་ཞབས་པད་ཉེར་བཏུད་ནས། །དེ་ཡི་རྣམ་ཐར་བསྡུས་པ་འདིར་བརྗོད་དད་ལྡན་ཚོགས། །དེ་ལ་འདྲེན་པ་ཆོས་ཀྱི་རྗེ། ཆོས་ཀྱི་བདག་ཉིད། ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ཀཿཐོག་པ་ཆེན་པོ་དམ་པ་བདེ་བར་གཤེགས་པ་བླ་མ་ཆེན་པོ་སྤོབས་པ་མཐའ་ཡས་ཤཱཀྱའི་དགེ་སློང་ཤེས་རབ་སེང་གེ་ཞེས་མཚན་གྱི་རྣམ་གྲངས་སུ་གྲགས་པ་མཁས་པ་དགེ་བའི་བཤེས་གཉེན་ཆོས་སྨྲ་བ། གྲུབ་པའི་དབང་ཕྱུག་སྔགས་ལམ་གྱིས་མཐོང་ལམ་ས་ཆེན་པོ་རབ་ཏུ་དགའ་བ་མངོན་དུ་བྱས་པ། རྗེ་བཙུན་འཇམ་པའི་དབྱངས་དང་འདུ་འབྲལ་མེད་པ། ཐུབ་པའི་ཞལ་སྐྱིན་སྐུ་ཚེ་འདི་ལ་ལུང་བསྟན་ཐོབ་ཅིང་ས་བརྒྱད་པའི་མངོན་རྟོགས་བརྙེས་པར་གྱུར་པ་སྟེ། སེམས་སྡེ་འཕགས་པའི་ལམ་བཀོད་པ་རྨད་བྱུང་འཁོར་བ་དོང་སྤྲུགས་ལས། མ་འོངས་ཁ་བ་ཅན་ལྗོངས་སུ། །དུས་ཀྱི་སྙིགས་མ་བདོ་བ་ན། །དགེ་སློང་དམ་ལྡན་ཤེས་རབ་ཅན། །ཞེས་ལུང་བསྟན་པ་གང་དེའི་རྣམ་པར་ཐར་པ་མདོར་བསྡུས་སུ་བརྗོད་པར་བྱ་ན། འདས་པ་དང་། ད་ལྟ་བ་དང་། མ་འོངས་པའི་དུས་སོ། །དང་པོ་ཅུང་ཟད་འཆད་ན་སྔོན་བསྐལ་པ་དཔག་ཏུ་མེད་པ་གཅིག་གི་དུས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འདས་པའི་ཕ་རོལ་ན་དགེ་སློང་དུ་འཁྲུངས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད། ཡང་ལྷོ་འཛམ་གླིང་དང་། ནུབ་བ་ལང་སྤྱོད་ཀྱི་བར་དུ་གླིང་ཕྲན་གཅིག་ན། སེམས་ཅན་གྱི་དོན་དུ་སྐུ་འཁྲུངས། དེ་སྐབས་བླ་མ་རིན་པོ་ཆེ་རྣལ་འབྱོར་གྱི་དབང་ཕྱུག་བྱ་བར་གྲགས། ཡུལ་ཁམས་ཀྱི་མི་དང་སྐྱེ་འགྲོ་ཀུན་ཆོས་ལ་སྤྱོད་པ། སྡོམ་པ་དང་ཚུལ་ཁྲིམས་སྲུང་བ་དང་། ཡུལ་ཕྱོགས་ཀྱི་མི་ཀུན་དགེ་བ་ལ་འགོད་ནས་ཁྲི་ཕྲག་བཅོ་བརྒྱད་ཕྱིར་མི་ལྡོག་པའི་མཆོག་ཐོབ། ཡང་འཕགས་ཡུལ་ནུབ་ཕྱོགས་སུ། རྣལ་འབྱོར་མུ་ཏིག་རྒྱན་ཅེས་རིག་པ་མངོན་གྱུར་གྱི་རིགས་སུ་གྱུར་པས་ཐེག་པ་བླ་མེད་ཀྱི་དགོངས་པས་འབུམ་ཕྲག་བཅུ་གསུམ་གྱི་དོན་མཛད། དེ་ནས་ནུབ་བ་ལང་སྤྱོད་དུ་བྲམ་ཟེའི་རིགས་སུ་འཁྲུངས། ཁྲི་ཕྲག་བཅུ་གཉིས་ཐར་པའི་ལམ་ལ་བཀོད། དེ་རྗེས་འཕགས་ཡུལ་ཤར་ཕྱོགས་ལི་ཁར་ཤིང་འཕེལ་དུ་གྲགས་པར་རྒྱལ་པོ་ཟླ་བ་གཞོན་ནུ་བྱ་བར་གྲགས། དེ་ཡི་དུས་སུ་བླ་མ་དྭགས་པོ་ལྷ་རྗེ་རིན་པོ་ཆེ་སངས་རྒྱས་ཡེ་ཤེས་བྱ་བར་གྲགས། སེམས་ཅན་དཔག་མེད་སྨིན་ཅིང་གྲོལ་བར་མཛད། དེ་ནས་སངས་རྒྱས་འོད་སྲུངས་ཀྱི་དུས་སུ་རྒྱལ་པོ་ཀྲྀ་ཀྲྀའི་སྲས་མོར་གྱུར་པ་ནི་གཞན་དུ་གསལ། དེ་དག་ཀྱང་ཚད་མེད་པའི་གསང་བ་ཁོ་ན་སྟེ་སློབ་དཔོན་དཔའ་བོས། གང་ཞིག་ཁྱོད་ནི་ཁྱོད་ཀྱིས་མཁྱེན། །གང་ཞིག་གཞན་གྱིས་མི་འཚལ་བ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་སྙིང་པོའི་ཤིང་གི་དྲུང་ནས་དཔག་ཚད་ཉིས་བརྒྱ་ལྷག་གཅིག་བརྒལ་བ། བོད་ཁ་བ་ཅན་གྱི་སྨད་མདོ་ཁམས་སྒང་དྲུག་པའི་གསུམ་པ་བུ་འབོར་སའི་ཆ་གཡས་ནས་ཆུ་བོ་ཆེན་པོ་གསེར་ལྡན་འབབས་པ། མདུན་གཡོན་སྤོས་ཆུ་ལྷོར་འབབ་པའི་ཀྲེ་ཤོད་གངས་ཀྱི་ར་བ་འབལ་མོའི་ཡུལ་དུ། ཡབ་དཔལ་གཤིན་རྗེ་གཤེད་ཀྱི་སྤྲུལ་པ་གཙང་པ་དཔལ་གྲགས་དང་། ཡུམ་གཙང་མོ་རིན་ཆེན་རྒྱན་ཅེས་བྱ་བ་རང་བཞིན་གྱི་རྣལ་འབྱོར་མ་ཞིག་ལ་གདུང་རུས་སྒ་ཡི་ནང་ཚན་ཅན་མཁས་པའི་རྒྱུད་དུ་གཏོགས་པ་ལ་སྲས་བཞི། སྲས་མོ་གཅིག་དང་ལྔ་ཡོད་པའི་ཆེ་བ་ཕག་གྲུ་རྡོ་རྗེ་རྒྱལ་པོ་ཡིན། དེ་འོག་ཆུ་ཕོ་སྟག་གི་ལོར་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་རྨི་ལམ་དུ་མེ་ཏོག་སེར་པོ་འདབ་མ་བརྒྱད་ཅུ་ཙམ་ཡོད་པ་ཁོང་དུ་སོང་བ་དང་། ལྟེ་བར་ཉི་མ་ཤར་བར་རྨིས། འཁྲུངས་པའི་ཚེ་ན་མེ་ཏོག་གསར་པ་མང་པོ་འཛུག་ཡོད་པ་དགུན་ཡིན་ཡང་གློ་བུར་དུ་སྐྱེས་ནས་ཁ་བྱེ་བ་དང་། བྱ་རོག་གིས་བསྐོར་བ་སོགས་ལྟས་དུ་མ་བྱུང་། ཡབ་ཀྱིས་དགེ་བ་འཕེལ་དུ་བཏགས། ལོ་གཉིས་གསུམ་གྱི་རིང་ལ་གར་བྱོན་དུ་འཇའི་གུར་ཕུབ་པ་དང་། བུད་མེད་གསེར་གྱི་རྒྱན་ཅན་མང་པོས་སྐོར་བ་བྱེད་པ་ཀུན་གྱིས་དངོས་སུ་མཐོང་། དགུང་ལོ་དྲུག་པར་ཡིག་ཀློག་དང་འབྲི་བ་བསླབ། སྐྱེས་ནས་ཤ་དང་ཆང་མི་གསོལ་པར་སྙིང་རྗེ་ཤིན་ཏུ་ཆེ། བླ་མ་དཔལ་འཛིན་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བླངས། བདུན་པ་དང་བརྒྱད་པར་བཟོ་ཡི་གནས་ལྷ་འབྲི་བ་དང་བཞེངས་པ་དང་། སྨན་རྒྱུད་རྒྱ་ནག་ནས་བྱུང་བ། འཕགས་པ་ཀླུའི་གསོ་བ་ཡན་ལག་བརྒྱད་པ་སོགས་དང་། སྤོར་ཐང་རྩིས་ཀྱི་གབ་རྩེ། སྨྲ་སྒོ། ཐོན་མིའི་སུམ་ཅུ་པ་དང་རྟགས་འཇུག ། སྨན་མདོ། སྐུ་གཟུགས་ཆགས་ཚད། ཚིག་རྒྱན་ཉི་ཤུ་པ། རང་བཞིན་དགེ་བཅུ་གཏན་འབེབས། འཇིག་རྟེན་ལུགས་ཀྱི་བསྟན་བཅོས། རྒྱལ་པོའི་ཁྲིམས་ཀྱི་ཡི་གེ་བཅས་ལ་ཡབ་དྲུང་ནས་སྦྱངས། འཕགས་པ་བརྒྱད་སྟོང་པ་ཐུགས་ལ་བཟུང་། ཡབ་ཀྱིས་བསྐུལ་ནས་གླིང་གི་དགོན་པ་དཔལ་གྱི་ཆོས་འཁོར་བྱ་བར་ཕོ་བྲང་གི་འགྲམ་སྐྱི་ཆུ་བུ་ལའི་དགེ་འདུན་རྒྱ་མཚོར་ (དགོན་ཆེན་པོར་ཡང་སྣང་།མཆན། ) རྗེ་ཕག་གྲུའི་དྲུང་དུ་བྱོན། དགུང་ལོ་དགུ་པར་འཆི་བ་མི་རྟག་པར་རྗེས་སུ་དྲན་ཅིང་འཁོར་བ་ལ་སྐྱོ་བ་སྐྱེས་ནས་རྗེ་བཙུན་རིན་པོ་ཆེའི་དྲུང་དུ། རྡོ་རྗེ་གཏུམ་པོའི་རྒྱུད་དང་སྒྲུབ་ཐབས་ཀྱི་བཤད་པ་དང་། བདེ་མཆོག་སྙན་བརྒྱུད་ཐུན་འཇོག་གི་སྨིན་གྲོལ་གདམས་ངག་མང་དུ་ཞུས། བསྒོམ་པས་ཐོགས་མེད་ཀྱི་ཉམས་དང་ལྡན་པར་བྱུང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྒྱས་པར་ནོས། ཡུམ་ཤེར་ཕྱིན་དང་། འདུལ་བ་ལུང་སྡེ་བཞི། རྒྱུད་མང་། མདོ་སྡེ་སོགས་པོད་དགུ་བཅུ་ཙམ་གྱི་རྒྱལ་བཀའ་དང་། བསྟན་བཅོས་སྣ་ཚོགས་པོད་བརྒྱ་ཙམ་གསན། ཏིང་ངེ་འཛིན་རྒྱལ་པོའི་མདོ་དང་། དགོངས་པ་ངེས་པར་འགྲེལ་པ། ལངྐར་གཤེགས་པ། བརྒྱད་སྟོང་པ་བཅས་ཀྱི་བཤད་པ་གསན། བཤད་རྒྱུག་བླ་མ་ལ་ཕུལ་ཅིང་ཤིན་ཏུ་ཐུགས་མཉེས་པོར་བྱུང་། བཅུ་པ་ནས་བཅོ་ལྔ་པའི་བར་དུ། རང་བྱུང་རྒྱལ་མོའི་སྲོག་དབང་ཞུས་ཏེ་སྒྲུབ་པ་མེད་པར་ལྷ་མོའི་ཞལ་གཟིགས། བླ་མ་དང་ལྷན་དུ་མངོན་སྤྱོད་མེད་པར་བསྟན་པ་ལ་སྡང་བའི་དགྲ་མི་ཉག་པ་རྒྱལ་པོ་ཀྱི་ཏན་བྷ་ཆུར་བ་བསད། རྣམ་ཤེས་གནས་སྤར་བ་མཛད། དེ་དུས་སྤྱན་རས་གཟིགས་ཀྱི་གདམས་པ་རྔོག་ལོ་ཙཱ་ལས་བརྒྱུད་པའི་བྱ་རྒྱུད་དང་། དོན་ཞགས་ཀྱི་སྨིན་གྲོལ་བཤད་པ་ནོས། རིགས་གསུམ་སྤྱི་དང་རྣམ་སྣང་མངོན་བྱང་གི་དབང་གདམས་ངག་རྒྱུད་བཤད་བཅས་དགེ་བཤེས་ཕྱར་བུ་ལས་ནོས། བསྒྲུབས་པས་དཀྱིལ་འཁོར་གྱི་ལྷའི་ཞལ་གཟིགས། ཨོ་རྒྱན་རིན་པོ་ཆེའི་ཞལ་གཟིགས། མི་ཕྱེད་པའི་དད་པ་བྱུང་གསུངས། དགུང་ལོ་བཅུ་དྲུག་པར་ཀཾ་པོ་གནས་སུ་ཕེབས། དགེ་བཤེས་བྱང་སྟོན་བྱམས་པ་རྣམ་དག་དང་མཇལ། འདུལ་བ་ཕྲན་ཚེགས། ཕའི་རྣམ་འབྱེད་ཀྱི་བཤད་པ། དབུ་མ་རྒྱན། ཆོས་མངོན་པ་མཛོད། མངོན་པ་ཀུན་བཏུས། ཀ་མ་ལ་ཤཱི་ལའི་སྒོམ་རིམ། སངས་རྒྱས་ཀྱི་སྐྱེས་རབས་སོ་བཞི་པ། བཤེས་སྤྲིང་། དབུ་མ་རིག་ཕྲེང་། སློབ་སྤྲིང་། ཤེར་ཕྱིན་དགེ་པ་རབ་གསལ་ལས་བརྒྱུད་པའི་ཐོགས་མེད་ལུགས་དང་རྣམ་གྲོལ་སྡེའི་ལུགས། སེང་བཟང་ལུགས་བཅས་པའི་མངོན་རྟོགས་རྒྱན་མདོ་དང་སྦྱར་བའི་བཤད་པ། སྨྲྀ་ཏི་ནས་བརྒྱུད་པའི་གསང་འདུས་ལུགས་བཞི། མཚན་བརྗོད་བཅས་ཀྱི་བཤད་བརྒྱུད་སོགས་ཀྱི་སྨིན་ཁྲིད་བཤད་པ་བཅས་པ། སེམས་སྡེའི་རྒྱུད་སྔ་ཕྱིའི་འགྱུར་ཀུན་གྱི་བཤད་པ། ཉི་འོད་སེང་གེའི་འགྲེལ་པ། དཔལ་གསང་བ་སྙིང་པོའི་དབང་བཤད་པ་བཅས། རིག་པ་སྤྱི་བླུགས་ཀྱི་དབང་། དགའ་རབ་རྡོ་རྗེའི་ཉམས་སྒྲོན་སོགས་འགྲེལ་པ་ཉི་ཤུ་ཙམ། རོང་པ་ཆོས་བཟང་གི་བསྟན་བཅོས་པོད་ཉི་ཤུ་ཙམ་བཅས་ལོ་གཅིག་འཁོར་མར་བར་མེད་དུ་གསན། ལོ་བཅུ་དགུ་པའི་དུས་སུ་དབུས་སུ་བྱོན། དགེ་བཤེས་རྡོ་ཐོགས་པ་ཐེལ་པ་རྡོ་རྗེ་རྒྱལ་མཚན་ལས་བྱམས་པའི་ཆོས་ལྔ་ཚར་གཉིས་དང་པྲ་ཀཱ་ར་ཎ་སྡེ་བརྒྱད། བསྟན་བཅོས་འགྱུར་བ་པོད་བརྒྱ་ཙམ། བཀའ་པོད་བཅོ་ལྔ་ཙམ། ས་སྡེ་ལྔ་སྡོམ་གཉིས་བཅས་ཀྱི་བཤད་པ་དང་ལུང་ལེགས་པར་ནོས། ཡང་དགེ་བཤེས་རྒྱད་མར་བ་ལས་ཀྱང་དབུ་མ་བདེན་གཉིས། བྱམས་ཆོས་སྤྱོད་བསླབ་མདོ་བཅས་ཀྱི་བཤད་པ་དང་དུས་འཁོར་རྩ་རྒྱུད། དབང་མདོར་བསྟན་གྱི་བཤད་པ་དང་སྨིན་གྲོལ་རྣམས་དང་དབུ་མ་རྟོག་གེ་འབར་བ་སོགས་ནོས། སྟོད་ལུང་པ་ལས་ཀྱང་འཇམ་དཔལ་གྱི་མཚན་བརྗོད་པ་ལུགས་གསུམ་དང་འཇམ་དཔལ་སྒྱུ་དྲྭ་སམྦུ་ཏྲི་དཔལ་མཆོག་དང་པོ་རྟ་མཆོག་རོལ་པ་ཕྱག་རྡོར་དབང་བསྐུར་པ། རྡོ་རྗེ་རྣམ་འཇོམས་བཤད་རྒྱུད་སོགས་རྒྱ་གཞུང་འགྲེལ་པ་དང་གཏུགས་ཏེ་ནོས། ཉེར་གཅིག་པ་ལ། དཔལ་རྭ་སྒྲེང་དུ་མཁས་པ་སེང་གེ་བཟང་པོ་ལས་དབུ་མ་རིག་པའི་ཚོགས་དྲུག། བུདྡྷ་པཱ་ལི་ཏ། ཚད་མ་རྣམ་ངེས། ཀུན་བཏུས། དབུ་འཇུག །ཕར་ཕྱིན་རྒྱས་བཤད། རྒྱུད་སྡེ་བདུན་ཙམ། ཚེ་དཔག་མེད། འཇམ་དཀར། དབྱངས་ཅན་བཅས་ཀྱི་སྨིན་གྲོལ་ཁྲིད། བཀའ་གདམས་རིན་པོ་ཆེའི་བྱང་ཆུབ་ལམ་གྱི་རིམ་པ། བློ་སྦྱོང་དུ་མ་སོགས་ནོས། ཆོས་འཁོར་ཆེན་པོ་བཞིར་གྲྭ་སྐོར་མཛད་པས་ཐོག་གཅིག་ལ་མཁས་པར་གྲགས། དགེ་བཤེས་ངག་དབང་བརྩོན་འགྲུས། སློབ་དཔོན་བསོད་ནམས་རྩེ་མོ། ཀུན་དགའ་ལེགས། དཔལ་འབྱོར་རྣམས་ལས་དཔལ་ས་སྐྱར་ཡང་ཕུར། རྡོ་རྗེ་གུར། བརྟག་གཉིས་རྣམས་ཀྱི་རྒྱུད་སྨིན་གྲོལ་མང་དུ་ནོས། ཀམ་ཆོས་ཀྱི་རྡོ་རྗེ་ཡེ་ཤེས་ལས་སླར་ཡང་དགྱེས་པ་རྡོ་རྗེ་དང་ལམ་འབྲས་བུར་བཅས་པའི་གདམས་པའི་སྐོར། འགོས་ལོ་ཙཱ་བ་ལྟས་པ་ཙས་ཀྱི་སློབ་མར་གྱུར་པ་ལྡོང་སྟོན་རྡོ་རྗེ་སྙིང་པོ་དང་བྷོ་དྷི་ཞང་སྟོན་ལས་འདུས་པ། དེ་གཉིས་ཀའི་སློབ་མ་ལ་སྟོད་དཔལ་གྱི་དབང་ཕྱུག་ལས་སྒྲོན་གསལ་གྱི་བཤད་པ་དང་གཤིན་རྗེ་དགྲ་གདོང་འཇིགས་གསུམ། སྐྱོར་ལུང་པ་ལས་གནུབས་ཀྱི་ཐུགས་དམ་གཤིན་རྗེའི་རྒྱུད་བདུན་གྱི་བཤད་པ་རྣམས་དང་། རྔོག་ལུགས་ཡོངས་རྫོགས་ཀྱི་དབང་ལུང་གདམས་པ་ཟུར་པའང་ནོས། ཀཾ་ཆོས་ཡེ་ལས་ཇོ་བོ་རྗེ་ནས་བརྒྱུད་པའི་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ནོས། ཉེར་གཅིག་པའི་དུས་དེར་དགའ་ལྡན་དུ་བྱམས་པའི་སྤྱན་སྔར་ཕྱིན་ནས་ཞག་ཉེར་གསུམ་ལྷའི་སྐད་ཅིག་ལ་བསྡད་དེ་བྱམས་པ་ལ་ཆོས་ཉན་པས་ཐེ་ཚོམ་ཆོད་པའི་དག་སྣང་བྱུང་། སྐྱི་འདུལ་འཛིན་ལས་སུམ་བརྒྱ་པ། འོད་ལྡན་མདོ་རྩ་རྣམས་ཞུས། རྭ་ལོའི་སློབ་མ་ཀཾ་ལོ་ཙཱ་ལས་བདེ་མཆོག་རྒྱུད་བཀའི་བཤད་པ་སྨིན་གདམས། སེམས་བསྐྱེད་དབུ་མ་ལུགས། ཅོག་རོ་ལོ་ཙཱ་ལས་ཕག་མོ་ཕྱི་མ་དང་སྡོམ་པ་འབྱུང་བ་གསན། བདེ་བ་ཅན་མཇལ། དཔལ་ལོ་ཙཱ་བ་ལ་འཕྲུལ་ཡིག་བསླབ། མགོན་པོ་བྱ་རོག་གདོང་ཅན་སྒྲུབ་པ་གདམས་པ་སྤྱི་སྐོར་དུ་མ། འདོད་པའི་རྒྱལ་པོ། མི་གཡོ་བ། ཀུ་རུ་ཀུལླེ། བཱ་རི་བའི་ཆོས་ཀུན་ཞུས། དེ་དག་ཀྱང་རྒྱུད་རྣམས་ཐུགས་ལ་འཛིན། ཉེར་གཉིས་པའི་དུས་སུ་སློབ་དཔོན་རཏྣ་སེང་གེ་ལས་བདེ་མཆོག་རྒྱ་མཚོ་ཞུས་ནས་ཟླ་བ་དྲུག་བསྒོམ་པས་ཞལ་མཐོང་། གདན་བཞི་བཤད་པ་དང་བཅས་པ་གསན། སློབ་དཔོན་གྱིས་བསྔགས་པར་མཛད་པའོ། །ཚིག་དང་དོན་གཉིས་ཀ་ལ་རྩེ་གཅིག་ཏུ་རི་ཁྲོད་དུ་གཙང་སྤྱོད་མཛད། རི་སྦུག་ཏུ་བཅུད་ལེན་ཟླ་བ་བཞིེར་བརྟེན་ནས་དཀའ་སྤྱད་མཛད། ཉི་ཤུ་རྩ་བཞི་པར་འཕེན་ཡུལ་རྒྱལ་དུ། བྱང་ཆུབ་སེང་གེའི་དྲུང་དུ་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེར་གསོལ། དེ་ཡན་ནི་གསན་བསམ་གཙོ་བོར་མཛད་པའི་སྐབས་སུའོ།། ༈ །།དེའི་དྲུང་དུ་སྒྱུ་འཕྲུལ་སྡེ་བརྒྱད། སེམས་སྡེ་ཡོངས་རྫོགས་ཀྱི་རྒྱུད་བཤད། སངས་རྒྱས་མཉམ་སྦྱོར། ཧེ་རུ་ཀ་གལ་པོ། ཐབས་ཀྱི་ཞགས་པ། དམ་ཚིག་གསུམ་བཀོད། གླང་ཆེན་རབ་འབོག ། ལང་ལབ་ནས་བྱུང་བའི་རྡོ་རྗེ་ཕུར་པའི་བཤད་སྐོར། ཡང་དག་ཧེ་རུ་ཀ་གལ་པོ་སོགས་གསན་པའང་གསང་སྔགས་རྙིང་མའི་ཆོས་དུ་མ་དང་། སྤྲང་ཕུར་བུ་མགོ་ལས་ཀྱང་ཆོས་དེ་བཞིན་དུ་གསན། བསྐྱེད་རིམ་དང་རྩ་རླུང་བསྒོམ་པས་རང་ལུས་ལྷ་སྐུར་སྒྲིབ་མེད་གསལ་བར་བྱུང་སྙམ་པ་ལན་མང་གསལ་གསུང་། ཉེར་ལྔར་བལ་ཡུལ་སྐྱིད་གྲོང་དུ་སོང་། མར་ལམ་གངས་ལ་ཕྱིར་རྗེ་བཙུན་རས་ཆུང་པའི་དྲུང་དུ་ན་རོའི་ཆོས་དྲུག ། ཉིད་ཀྱིས་རྒྱ་གར་ནས་བསྣམས་པའི་བདེ་མཆོག་སྔོན་མ་དང་ལུས་མེད་མཁའ་འགྲོའི་སྙན་བརྒྱུད། ཚེ་དབང་བཅས། ཞི་བ་འོད་ལས་གཏུམ་མོའི་མན་ངག ། འཇིགས་མེད་ལྷ་ལྔའི་ལུང་ནོས། དབུས་སུ་སྡེ་པ་ནགས་ཀྱི་མཁན་ཆེན་ལས་དཔལ་ལྡན་སྣར་ཐང་པའི་སྨད་འདུལ་བ་ཀླུ་མེས་ཀྱི་བརྒྱུད་པ་ལས་བསྙེན་པར་རྫོགས་ཤིང་ལག་ལེན་སྦྱང་། དེ་ཚུན་འདུལ་བ་འཛིན་པ་ཆེན་པོ་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པར་མཛད་པ་ནི་མཐོང་བའི་ཆོས་འདིའོ། །དེ་ལས་མི་ཏྲཛཱ་ཀིའི་ཐུགས་རྗེ་ཆེན་པོ། གཙུག་ཏོར་རྣམ་རྒྱལ་མ། གདུགས་དཀར། སྲོང་བཙན་ནས་བྱུང་བའི་སྒྲོལ་མ་ཁྲོ་གཉེར་ཅན་བཅས། ཡང་མཁན་ཆེན་ནས་བྱུང་བའི་སྨན་བླའི་མདོ་ཆོག །དྲི་མེད་རྣམ་གཉིས། རྡོ་རྗེ་མི་འཁྲུགས་པའི་ཆོ་ག་ཀུན་རིག་བཅས། འཛམ་སྟོན་འགྲོ་མགོན་དང་ལྕེ་རྟ་ནག་པ། བླ་མ་ཞང་འབུམ་རྣམས་ལས་སྒྱུ་འཕྲུལ་མན་ངག་ཕྲ་མོ་དྲུག་ཅུ་བཅས་པར་དཔྱིས་ཕྱིན་པ་རེ་དང་། མདོ་དགོངས་འདུས། རྡོ་རྗེ་བཀོད་པ། ཀུན་འདུས་རིག་པའི་མདོ་ལ་སོགས་པ་རྩ་མདོ་བཞིའི་བཤད་པ། དེའི་མན་ངག་ཕྲ་མོ་དྲུག་ཅུ། དབང་གི་ཆུ་བོ་ཆེན་པོ་ཟླ་བ་བདུན་དུ་བྱས་པའི་སྒྲུབ་དབང་སོགས་ལོ་ཉེར་བརྒྱད་བར་དུ་ལོ་བཞིར་ཉེ་བར་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད་དོ། །རྟོགས་པ་ཕུལ་བས་བླ་མས་མཉེས། བླ་མ་དཔལ་ཆེན་པོ་དངོས་སུ་མཐོང་། བྲག་རྒྱ་བོར་སྤར་ཁབ་ཀྱི་སྟེང་ནས་ཚོགས་པ་སུམ་སྟོང་ཉེ་བའི་མདུན་རྩོད་ཅིང་དམ་བཅའ་བ་འཇོག་པས་གྲགས་པ་འཕེལ། བླ་མས་དབུགས་དབྱུང་བསྔགས་བརྗོད་གནང་། ཟངས་རི་མཁར་དམར་དུ་ཕྱིན། མ་གཅིག་གི་སྲས་ཐོད་སྨྱོན་དང་གྲུབ་ཐོབ་སྨྱོན་པ་དོན་ལྡན་སོགས་ལས་དམ་པའི་གདམས་ངག་མང་དུ་གསན། བསྒོམས་པས་ལྷོངས་ཚད་མཐར་ཕྱིན། སློབ་དཔོན་དྭགས་པོའི་སྒོམ་ཚུལ་དང་མཇལ། སྒྲོལ་དཀར་དབང་། ཆོས་དྲུག ། རྣམ་འབྱོར་མའི་སྐོར་གནང་། ལྷོ་བྲག་གངས་དཀར་དུ་བསྒོམ་པས་རྟོགས་པ་ངོ་འཕྲོད། དགུང་ལོ་ཉེར་དགུ་པར་བླ་མ་ཛཾ་སྟོན་པས། ཁྱོད་ཀཾ་པོའི་གནས་སུ་སོང་ནས་སྒྲུབ་པ་ལ་གཞོལ་ན་ཕུང་པོ་འོད་དུ་དེངས་པ་གཅིག་འོང་། ཀཿཐོག་ཏུ་སོང་ན་སློབ་དཔོན་པདྨ་ཞག་ཉེར་ལྔར་བཞུགས་ཏེ་བྱིན་གྱིས་བརླབས་པའི་གནས་དང་བཻ་རོའི་སྒྲུབ་གནས་ཡིན་པས་བསྟན་པ་མཐའ་རྒྱས་པ་ལོ་སྟོང་དུ་གནས་པ་ཞིག་འོང་། ཞེས་གསུངས་པས་མར་ལམ་ཆོས་རྗེ་དྭགས་པོ་རིན་པོ་ཆེ་དང་མཇལ་བར་བཞེད་དེ་དྭགས་པོ་བྲག་དམར་གྱི་དགོན་པར་དྭགས་ལྷ་སྒམ་པོའི་བཤེས་གཉེན་ཤཱཀྱ་ཤྲཱི་དང་སྒོམ་ཚུལ་གཉིས་དང་མཇལ། སྒྲོལ་དཀར་ཞལ་གཟིགས། རྟོགས་པ་ཕུལ་བས་དགེ་བཤེས་ཁམས་པ་ཁྱེད་རང་ལས་ཅན་དུ་འདུག ཅི་ཐོད་ཐོད་དུ་ཕོད་པ་མི་གདའ། སང་ནང་པར་ཆོས་རྗེའི་དྲུང་དུ་མཇལ་བྱོན་གསུངས། ནང་པར་དབུས་ནས་ཆོས་ཡོན་དུ་བྱུང་བའི་དར་ལེགས་པ། ཁྲབ་གཅིག །གཡུ་སྤྱང་མིག་རྣམས་དགེ་སློང་ལ་མི་འབེན་པས་བཙོང་བའི་གསེར་སྲང་བཅུ་ཁྱེར་ནས་ཆོས་རྗེར་ཕུལ་བས་ལྷན་གཅིག་སྐྱེས་པ་ཟླ་བ་གཅིག་ཏུ་ལེགས་པར་གནང་། ངས་ཀྱང་འདི་བསྒོམ་པ་ཡིན། ཁྱོད་རང་ཡང་བསྒོམ་དུ་སོང་དང་འབུལ་བ་སོགས་མི་དགོས་སྒྲུབ་རྟེན་གྱིས། ཁྱེད་ལས་ཅན་ཡིན་པས་དཀའ་བ་དང་སྒོམ་སྲན་མི་དགོས་པར་འདུག ། ཟླ་བ་བཞི་ནས་གྲུབ་པའི་རྟོགས་པ་སྐྱེས་ནས་རྟགས་ཐོན་པར་རང་འདུག ། སླར་ཡང་ཕ་རྒན་ང་ཡི་དྲུང་དུ་ཤོག་ཅིག ། བསྟན་པ་ཡུན་རིང་དུ་གནས་པ་འོང་། ལར་ཡང་སྒོམ་ལ་བརྩོན་པ་གལ་ཆེ། མ་བསྒོམ་ན་གྲུབ་པ་ཐོབ་པ་མིན་གསུངས། གསེར་སླར་ཕུལ་ནས་ཙཱ་རི་ལ་སྒོམ་དུ་སོང་བས་ལུང་བསྟན་པ་བཞིན་ཉམས་རིམ་པ་བཞིན་བྱུང་ནས། སེམས་ཀྱི་གནས་ལུགས་ལ་རང་དབང་ཐོབ་པ་དང་། རླུང་ཉམས་དཔག་ཏུ་མེད་པ་བྱུང་། ལྷག་མཐོང་སྤྲིན་བར་གྱི་ཉི་མ་ཙམ་ཞིག་བྱུང་། ཡང་ཕྱི་ནང་འཁོར་འདས་སྒྲིབ་མེད་དུ་གསལ་བ་དང་མདུན་གྱི་ནམ་མཁའ་ལ་འོད་ཁ་དོག་སྣ་ལྔ་པ་དམར་པོས་ཤས་ཆེ་བ་བཀྲ་ལམ་མེ་བའི་དབུས་ནས་ཡིག་དྲུག་ནམ་མཁའ་ཁྱབ་པའི་སྒྲ་བྱུང་ནས། སྤྱན་རས་གཟིགས་དབང་ཐུགས་རྗེ་ཡི། །ཕྲིན་ལས་འོད་ཟེར་ཕྱོགས་བཅུར་རྒྱས། །ཞེས་གྲགས་ཏེ་ནམ་མཁས་ཁྱབ་ཚད་དུ་སྤྱན་རས་གཟིགས་འདུག ཡང་ཕྱིས་ནུབ་འཇའ་འོད་དུ་ཡལ་བའི་འཕྲོར་འོད་དམར་པོས་གང་བའི་ནང་དུ་རྗེ་བཙུན་མ་སྐུ་མདོག་བྱི་རུའི་མདོག་འདྲ་བ། རུས་རྒྱན་དཀར་ཁྲོལ་ལེ་ཡོད་པ། རིགས་བཞིའི་དྷཱ་ཀི་ཡང་སྐུ་མདོག་དམར་བ། གྲི་གུག་ཐོད་པ་ཁ་ཊཱྃ་དང་ལྡན་པ། རོ་གདན་ལ་འགྱིང་བ། གཙོ་མོའི་དབུ་ལ་རྣམ་སྣང་གིས་བརྒྱན་པ་འཁོར་བཞི་ལའང་རིགས་བཞིས་བརྒྱན་པར་སྣང་། གཙོ་མོའི་ཞལ་ནས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །རྒྱུད་རྣམས་ཀུན་གྱི་ཡང་རྩེ་ཡིན། །འབྲལ་མེད་ཉམས་སུ་ལོངས་ཤིག་གསུངས་ནས་འཇའ་འོད་དུ་ཡལ་ཏེ་སོང་། སྒྲིབ་མེད་ནམ་མཁའ་ལ་ཉི་མ་ཤར་བ་འདྲ་བའི་རྟོགས་པ་ཤར། ཡང་ནུབ་གཅིག་རྨི་ལམ་དུ། ལུང་པ་དམར་པོ་ཡངས་ཤིང་རྒྱ་ཆེ་བ་གཅིག་ན་ཆང་གི་ཆུ་བོ་ཆེན་པོ་དབྱར་ཆུ་བྲུབ་པ་ལྟ་བུ་འབབ་པའི་འགྲམ་ན་བུད་མེད་གཅིག་སྣང་། འདི་གང་ནས་འབབ་དྲིས་པས་འདིའི་ཕུར་སོང་དང་མཐོང་། ཆང་གི་རྒྱུ་དེ་ཁྱོད་ཀྱི་ཡིན། དབང་ཐང་ཡིན་པས་མཆོད་པ་ཕུལ་ཅིག་གསུངས། ཡང་ཆོས་སྐྱོང་མཆོད་དུས་གཅིག་ལ། ལེགས་ལྡན་ནག་པོ་སྤྱན་ཉི་ཟླ་ཤར་བ་ཙམ་ལ་འོད་ཟེར་དུ་མ་འཕྲོ་བ། ཞལ་ནས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོགས་པ། སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ། བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་པས་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། མཁའ་འགྲོ་མ་བཞིས་ཐོད་པ་སྨན་གྱིས་བཀང་ནས་ཕུལ་ཏེ་འདི་སྐད་ཟེར། ངེད་ནི་རྫུ་འཕྲུལ་མཁའ་འགྲོ་སྟེ། ། འཆི་མེད་ཚེ་ཡི་དངོས་གྲུབ་སྟེར། ། རྣལ་འབྱོར་ཆེན་པོའི་སྐུ་ལ་འབུལ། ། དགྱེས་མཛོད་ཐུགས་རྗེས་དགོངས་སུ་གསོལ། ། ཞེས་ཞུས་སོ། ། དེ་ནས་ཉམས་རང་གྲོལ་དུ་སོང་། འཛམ་སྟོན་དང་བླ་མ་ལྷ་རྗེའི་གདམས་ངག་དབྱེར་མེད་པའི་རྟོགས་པ་སྐྱེས་ནས། མི་ལའི་སློབ་མ་རྩི་རིང་མོ་བྱ་བར་རླུང་སེམས་གཅིག་ཆར་བ་སོགས་དགེ་བའི་བཤེས་གཉེན་དང་རྣལ་འབྱོར་པ་དྲུག་ཅུ་ཙམ་ཚད་ལྡན་ལ་ཆོས་འབྲེལ་ཞུས། ལོ་སུམ་ཅུ་པར་དྭགས་པོ་རིན་པོ་ཆེས་ཞལ་ཏ་གནང་བ་བཞིན་མདུན་དུ་ཕེབས། རྟོགས་པ་ཕུལ་བས་སྐུ་དགྱེས་པའི་ཚུལ་དུ་བཞུགས་ཞལ་འཛུམ་བག་དང་ལྡན་པས་མགུར་འདི་གསུངས་སོ། །ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆི། །ཟད་པ་མེད་པའི་རྒྱལ་ཁམས་སུ། །ངོ་སྲུང་མེད་པར་རི་ཁྲོད་འགྲིམ། །སྔོན་ཆད་དབྱངས་ལ་སྐྱོ་མ་བྱུང་། །ད་ལྟ་དབྱངས་ཅིག་ལེན་པ་དེ། །དྲན་རྟོག་སྣ་ཚོགས་འགྱུ་བའི་སེམས། །ཁམས་གསུམ་འཁོར་བའི་མཐའ་རུ་གོ། །ཟད་པ་མེད་པའི་རྒྱལ་ཁམས་དེ། །སངས་རྒྱས་ཞིང་ཁམས་ཡིན་པར་གོ། །དམིགས་པ་མེད་པའི་རྣལ་འབྱོར་འཁྱམས། །ངོ་སྲུང་མེད་པར་རི་ཁྲོད་འགྲིམ། །ཆོས་བརྒྱད་ཟིལ་གྱིས་གནོན་པར་གོ། །ནམ་མཁའ་བསྡུས་པས་མི་འདུས་སོ། །སྤྱི་སེར་བཟུང་བས་མི་ཟིན་ནོ། །སེམས་ཉིད་བལྟས་པས་མི་མཐོང་ངོ་། །ཚོགས་དྲུག་བཀག་པས་མི་ཁེག་གོ། །སྒོམ་པ་ཤེས་པ་རང་ལུགས་ཞོག །འཐོར་བའི་ཤེས་པ་རང་ཡལ་ཐོངས། །འཁོར་འདས་དབྱེར་མེད་ལྟ་བ་བདེ། །མི་རྟོག་འབྲལ་མེད་སྒོམ་པ་བདེ། །འབད་མེད་ཤུགས་འབྱུང་སྤྱོད་པ་བདེ། །ཞེན་ཆགས་མཐའ་བྲལ་འབྲས་བུ་བདེ། །བུ་ཁྱོད་ཀྱི་ཆོས་སྐལ་དེ་རུ་མཛོད། །ཅེས་གསུངས་ནས་ན་བཟའ་རྙིང་པ་བེར་ཐུལ་གཅིག་གནང་། དད་གདུང་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་ཁམས་སུ་འོང་ངོ་གསུངས། དེ་ལྟར་དབུས་གཙང་དུ་ལོ་བཅུ་གཅིག་བཞུགས། དེ་ནས་ཁམས་སུ་ཡབ་ཡུལ་དང་ཉེ་བར་རྗེ་དུས་གསུམ་མཁྱེན་པ་བྱོན་པའི་དྲུང་ན་ཕེབས་རྟོགས་པ་བསྡུར་བས་ཤིན་ཏུ་འཐད། སྤྱན་རས་གཟིགས་སུ་གཟིགས་ནས་འཁོར་ལོ་བདེ་མཆོག །ཕྱག་རྒྱ་ཆེན་པོ། ནཱ་རོ་ཆོས་དྲུག་སོགས་སླར་ཡང་གསན། རྗེ་འདིའི་སྲས་གདུགས་ཐོག་སྟོང་གི་གཙོ་བོར་གྱུར་པའོ། །དེ་ལྟར་ལོ་བཅུ་དགུ་ཙམ་དུ་སྔ་ཕྱིར་གསན་བསམ་རྐྱང་པ་མ་ཡིན་པར་སྒོམ་པ་དང་ཟུང་འབྲེལ་དུ་མཛད་དེ་ཁམས་དབུས་གཉིས་སུ་བཤེས་གཉེན་དམ་པ་བརྒྱ་རྩ་བརྒྱད་ལེགས་པར་བརྟེན་པ་ཞིག་ལགས་སོ། །སྒོམ་པ་གཙོ་བོར་གྱུར་པའི་སྐབས་སོ། ། ༈ ། །བྱ་བ་ལས་ཀྱི་འཁོར་ལོ་ནི། འདི་སྐབས་དགུང་ལོ་སོ་གསུམ་པར་བྱ་མེ་ཉག་དང་འཇང་དང་གླིང་ཡུལ་རྣམས་སུ་ཕེབས། རྒྱལ་པོ་རྣམས་དང་ཡོན་མཆོད་དུ་གྱུར། ཆོས་དཔག་ཏུ་མེད་པ་གསུངས། རབ་བྱུང་དགུ་བརྒྱ་ཙམ་གནང་། སླར་དགུང་ལོ་སོ་དྲུག་པར་ཡུལ་དུ་སྒྲུབ་པ་མཛད། དེ་ནས་ཤར་ཀཾ་པོར་འབྱོན་སྙམ་པ་དང་། དེ་ཡི་ཁྱིམ་བདག་གནས་སྲུང་བོན་པོ་ལྟ་བུ་གོས་སྔོན་པོ་གྱོན་པ་དང་དར་ཁྲ་བོ་ཕྱར་བ་མང་པོས་སྤྲུལ་པའི་སྐུ་ལ་བསུ་བ་བྱེད་དུ་འོངས་པ་ཡིན། ངེད་ཤམ་པོ་ཀཾ་པོའི་གངས་ཀྱི་བདག་པོ་རང་ལགས་ཞུས་པར། བླ་མ་ཛཾ་སྟོན་པའི་བཀའ་དྲན་ནས། བདག་གཅིག་པུ་འོད་དུ་དེངས་པ་ལས་བསྟན་པ་ཡུན་དུ་གནས་པ་ཞིག་བྱུང་ན་དགའ་ཐུགས་ལ་དགོངས་ནས་དགུང་ལོ་སོ་བདུན་པར་གཞི་བདག་ལ་ཆོས་གནང་ནས་ཕྱིར་བཏང་། ཉེར་གནས་ཚུལ་ཁྲིམས་རིན་ཆེན་དང་། རྡོ་རྗེ་རྒྱལ་མཚན་དང་ལྷན་དུ་ཀཿཐོག་ཚོལ་གྱིན་ཕེབས། བོན་དགོན་པདྨ་གཡུང་དྲུང་མདའ་སྟེང་དུ་ལྷ་ཁང་གི་ཕྱི་རོལ་ནས་བུད་མེད་ཡིད་ཙམ་ཁྲོ་བ་ཞིག་གིས་ལུང་པ་འདིའི་ཕུ་ན་སོང་། ཞེས་ཟེར་ནས་རླུང་འཚུབས་ཏུ་ཡལ། ཡར་འབྱོན་གྱིན་སྦྲེ་ཁྱིམ་གདོང་གི་བྱེ་མ་དུང་དཀར་པོ་གཡས་སུ་འཁྱིལ་པ་ལྟ་བུར་སྤྱན་རས་གཟིགས་ཁ་སརྤཱ་ཎི་བྲམ་ཟེ་ལྟ་བུ་ལྷ་ལྔ་དང་གྲུབ་ཐོབ་ས་ར་ཧ་མདའ་དང་པགས་པ་ཐོགས་པ་མཇལ། རྟེན་འབྲེལ་བཟང་བས་འདིའི་ཐད་དུ་འགྲོ་དགོངས་པས་ཀཿཐིལ་དུ་ཕེབས། སྟེང་ན་རིག་འཛིན་སློབ་དཔོན་བརྒྱད་གར་བསྒྱུར་བ་ཉེ་གནས་ཀྱིས་ཀྱང་མཇལ། དེར་ཕྱུགས་མང་པོ་འཚོ་བའི་བྱིས་པ་བཅུ་གསུམ་ཙམ་ལ་ཀཿཐོག་གང་དུ་ཡོད་དྲིས་པས། ཕུ་ཡ་ཀི་འོ་ཟེར། དེར་ཕྱུགས་རྣམས་གདུལ་བྱའི་རྟེན་འབྲེལ་དང་། རྫིའུ་རྣམས་སློབ་མའི་རྟེན་འབྲེལ་དུ་དགོངས། དེ་ནས་ས་ཡུལ་ཡི་གེ་ཀཿའདྲ་བར་གཟིགས། དེར་བེེེ་རོའི་སྒྲུབ་ཕུག་ཏུ་ཞག་བདུན་དུ་ཐུགས་རྗེ་ཆེན་པོ་དང་དྲག་དམར་བསྒྲུབ་པས་གུ་རུ་པདྨ་གཟིགས། ཀཿཆེན་པོ་ནམ་མཁའ་གང་བ་སྣང་བར་ངོ་སྤྲད་མཛད། རྟེན་འབྲེལ་ལེགས་པར་གཟིགས། སྒྲུབ་པའི་རྫས་ཀྱི་བུམ་ཆུ་ཁོལ། སླར་ཀཿཐོག་ཕུར་ཚེ་སྒྲུབ་གནང་བས་ཚེ་དཔག་མེད་ཞལ་གཟིགས། ཡང་ཁྲོད་ནས་ཚེ་ཆུ་བརྡོལ། ཧོར་པོ་སོགས་ཡུལ་སྡེ་བཞི་སྟོང་ཙམ་གྱི་དཔོན་དགེ་ལུ་རྫུ་འཕྲུལ་ལ་དད་ནས་གནས་གཞི་འདེབས་པའི་ཡོན་བདག་བྱས། སེང་གེ་གནམ་ལ་འཕྱོ་བའི་མཚན་མ་གཟིགས་ནས་ནང་སོ་གཡུ་མཚོ་བྲག་སྟེང་དུ་ཨཿདང་ཀཿདང་རྡོ་རྗེ་རྒྱ་གྲམ་རང་བྱུང་གཟིགས་པས། ཨཿནི་སྐྱེ་མེད་ཀྱི་དོན་མཚོན་ལ་ཡི་གེ་ཐམས་ཅད་འབྱུང་བའི་གཞི་ཡིན་པས་ཐེག་ཆེན་གྱི་སྙིང་པོའི་བསྟན་པ་དར་བར་འགྱུར་ཏེ་རྫོགས་པ་ཆེན་པོ་ཐེག་པ་ཀུན་གྱི་འཕྲོ་གཞི་ཡིན་པ་དང་དབྱངས་ཀྱི་ཡི་གེའི་ཐོག་མ་དང་། ཀཿཐོག་གི་ཀཿནི་གསལ་བྱེད་ཀྱི་ཐོག་མ་ཡིན་པས་བརྒྱུད་གསུམ་ཐོག་མའི་བསྟན་པ་གནས་འདིར་དར་བར་དགོངས་ནས་ལྟོ་འཕྱེ་བཙལ། ལོ་སོ་བརྒྱད་པ་ས་མོ་ཡོས་ཀྱི་ལོར་གཙུག་ལག་ཁང་བཞེངས་པར་གནང་ན། བོན་གྱི་ཐ་ཚིག་ལ་གནས་པ་རྡོ་གཉན་རྨད་བུས་གཟུགས་དངོས་སུ་བསྟན་ནས་དོ་ནུབ་བརྩིགས་པའི་ལྷ་ཁང་ནང་པར་བཤིག་ནས་ས་རྡོ་རང་མལ་དུ་བསྐྱལ། དེ་དུས་ཧོར་པོའི་གྲྭ་འཁོར་དགེ་སློང་བདུན་ཅུ་དང་རྣལ་འབྱོར་པ་བརྒྱ་ཕྲག་ཙམ་ལ་བདེ་མཆོག་ལྷན་སྐྱེས་གནང་བའི་རྒྱུད་བཤད་ཀྱི་མཚམས་ནངས་ཅིག་ཁ་ཆེན་བབས། བླ་མས་དགེ་སློང་ལྡིང་པོ་དང་རྡོ་རྗེ་རྒྱལ་མཚན་གཉིས་འདོང་གསུངས། ཁ་བའི་ནང་ནས་དམ་སྲི་བདུན་དང་རྡོ་གཉེན་རྗེས་བཅད་ནས་ཕེབས། རི་མགུལ་ཕ་ཝང་ལ་ཐིམ་སོང་། ཕ་ཝཾ་གཅིག་རྡོ་རྗེ་རྒྱལ་མཚན་གྱིས་ཁྲིད། གཅིག་ལྡིང་པོས་ཁྲིད་གསུངས། ཁོང་གིས་སྐད་ཅིག་དགོངས་པ་ལ་བཞུགས་ནས་ཆོས་གོས་ཀྱིས་བཅིང་ནས་སྣ་ཕུག་སྟེ་ཁྲིད། བདག་གིས་ཀྱང་དམ་པའི་ཐུགས་རྗེས་གཅིག་ཁྲིད། དེའི་རྗེས་ལ་ཕྱག་ལྕག་གནང་གིན་ཆུ་འགྲམ་དུ་བསྐྱལ། དེར་རྡོ་གཉན་ནས་བྲོ་བོར། ཚོགས་པ་སུམ་སྟོང་ཙམ་འདུས་པ་ལ་གྲོགས་བཅོལ་ནས་དྲི་གཙང་ཁང་ཁྱམས་སྒོ་ཁང་ཀུན་དགའ་ར་བ་བཅས་དང་སྦུག་ཏུ་རྗེ་ཉིད་ནས་དུས་གསུམ་སངས་རྒྱས་ཉེ་སྲས་ཕྱག་བཟོ་གནང་བའི་ནང་རྟེན་དུ་བསམ་ཡས་ནས་བྱུང་བའི་པདྨ་དང་བི་མའི་ཕྱག་དཔེ་སྒྱུ་འཕྲུལ་སྡེ་ལྔའི་རྒྱ་དཔེ་ཚང་མོ། སྒྲོ་ཕུག་པའི་ཆོས་གོས། ཟུར་ཆེན་ཚེམ། ཇོ་བོ་རྗེའི་པཎ་ཞུ། སངས་རྒྱས་ཡེ་ཤེས་ཀྱི་སྐེད་ཕུར་སོགས་དང་དཀར་ཆགས་ལྟར་སངས་རྒྱས་ཀྱི་རིང་བསྲེལ་ཡུངས་འབྲུ་ལྟ་བུ་ལྔ་བཅུ་འཕེལ་ཐོག་བཅས་སོགས་འཇུག་པར་གནང་། གསེར་གྱིས་རྒྱལ་བཀའ་རིན་པོ་ཆེ་པོད་དགུ་བཅུ་། གསེར་འབུམ་ཆ་ལྔ། དངུལ་འབུམ་བཅུ། གསེར་སྡུད་ཆ་བརྒྱ། རྒྱུད་སྡེ་ཆ་བཞི་ལ་པོད་བརྒྱ་དང་ཉི་ཤུ། བསྟན་བཅོས་པོད་སྟོང་རྣམས་བཞེངས་པར་གནང་། ཚོགས་པ་མི་ཉག་པ་དང་། གླིང་པ། ཁམས་ལྷོ་པ། གཙོང་ཀ་བ། འཇང་བ། ཀྱི་ཏན་པ་( ཏ་ཀྱིན་ཡང་སྣང་། མཆན། ) སོགས་བཞི་སྟོང་ལ་ཉེ་བ་ལ་དགེ་ཚུལ་གནང་། དེ་ཡིས་སྒྲུབ་མཆོད་མཛད་ནས་རབ་ཏུ་གནས་པའི་དུས་སུ་མེ་ཏོག་འདབ་ལྔའི་ཆར་བབ། རྒྱལ་བ་ཤཱཀྱ་ཐུབ་པ། འོད་དཔག་མེད་སོགས་ཞིང་གི་བཀོད་པ་མཐའ་ཡས་མངོན་དུ་གྱུར་གསུངས། གླིང་ཚེ་རྒྱལ་དུ་རྒྱལ་བོ་དགྲ་ལྷ་རྩེ་རྒྱལ་ཤི་བའི་སར་ཕེབས་པར་གནང་། སླར་གདན་སར་ཕེབས། ཡབ་མགོན་པོ་ལེགས་ལྡན་ཙནྡན་གྱི་བིང་ཐོགས་ནས་འཁོར་གྲངས་མེད་བཅས་པས་རོལ་མོའི་སྒྲ་དང་གར་གླུའི་རྫས་དང་འདོད་ཡོན་སྣ་ཚོགས་འབུལ་བར་གཟིགས། འདིར་ཚོགས་པ་འདུ་ཆེས་པ་ལ་ཕྲག་དོག་སྟེ་དམ་སྲིས་རྒྱུད་བསྐུལ་བའི་བོན་པོའི་བླ་གྲྭའི་སེམས་ལ་མ་འཚམས་པས་བོན་པོ་བརྒྱད་ཀྱིས་བྲག་སྒོམ་ཕུག་འདིར་སྒྲུབ་པ་ངན་སྔགས་བྱས་པས་དཔལ་ལྷ་མོ་ཆེན་པོས་སྒྲུབ་ཁང་གི་བྲག་ལྡེག་ནས་མནན། དམ་པའི་ཕྱག་གིས་རྒྱ་གྲམ་བྲིས་པ་འདིའོ། །དེ་ལྟ་བུས་ད་ལྟར་བོན་དགོན་འཚེ་བ་ཆོས་སུ་སྨྲ་བ་འདི་དག་ལ་དགོན་གོག་གྱང་རལ་དུ་སོང་བ་འདིའོ། །ལོ་བཞི་བཅུ་པར་ཚད་མ་དང་འབུམ་བྱམས་ཆོས་ཡོངས་རྫོགས་འདུལ་བ་མདོ་སྐོར་སོགས་ཆོས་དཔག་མེད་གནང་། འདུས་མདོའི་སྒྲུབ་ཆེན་ཀྱང་མཛད། འདི་ནས་བཤད་གྲྭ་སྲིབ་རི་བས། སྒོམ་གྲྭ་ཉིན་རི་པར་ཡེ་རྡོར། རྡོ་རྗེ་རྒྱལ་མཚན། མཁན་པོ་གྲགས་ཡེ་རྣམས་བཀོད་འཇོག་མཛད། རྗེ་དང་། རྡོ་རྗེ་དབང་ཕྱུག གྲགས་ཡེ་སོགས་ཀྱིས་དགེ་སློང་སྟོང་དུ་ཉེ་བར་གནང་། དབྱར་གནས་ཀྱི་དུས་སུ་ཚུལ་ཤིང་ལེན་པའི་དགེ་སློང་དགུ་བརྒྱ་ཙམ་དང་། དགེ་ཚུལ་ཉིས་བརྒྱ་ཙམ་བྱུང་། དབྱར་དུས་བཤད་གྲྭ་པ་རྣམས་ལ་དབུ་ཚད་སྤྱོད་འཇུག །རྒྱུད་སྡེ་བདེ་མཆོག་འདུས་པ་སོགས་ཀྱི་བཤད་པ། དགུན་དུས་སྒྲུབ་གྲྭ་རྣམས་ལ། སྒྱུ་འཕྲུལ། མདོ། རྫོགས་པ་ཆེན་པོ་སོགས་རྒྱུན་ཆགས་སུ་འདི་ནས་གནང་བ་དང་། དགོན་དུ་དགྱེས་རྡོར་གྱི་མཆོད་པ་ཆེན་པོ་གཅིག་གི་དུས་སུ་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གང་ནས་འདུག ། རྒྱལ་བ་ཤཱཀྱ་ཐུབ་པ་དང་དགྲ་བཅོམ་གྲངས་མེད་སྐུ་ཆེན་པོར་བཞེངས་ཏེ་ཞལ་ནས། མི་དམིགས་འཛིན་པ་མི་དམིགས་ཤིང་། །དག་པར་གཟུང་བ་ཀྱེ་རྡོ་རྗེ། །བདེ་ཆེན་འདི་ནི་ཡེ་ཤེས་ཏེ། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །རྡུལ་བྲལ་ཞི་བ་རང་རིག་པ། །མི་འགྱུར་བརྗོད་དུ་མེད་པ་སྟེ། །སྤྲོས་པ་ཀུན་གྱི་ཡུལ་ལས་འདས། །དེ་ཡང་དམིགས་མེད་བརྗོད་པ་བྲལ། །ཞེས་གསུང་དེ་ལ་ཡེངས་པ་དང་རིག་པ་དེ་དང་དགོངས་པ་མཉམ་པར་བཞག་པ་ལ་ཞག་གཉིས་བར་འབྱམས་པར་དྲུང་ན་གནས་པའི་ཚུལ་རིན་པས་བླ་མ་གྲོང་སོང་སྙམ་ནས་ངུས་པས་དགོངས་པ་ལས་གྲོལ། དེ་མཐར་ལྷ་མོ་མང་པོས་ཁྲབ་གྱོན་ནས་སྟོང་གསུམ་དུ་གྲགས་སྙམ་པའི་དབྱངས་རོལ་འབུལ་བ་བྱུང་། བགད་ཤོར་གསུངས། དེའང་བསྟན་པ་ཡང་ཡང་དར་བའི་བརྡར་འདུག །ཀུན་བཏུས་མདོ་སྦྱར་དང་འཇམ་དཔལ་མཚན་བརྗོད་ལུགས་སྲོལ་བཞི་དང་། རྫོགས་པ་ཆེན་པོའི་ལུགས་སུ་ཤིན་ཏུ་རྒྱས་པར་གནང་། ཞལ་གཟིགས་ཚུལ་གཞན་དུ་གསལ། འཇམ་དཔལ་སྒྱུ་དྲྭ་སངས་རྒྱས་མཉམ་སྦྱོར་དཔལ་མཆོག་དང་པོ་ཟླ་གསང་ཐིག་ལེ་སྡོམ་འབྱུང་། ཕར་ཕྱིན་རྒྱས་པ་རྣམས་གནང་བའོ། །ཞེ་གཉིས་པར་རི་རྩི་བས་ཆོས་འཁོར་གླིང་དུ་འཇམ་དཔལ་དབྱངས་དམར་སེར་རྩོད་པ་བྱེད་པ་གཟིགས། ང་ཡི་གདན་ས་འདིར་མ་འོངས་ཤིན་ཏུ་སྙིགས་མའི་དུས་སུའང་བསྟན་པ་བར་སྐབས་རེ་ལ་སྟོང་ནའང་རིགས་གསུམ་སྤྲུལ་པ་ཡང་ཡང་འབྱུང་། རིག་པའི་གནས་ལྔ་ལ་མཁས་པ་དུ་མ་འོངས་གསུངས། ཡང་ལྷ་ཁང་གི་སྟེང་དུ་བྷ་ར་དྷྭ་ཛ་བཞུགས་པ་རང་ལ་ཐིམ། དེ་འཕྲལ་མདུན་དུ་ཚུར་བིརྦ་པ་བཞུགས་འདུག །བུ་ཉམས་སུ་ཅི་ལེན། གྲོགས་སུ་ཅི་དགའ།ལེགས་པར་གང་དང་སྦྱར་གསུངས། ལན་དུ། ཉམས་སུ་ཞེན་པ་མེད་པ་ལེན། །གྲོགས་སུ་གཟའ་གཏད་མེད་པ་ཁྱེར། །འབྲས་བུ་བཅོས་བསླད་མེད་པར་བཞག །ཆོས་ཉིད་མ་བཅོས་མཐའ་དབུས་མེད། །ཞུས་པར། །ལེགས་སོ་ལེགས་སོ། ཀྱཻ་ཧོ། དོན་དུ་སྣང་བ་རང་བཞིན་གྲུབ་མིན་ཏེ། །བག་ཆགས་ཡུལ་ལ་བཏགས་པས་བསྐྱེད་པ་ཙམ། །དེ་ཕྱིར་འདི་ནི་འཁོར་འདས་དབྱེར་མེད་དེ། །འཁོར་འདས་ཞེས་སུ་བློ་ཡིས་བཏགས་པ་ཙམ། །གདོད་ནས་རང་རིག་བདེ་ཆེན་ཡེ་ཤེས་འདི། །སྙིང་ལ་ཡོད་པ་འགྲོ་བས་མ་ཚོར་རོ། །དེ་ཤེས་དོན་དུ་འོད་གསལ་རང་གྲོལ་ཡིན། །རྣལ་འབྱོར་ཁྱོད་ཀྱང་དེ་ལ་སྐྱོང་བར་མཛོད། །གསུངས་ནས་འོད་དུ་ཡལ། ནུབ་དེར་ཨོ་རྒྱན་གྱི་ཡུལ་དུ་ཕྱིན། རྡོ་རྗེ་འཛིན་པ་དྲི་མ་མེད་པའམ་པད་མ་འབྱུང་གནས་དང་གྲུབ་ཐོབ་བརྒྱད་ཅུས་ཚོགས་འཁོར་མཛད་པར་འདུག །རི་ནག་པོ་བྱེ་བ་དགུ་ཡི་རྒྱ་ཕིབས་ཀྱིས་མཛེས་པའི་མཁའ་འགྲོའི་ཚོགས་ཁང་དུ་གར་བསྒྱུར་བ་བསམ་མི་ཁྱབ་པ་གདའ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་གསང་བ་ཡེ་ཤེས་ཀྱི་ལས་བྱེད་པའི་བདུད་རྩི་ལྔ་ཡོད་ཟེར་བདག་ལ་ཐོད་པ་གཅིག་ན་མི་གཙང་བ་ལྗན་ལྗིན་འདུག་པ་གཅིག་གཏད་ནས་ཟོ་གསུངས། ཟོས་པས་རྟོག་མེད་ཀྱི་ཉམས་གཅིག་བྱུང་། བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཞིག་ཀྱང་ཟོས། གཡས་གྲལ་ལ་རྣལ་འབྱོར་ས་ར་ཧ། གཡོན་གྲལ་ལ་ཀླུ་སྒྲུབ་བཞུགས་མཐར་ཐམས་ཅད་སློབ་དཔོན་དྲི་མེད་ལ་ཐིམ། དེ་གནས་འགྱུར་ནས་རྡོ་རྗེ་འཆང་རེད་འདུག །དེ་འཕྲལ་ཕཊཿཆེན་པོ་གསུངས་པས་འདིར་སླེབས་གསུངས། སྒྲོན་གསལ་གྱི་བཤད་པ་གནང་དུས་དཔལ་རྟ་མགྲིན་དབུ་སྟོང་ཕྱག་སྟོང་ཡོད་པ། འཁོར་གྲངས་མེད་པས་བསྐོར་བ། འོད་ཟེར་ཉི་ཟླ་ལྟར་འབར་བ་ལྟར་བྱུང་རང་ལ་ཐིམ་པ་དབང་སྡུད་ཀྱི་བརྡར་འདུག་གསུངས། རྩྭ་ར་ན་ཡོད་དུས་མ་མགོན་གཉིས་བྱུང་ནས་དགྲ་ཐམས་ཅད་གཉེན་དུ་བྱ། བར་ཆད་ཅི་ཡང་མེད་པའི་ཕྲིན་ལས་བྱ། དགོས་འདོད་ཐམས་ཅད་ངེད་ཀྱིས་སྒྲུབ་ཟེར། མ་མོའི་རྒྱུད་མེ་ལྕེ་འབར་མ་ལ་བཤད་པ་གནང་ཙ་རྡོ་རྗེ་འཆང་གི་སྐུས་ཕྱོགས་བཅུ་གང་འདུག །དེ་བསྟན་པ་ཕྱོགས་བཅུར་རྒྱས་པའི་བརྡར་འདུག །ལོ་བཞི་བཅུ་ཞེ་གསུམ་པར་རྒྱུད་ཀྱི་རྒྱལ་པོ་ཨ་ནུ་ཡོ་གའི་དབང་གི་ཆུ་བོ་ཆེན་པོ་བཞི་རྫོགས་ཟླ་བ་བདུན་དུ་གནང་རྗེས་སུ་ཀུན་འདུས་རིག་པའི་མདོ་དང་དགོངས་འདུས་བཤད་པ་གནང་ཙ་དཔལ་ལྡན་ལྷ་མོ་རྒྱུན་པར་བྱུང་། མདོ་དགོངས་འདུས་ཀྱི་འགྲེལ་ཆེན་མཛད་སྐབས་སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊིས་ཁམས་གསུམ་སྐུས་ཁྱབ་པ་འཁོར་སྐྱེས་བུ་གིང་དང་བཅས་པས་རི་རབ་འཕེན་པ་བྱུང་། གཞན་རྣམས་གཉིད་པའི་དུས་ཟིལ་ཆེ་བས་སྐད་ཤོར་བ་བྱུང་། ལྷ་མོ་དེས་ང་འདིར་འདུག་པ་ཡིན། ངའི་ལྷ་དཀོར་ཐམས་ཅད་འདི་རྣམས་ཀྱིས་གཏོར་བར་འདུག །ད་ཕྱིན་ཆད་གཏོར་དུ་མ་གཞུག །གལ་ཏེ་གཏོར་ན་ཁ་ཕྲུ་གཏོར་བ་ཡིན་ཟེར། བསྟན་ལ་དགྲ་ཐུལ་བའི་རྟགས་སོ། །འདི་སྐབས་ཟླ་བ་གསུམ་ནས་སྤྱི་དོན་བརྩམ་པ་གནང་། དེ་སྐབས་བླ་མ་སྟོན་འབུམ་པས་གྲོང་འཇུག་མན་ངག་གི་རྟགས་བསྟན་པར་ཞུས་པས་བྱིའུ་ཤི་བ་གཅིག་སྒོ་ན་འདུག་པ་ཁྱེར་ཤོག་གསུངས། དེར་བཞག་པ་དང་ད་ང་ལ་མ་ཐུག་པར་ཞོག་གསུངས་ནས་རླུང་ཕྱིར་འཕང་པ་དང་། བླ་མ་གྲོང་། བྱིའུ་འཕུར་བར་སྣང་། བདག་ཅག་གིས་ཕྱག་འཚལ་ནས་ད་སླར་འཇུག་པར་ཞུས་པས་དེ་མ་ཐག་ཏུ་བླ་མ་བཞད་བྱུང་། བྱིའུ་ལ་གནས་སྦྱོང་མཛད་དོ། །སྡིག་ཅན་འགའ་གནས་སྤོར་བས་ནམ་མཁའ་འཇའ་འོད་ཀྱིས་གང་བར་བྱུང་། སླར་ཉིད་ཀྱིས་ཚོགས་པ་ལྔ་བརྒྱ་ལ་འགྲེལ་སྟེང་ནས་བཤད་པ་གནང་། ཞེ་བཞི་པར་ཐོ་རངས་ཁ་གཅིག་ཏུ།དྭགས་པོའི་ཕྱོགས་ནས་བླ་མ་ལྷ་རྗེ་རི་ཙམ་ལ་འོད་ཟེར་ཉི་མའི་དཀྱིལ་འཁོར་ལྟ་བུ་འབར་བ་རང་མདུན་ནམ་མཁར་བྱོན་ནས། བུ་འགྲོ་དོན་མཛོད། བདེ་ཆེན་མངོན་དགའི་ཞིང་དུ་མཇལ་ཏེ་འོང་། གསུངས། སྐུ་ཚེ་བསྟན་པ་ལ་ཕན་པའི་དོན་དུ་བསྲིངས་ནས་བཞུགས་པར་ཞུས་པས། དངོས་དོན་གྲུབ་ཀྱིས་འགྲོ་འོ་གསུངས། འདི་ནས་དྭགས་པོ་རིན་པོ་ཆེ་གཤེགས་པར་གདའ། མཐར་རང་ལ་ཐིམ་སོང་། རྒྱུད་བྱིན་གྱིས་བརླབས་པའི་བརྡར་འདུག་གསུངས། དུས་མཆོད་འཛུག་པར་གནང་། འཁོར་ལོ་སྡོམ་པ་ནམ་མཁའ་གང་བར་ཞལ་ཀུན་ཏུ་ཡོད་པ། ཁ་དོག་སྣ་ཚོགས་ཞལ་ཕྱག་གྲངས་མེད་པ་ཕྱོགས་བཞི་ནས་རྗེ་བཙུན་མ་རིགས་བཞི་དང་ཞལ་སྦྱོར་དུ་ཡོད་པ། མདུན་རྒྱབ་ཀུན་ཏུ་གསལ་བ་ཞིག་གིས་རང་གི་སྙིང་པོའི་སྒྲས་ནམ་མཁའ་ཁྱབ་པར་སྒྲོགས་པ་ནི་སྔོན་སྐུ་སྐྱེ་རྣམས་སུ་ཡང་ཡང་གོམས་པ་དང་ད་ལྟར་དེའི་ཆོས་ཉིད་དོན་གྱི་ལྷ་མངོན་དུ་མཇལ་བའི་བརྡར་འདུག །ནུབ་གཅིག་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས། སྤྲུལ་སྐུའི་འགྲོ་དོན་མཛད་པ་ལ། །རྩོལ་སྒྲུབ་ཅི་ཡང་མཆེད་པ་ཡིན། །གསུངས་པས་ཕྲིན་ལས་རྩོལ་མེད་དུ་འབྱུང་བའི་བརྡར་འདུག །འདུལ་མདོ་དང་སོ་ཐར་བཤད་པ་གནང་བའི་ཚེ་སྔོན་རྒྱ་གར་དུ་གནས་བརྟན་ཆེན་པོ་ཞིག་གི་སྐུ་སྐྱེ་བཞེས་པ་དྲན་པ་ལས་རང་ཅག་བི་ཀྲ་མ་ཤཱི་ལར་ཡོད་པར་འདུག་གསུངས། དགུང་གྲངས་ཞེ་ལྔ་པར་དགྱེས་རྡོར་དཔག་མེད་གནང་། རྡོ་རྗེ་ཕུར་བའི་དཀྱིལ་འཁོར་ཞལ་ཕྱེས་པ་དེའི་ཚེ། དཔལ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པའི་ཐུགས་ཀ་ནས་བྱ་ཁྱུང་དམར་པོའི་གཤོག་པའི་འུར་སྒྲ་དང་སྒྲ་སྒྲོག་པས་ཀླུ་སྲིན་ཀུན་དབང་དུ་བསྡུས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བའི་སྒྲ་རྒྱུན་ཆད་མེད་པར་གྲགས་པ་འགྲོ་བ་ཀུན་གྱིས་ཐོས་པ་རྣམས་བྱུང་གསུངས། རྡོ་རྗེ་ཕུར་པའི་སྒྲུབ་གཞུང་དང་། ཞི་ཁྲོའི་གཞུང་མཛད། སྒྱུ་འཕྲུལ་སྡེ་བརྒྱད་བཤད་པ་ཤིན་ཏུ་རྒྱས་པ་ཟླ་བ་བརྒྱད་དུ་དབང་གདམས་མན་ངག་བཅས་གསུངས། གསང་བདག་སྙིང་ཏིག་གི་ཊཱི་ཀ་བརྩམ་པར་མཛད། ཐུགས་སྲས་བླ་མ་འབུམ་རྟེན་འོད་དུ་དེངས། ཀཿཐོག་ཕ་རིའི་དབུས་ཐད་ནས། རྗེ་བཙུན་ཕག་མོ་རིགས་བཞི་དྷཱ་ཀིར་བཅས་པས་གར་བསྒྱུར་བས། བླ་མ་ཐུགས་འུར་ནས་བྲོ་བརྡུང་། དུས་དོ་ནུབ་འོད་གསལ་གཉུག་མའི་དབྱིངས། །ཡུལ་སྣང་བ་དོན་གྱི་འོག་མིན་ན། །སེམས་སྐྱེ་མེད་ཤེས་རབ་ཕར་ཕྱིན་མོ། །དབྱིབས་བཞིན་ལག་གི་རྣམ་པ་ཅན་དུ་ཤར། །དཔལ་བདེ་ཆེན་དག་པའི་རང་རིག་པ། །འདི་ཞེན་མེད་རྡོ་རྗེ་ཕག་མོར་གསལ། །དེ་མཉམ་པ་ཉིད་ཀྱི་ཞལ་ཡང་མཐོང་། །འབྲས་བུ་གཞན་ནས་མི་འཚོལ་ཁོང་ནས་ཤར། །ཞེས་པ་སོགས་མགུར་པོད་ན་ཡོད་པ་བཞིན་གསུངས། མཁའ་འགྲོ་མཚོ་རྒྱལ་གྱི་མདུན་དུ་ཚོགས་འཁོར་ཕྱིན་པ་དང་སྦྲེ་ཁྱིམ་དབུ་རྩེར་འཇའ་གུར་ཕུབ་པ་ཀུན་ནས་གསལ། དེ་ནུབ་སློབ་དཔོན་པདྨས་གདམས་པ་གསུངས། འདི་ནས་ཞག་བདུན་དུ་གཙོང་ཁ་དགེ་བཤེས་ང་རྒྱལ་ཅན་དེས་སྤྱོད་འཇུག་ཤེར་ལེ་ལ་འདྲི་བ་དང་རྩོད་པ་དང་མདོ་དགོངས་འདུས་ལ་བརྒལ་བས་སླར་སྤོབས་པ་བཅོམ། ནུབ་དེར་སྔར་གྱི་ཕག་མོ་ལ་གྲུབ་ཐོབ་བརྒྱད་ཅུས་བསྐོར་བའི་ས་ར་ཧ་པས། འདི་ནི་མི་འཇིགས་སྐྱེ་བ་མེད། །གཉུག་མ་འདི་ཡང་འདི་ཡིན་ནོ། །ཞེས་སྙིང་ཁར་མཛུབ་ཚུགས་གནང་བས་སྒྲོ་འདོགས་ཐམས་ཅད་ཆོད། དེ་འཕྲལ་རྒྱལ་པོ་ཛཿའམ་ཨིནྡྲ་བོ་དྷི་ཡིན་སྙམ་པར་འགྱུར་ནས་དབང་བསྐུར་བས་བུམ་པའི་ཁ་ན་རྒྱལ་བ་རིགས་ལྔ་དཔག་ཏུ་མེད་པ་སྣང་གསུངས། ཞེ་དགུ་ནས་ང་ལྔའི་བར་མདོ་དང་སྒྱུ་འཕྲུལ་ཡང་ཡང་གསུངས། བདེ་མཆོག་དང་ཕྱག་རྒྱ་ཆེན་པོ་རྒྱས་པར་ལན་མང་དུ་གསུངས། ཛཾ་རིན་པོ་ཆེ་དགུང་ལོ་བརྒྱ་བཞེས་པ་འདི་མཚམས་སུ་འཇའ་ལུས་སུ་ཡལ་བར་གསན། བླ་མའི་དུས་མཆོད་འཛུགས་པར་གནང་། དབུས་གཙང་ནས་ཆོས་ཞུ་བ་དུ་མ་སོགས་ལོ་འདི་ལས་འདུ་ཚོགས་ཆེ་བ་མ་བྱུང་སྟེ་དགེ་འདུན་ཁྲི་ཕྲག་བརྒྱད་དུ་ཉེ་བ་བྱུང་། མདོ་དང་སྒྱུ་འཕྲུལ་རྫོགས་ཆེན་ཡང་ཕུར་བྱམས་ཆོས་བདེ་མཆོག་ཕྱག་ཆེན་སོགས་གནང་། ཉིད་ཀྱིས་མཁན་པོར་མཛད་དེ་ཚུལ་ཤིང་ལེན་པ་སྟོང་ཚོ་བརྒྱད་ཙམ་བྱུང་། དཔོན་དགེ་ལུ། མི་ཉག་ཏཱ་ཀྱིན། གླིང་དགྲ་ལྷ་དར་རྒྱས། ཀོང་པོ་ཀ་ལེབ་རྣམས་ཀྱིས་ཡོན་བདག་བྱས། དབྱར་ཟླ་བ་གསུམ་དུ་འདུལ་བ་སུམ་བརྒྱ་པ་ལུང་དང་སྦྱར་བ། མངོན་པ་མཛོད། ཀུན་བཏུས། མངོན་རྒྱན་མདོ་དང་སྦྱར་བ། བརྒྱད་སྟོང་པ་ཟུར་བཤད་བཅས་གནང་། མི་འཁྲུགས་པའི་ཞིང་དང་། བདེ་བ་ཅན་གྱི་ཞིང་མཇལ། སྒྲོ་འདོགས་ཆོད། གྲོལ་བ་དང་སྐྱ་སེར་ཁྲི་ཚོ་དགུ་ལ་སེམས་བསྐྱེད་ལན་སུམ་ཅུར་ཙམ་གནང་། མེ་ཏོག་གི་ཆར་བབ། དེ་རྫོགས་ནུབ་ཉི་མ་གཉིས་ཤར་བ་རྨིས། བསྟན་པ་དར་བའི་བརྡ་འདྲ་གསུངས། འདི་ནས་རྡོ་རྗེ་རྒྱལ་མཚན་གདན་འཇོག་(འཛིན)ཏུ་བསྐོ་བར་མཛད། ལོ་ལྔ་རུ་སྒྲུབ་པ་མཛད་པས་དྲུག་ཅུ་པར་གྲོལ། ལུང་བསྟན་པ་བརྙེས། ས་བརྒྱད་པའི་སྔ་ལྟས་སུ་གཟིམ་ལམ་ཡ་མཚན་དུ་མ་བྱུང་འདུག །རྨ་སྤོམ་ར་དང་། ཐང་ལྷས་གཙོས་མགུལ་(མགུར)ལྷ་བཅུ་གསུམ་གྱིས་དར་མདུང་དཀར་པོ་རེ་བཟུང་ནས་བཀའ་ཉན་དང་བརྒྱུད་འཛིན་སྐྱོང་ཟེར་བ་དུ་མས་མཐོང་། སླར་བདག་ཅག་ཚོམ་བུ་བརྒྱ་དང་བཅས་པས་འདུས་པ་ཆེན་པོ་མདོ་ཡི་ལོ་སྒྲུབ་བགྱིས། དེ་ཡི་ལོ་རྒྱུས་གུཧྱཿ དབང་ལ་ཚོགས་པ་ཁྲི་བདུན་ཙམ་བྱུང་། མེ་ཏོག་གི་ཆར་དང་འཇའ་འོད་བྱུང་བ་མངོན་སུམ་མོ། །གསང་འདུས་ཀྱི་ལྷ་ཚོགས་སོགས་གཟིགས་པས་བཞད་པའི་སྒྲ་ཉེ་འཁོར་བ་དགེ་སློང་ཚུལ་རིན་སོགས་ནས་ཐོས། རེ་གསུམ་པར་སྒྱུ་འཕྲུལ་སྡེ་བརྒྱད་ཤིན་ཏུ་རྒྱས་པ་དང་རྫོགས་པ་ཆེན་པོ་སེམས་སྡེའི་རྒྱུད་ཉེར་བདུན་ལ་བཤད་པ་དང་གདམས་པ་སྦུབས་མཆུར་བཅས་གནང་། ཤར་རྒྱལ་མོ་ཚ་བ་རོང་གི་གྲུབ་ཐོབ་མི་གསུམ་བྱུང་། ལོ་འདིར་ཉིན་རེར་ཆོས་ཐུན་བཅུ་གསུམ་རེ་གསུངས། བྷ་ར་དྷྭ་ཛ་དངོས་དང་གསུང་གླེང་མཛད་པ་ཉེ་གནས་དགེ་སློང་ཤེས་རབ་དཔལ་བས་མཇལ། རེ་ལྔ་པར་ལྷོ་ཕྱོགས་ཀྱི་ནགས་སཱ་ལའི་ཚལ་དུ་དཔལ་ཧེ་རུ་ཀའི་ལོ་སྒྲུབ་མཛད་དོ། །དེ་ལས་གྲོལ་ནས་རྣ་བརྒྱུད་རྡོ་རྗེ་ཟོམ་པ་དང་། ཀློང་ཆེན་རྒྱལ་པོའི་རྒྱུད་རྣམས་སྐལ་ལྡན་ཁ་ཤས་ལ་ཟླ་བ་བཞིར་གནང་། ཉིད་དང་ཞལ་སློབ་མཆོག་ལ་ཉེ་བ་བཅུས་དགེ་བསྙེན་དང་རབ་བྱུང་དང་། དགེ་སློང་ཉིས་ཚན་དུ་བྱས་ན་བཞི་སྟོང་དུ་ཉེ་བར་གནང་། མཁའ་འགྲོ་མའི་སུན་མ་བྱུང་བ་དཔའ་བོ་རྡོ་རྗེ་རྒྱལ་མཚན་གྱིས་གསོལ་བ་བཏབ་པས་ཕྱིར་བསྙིལ། འཆལ་བའི་ཚོགས་དྲུག་ཅུ་ཙམ་གཎྜིའི་སྒྲ་དང་བཅས་གནས་ནས་དབྱུང་། རེ་དྲུག་ནས་རེ་དགུའི་བར་སྒྱུ་འཕྲུལ་ཕྱག་ཆེན་མདོ། རྫོགས་ཆེན་བཅས་གནང་། རྩིགས་པ་ལས་ཐལ་བྱུང་དུ་ཕེབས་པ་བསྟན་ཏོ། །རྗེ་འདིའི་བསྟན་བཅོས་ལ། མདོ་དང་སྦྱར་བའི་སེང་བཟང་ལུགས་ལྟར་གྱི་ཕར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་རྣམ་འབྱེད། འདུལ་བ་དགེ་སློང་ཕ་ཡི་སོ་ཐར་མདོའི་འགྲེལ་ཆེན་དངུལ་དཀར་མེ་ལོང་། མཛོད་ཀྱི་སྤྱི་གཅོད་ནོར་བུའི་མཛོད། རྩ་ཤེར་མཆན་ཊཱིཀ་བཅས། སྤྱོད་འཇུག་ཁོག་དབུབ་རིན་ཆེན་སྒྲོན་མ། དེ་རྣམས་ཀྱི་བསྡུས་དོན། བྱང་ཆུབ་སེམས་བསྐྱེད་ཀྱི་ཆོ་ག །བསླབ་བྱའི་སྟོང་ཐུན། ལམ་རིམ་དབུས་ཏིག །སྔགས་ལ་འཇམ་དཔལ་མཚན་བརྗོད་མཆན། བླ་མ་ཙཎྜིའི་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་སྟོང་ཐུན་གསེར་གྱི་མྱུ་གུ། སྒྱུ་འཕྲུལ་གསང་སྙིང་འགྲེལ་སྙིང་གི་ཊཱི་ཀ །སྤར་ཁབ་མཆན། ལམ་རིམ་མཆན། བསྡུས་དོན། རྒྱ་མཚོའི་མཆན། རིག་དྲུག་མཆན། ཐབས་ལམ་མན་ངག་སྟོང་ཐུན། སྒྲུབ་གཞུང་། མདོའི་འགྲེལ་ཆེན་ལེ་ཚན་ཉེར་ལྔ། སྤྱི་དོན། བསྡུས་དོན། ཁོག་དབུབ། སྒྲུབ་གཞུང་། ཀུན་འདུས་བཀོད་པའི་མཆན་ཀུན་བཟང་དགོངས་པའི་སྤར་ཁབ། རྫོགས་པ་ཆེན་པོའི་རིམ་པའི་ཁོག་དབུབ། བསམ་གཏན་སྤྱི་འགྲེལ་རྒྱས་འབྲིང་བསྡུས། ས་ལམ་སྟོང་ཐུན། རྒྱུད་དབྱེ་བཅས་རྒྱས་འབྲིང་བསྡུས། དབང་གི་སྟོང་ཐུན། ཀུན་བྱེད་འགྲེལ་ཆེན་རང་རིག་ཟླ་བ་རྡོ་རྗེའི་ཐ་རམ། སྤྱི་གཅོད་རྒྱན་གྱི་མེ་ཏོག །ཐེག་པའི་སྤྱི་ཆིངས་སོགས་དེབ་ཚལ་རྒྱན་གྱི་ཇུས་ཁབ་ལྟར་པོད་བཅུ་དགུ་ཙམ་མོ། །ཕྲིན་ལས་འཆད་རྩོམ་སོགས་ཀྱི་མཛད་པ་མཐར་ཕྱིན་པའི་ཚུལ་ལོ། ། ༈ ། །དགུང་གྲངས་བདུན་ཅུ་བཞེས་པར། ཟླ་བ་གཅིག་ཏུ་ཚོགས་པ་ཁྲི་བདུན་ལས་བརྒལ་བར་སེམས་བསྐྱེད་དང་དབང་བསྐུར་མཛད། ཞལ་གདམས་དུ་མ་གནང་། རྡོ་རྗེ་རྒྱལ་མཚན་པ་རྒྱལ་ཚབ་ཏུ་བཀོད་པའི་བརྡར་པཎ་ཞུ། བེར་ཐུལ་རྙིང་པ་བཅས་གནང་། བདག་ཅག་ཀུན་ལ་སེམས་སྡེའི་མན་ངག་མཐར་ཕྱིན་པར་གནང་། ཁྱེད་རང་རྣམས་བཤད་གྲྭའི་མཁན་པོ་ཡེ་རྒྱལ་བ་དང་སྒྲུབ་གྲྭ་ཀོང་པོ་བླ་མ་བུ་ཆུ་བས་སྐྱོངས། གཉིས་ཀར་རྡོ་རྗེ་རྒྱལ་མཚན་ནས་ཆོས་ཤོད། ང་ལ་བླ་མ་དྭགས་པོས་འདི་སྐད་གསུངས། ང་ལ་བཀའ་གདམས་པ་འདིའང་དྲིན་ཆེ། གནས་ལུགས་བླ་མ་མི་ལ་ལ་བརྟེན་ནས་རྟོགས་ཀྱང་ད་ལྟ་འགྲོ་དོན་ཅུང་ཟད་འོང་བ་འདི་ཁོང་དགེ་བཤེས་པའི་དྲིན་ཡིན། རྗེ་བཙུན་གྱིས་ཀྱང་བདག་ལ་གདམས་ངག་ཟབ་མོ་གནང་དུ་ཡོད་དེ་ཕོངས་གསུངས། ང་ལོག་འོང་བ་ལ་ཚུར་ཤོག །ད་ཕོངས་ནའང་གནང་གསུངས། ཕྱག་འཚལ་ནས་ཅི་ཚུགས་ལགས་ཞུས་པར། ཁོང་གིས་སྐུ་རྒྱབ་ས་དྲེགས་ཆགས་པ་དཀའ་སྤྱད་ཀྱིས་སྨིན་པ་དེ་བསྟན་ནས་འདིའོ་གསུངས། དེ་བས་ན་ཁྱེད་རྣམས་ཀྱང་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ཡིན་པས་རྟོགས་པ་ཅི་མཐོ་རུང་སྤྱོད་པ་འདུལ་བ་ཞིབ་དགོས། ཚིག་དོན་ཅི་འདྲ་མཁས་ནའང་ཚིག་གི་རོ་ཡིན་པས་མིའི་གོ་མི་ཆོད། ཆོད་པ་ལ་སྒོམ་དགོས། དེ་ལའང་གནད་དུ་ཨེ་འགྲོ་བལྟ་དགོས། ཐེག་ཆེན་ཡིན་ནས་བཟུང་རང་རྒྱུད་འདུལ་བ་ལས་གལ་ཆེ་བ་གཅིག་ཀྱང་མེད་གསུངས་ནས་ང་ལ་ཞལ་གདམས་གནང་བ་ཡིན། དེ་ལྟར་ཁྱེད་རང་རྣམས་ཀྱང་དམན་ས་ཟུངས། སྒྲུབ་པ་རྩེ་གཅིག་ཏུ་གྱིས་དང་བླ་མ་ཟམ་མ་ཆད་པ་འོད་དུ་དེངས་པས་ཁྱེད་ཅག་ཀྱང་དེར་འགྲོ། ཛཾ་རིན་པོ་ཆེས་རང་འོད་དུ་ཡལ་བ་སྒྲུབ་དྲིན་ཡིན། ངའང་བསྟན་པ་ལ་ཅུང་ཟད་ཕན་དུ་རེ་ནས་འཆད་པ་འདི་འདྲ་བགྱིས་མ་གཏོགས་སྒྲུབ་པའི་བཀའ་དྲིན་གྱིས་རང་སྣང་ལ་ཁྱད་མེད་ཀྱང་ཤར་ཀཾ་པོར་རྒྱུན་སྡོད་བྱུང་ན་གཞན་སྣང་ལ་འོད་དུ་དེངས་པ་གཅིག་འོངས་གསུངས། དེ་ལ་སོགས་པ་ཞལ་གདམས་བརྒྱ་པ་གནང་མཐར་ད་ཅི་ནས་ཀྱང་འཁོར་བ་ལ་བློ་ལོག་པས་ཁ་ནང་དུ་བལྟ་བ་དང་། དེ་ལའང་བྱང་ཆུབ་ཀྱི་སེམས་བསྒོམ་པ་གལ་ཆེ། ཞེས་གསུངས་ནས་ཚོགས་འཁོར་རྒྱ་ཆེན་པོ་གཅིག་མཛད། རྡོ་རྗེ་རྒྱལ་མཚན་ནས་གཙོས་བུ་སློབ་ཀུན་གྱིས་ཞབས་པད་བརྟན་པར་གསོལ་བ་བཏབ་ཀྱང་། ད་ནི་དངོས་དོན་ཟིན་གྱིས་བདེ་ཆེན་ཞིང་། །འོད་སྣང་མཐའ་ཡས་རྒྱལ་བའི་ཞིང་དུ་འགྲོ། །གྲོགས་དག་ཟབ་མོ་རྫོགས་པ་ཆེན་པོའི་ལམ། །འདི་ལ་རུས་གཏིང་སྙིང་གི་བུར་གྱིས་ཤིག །རྣལ་འབྱོར་འཆི་མེད་རྒྱུན་དུ་སྡོད་པ་ཡིན། །མི་རྟག་སྙིང་པོ་མེད་པའི་ངང་ཚུལ་འདིར། །ཀུན་ཀྱང་སྐྱོ་བར་མཛོད་ཅིག་ངའི་ཁ་ཏ། །བྱར་མེད་བདེ་ཆེན་རང་བྱུང་འོད་གསལ་དབྱིངས། །བལྟར་མེད་ནམ་མཁའི་རྣལ་འབྱོར་མཁའ་སྤྱོད་དུ། །འགྲོ་ལ་འཆི་བ་ཞེས་བྱ་མ་ཡིན་ནམ། །ཁྱེད་ཅག་རྣམས་ཀྱང་ང་ལ་མོས་དད་གུས། །མཐོང་བ་ཙམ་ཡང་འོད་མཚན་སྟོང་འབར་བའི། །ཞིང་དེར་འདི་ནས་སྒྱུ་ལུས་བརྟུལ་བ་འདི། །དོར་ནས་འཛོམ་པར་འགྱུར་བས་འགྱོད་མི་འཚལ། །སྟོན་པའི་བསྟན་པ་ཡུན་རིང་གནས་གྱུར་ཅིག །ལྷན་སྐྱེས་རང་ངོ་འཕྲོད་པ་རེ་སྐྱིད་དོ། །ཐེག་པའི་རྒྱལ་པོ་ཤིན་ཏུ་དར་གྱུར་ཅིག །བསྟན་པ་འཛིན་རྣམས་ཞབས་པད་བརྟན་གྱུར་ཅིག །བསྟན་ལ་གནོད་རྣམས་མིང་ཙམ་སྟོང་གྱུར་ཅིག །འགྲོ་ཀུན་སངས་རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་གསུངས་ཏེ་ས་ག་ཟླ་བའི་ཚེས་བཅོ་ལྔར་བླ་མ་དང་ཡི་དམ་མཁའ་འགྲོ་ལ་ཚོགས་ཀྱིས་མཉེས་པར་མཛད་དེ་ད་ནི་ལྷ་མོ་བརྗིད་ལྡན་མ། འོད་འཕྲོ་མ། དགའ་ལྡན་མ། འབྱུང་བའི་ལྷ་མོ་ལྔ་སོགས་དང་བླ་མ་ཧེ་རུ་ཀཿདཔལ་ཛཾ་སྟོན་པ་ལ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སུན་མ་འོང་བར་གདའ་གསུངས་ནས་རྩྭ་ར་ཆོས་ཀྱི་ཀུན་དགའ་ར་བའི་ཚལ་དུ་ཞལ་ནུབ་ལ་གཟིགས་སེམས་ཉིད་ངལ་བསོའི་ཕྱག་རྒྱ་བཅས་གཤེགས་སོ། །དེ་ཚེ་འཇའ་འོད་སྣ་ལྔ་པ། །ནམ་མཁའི་ནུབ་ཀྱི་རྡོ་གཉན་རྩེ། །དེ་ནས་བླ་མའི་མདུན་དུ་ཟུག །ནམ་མཁར་སྤྲིན་སོགས་རྡུལ་ཙམ་མེད། །དག་ལ་ཉི་མ་འོད་དུ་འབར། །ཁ་བ་མེ་ཏོག་འདབ་བཞི་པའི། །ཆར་ཡང་སྤྲིན་མེད་མཁའ་ལས་འབབ། །ངོ་མི་ཤེས་པའི་བྱ་དཀར་པོས། །ནམ་མཁའི་དཀྱིལ་ནས་གཡས་སྐོར་བྱེད། །སྤྱི་སེར་རླུང་ཡང་ལང་མི་ནུས། །རི་ཡི་ཟུར་དང་རྒྱབ་དག་ཏུ། །པི་ཝཾ་ཕེ་ཧྲང་འདྲ་བའི་སྒྲ། །རྒྱུན་ཆད་མེད་པར་སྒྲོག་པར་བྱེད། །དེ་ཚོགས་སྐྱེ་བོ་ཐམས་ཅད་ཀུན། །ངོ་མཚར་དད་པས་མཆི་མ་ལྷུང་། །འགྲོ་དོན་རྒྱ་ཆེན་བྱ་བའི་ཕྱིར། །ས་ཆེན་པོ་གཡོས་ནུབ་ཕྱོགས་སུ། །སྒྲ་ཆེན་ལན་མ་དགུ་རུ་གྲགས། །དེ་ནས་རྡོ་རྗེ་རྒྱལ་མཚན་སོགས་དགེ་སློང་སུམ་བརྒྱ་ཙམ་གྱིས་མེ་ཕུལ་བའི་ཆོ་ག་བྱས་མཆོད་པ་བགྱིས་པ་དང་གློ་བུར་དུ་མེ་ཏོག་གི་སྡོང་པོ་སེར་ཅན་འདྲ་བ་ཆེན་པོ་ཞིག་མེ་ཐབ་གཡས་སུ་འཁྲུངས་སོ། །དེར་རྒྱུད་སྡེ་ནས་འབྱུང་བའི་ས་ཆེན་པོའི་རྟགས་ཀྱང་བྱུང་། དབུ་ཐོད་རིན་པོ་ཆེར་མདུན་དུ་བཅུ་གཅིག་ཞལ་དོན་ཞགས་ལྷ་ལྔ་བཅས་པ། གཡས་ཕྱོགས་རྒྱལ་བ་རིགས་ལྔ་འཁོར་བཅས་ཚོམ་བུའི་ཚུལ། ཟུར་བཞིར་སྒོ་སྲུང་བཞི། སྟེང་དུ་རིགས་བཅུའི་ཧེ་རུ་ཀཿཀུན་ཏུ་བཟང་པོར་བཅས་པ། གཡོན་དུ་ཀོ་སེང་། ནང་དུ་འཇམ་དཔལ་དབྱངས། རྒྱབ་ཏུ་རྡོ་རྗེ་ཕུར་པ་བཅས་བྱོན། རིང་བསྲེལ་སྟོང་དུ་ལོངས་པ་བྱུང་། དེར་རྩྭ་ར་ཉིད་དུ་སོ་ཕག་ལས་མཆོད་རྟེན་གཙང་ཁང་ཀུན་དགའ་ར་བར་བཅས་པ་བགྱིས་ཏེ་བཞུགས་པ་འདིའོ། །སློབ་མའི་ཚོགས་ལ། ཐུགས་ཀྱི་སྲས་རྡོ་རྗེ་རྒྱལ་མཚན་གཅིག་པུའོ། །འོད་དུ་དེངས་པ་ལྔ་ནི། འོད་གསལ་བཻ་རོའི་ཕུག་ཏུ་བླ་མ་འབུམ་བརྟན། ལྷོ་ཕྱོགས་སཱ་ལའི་ཚལ་དུ་བླ་མ་མགོན་རྒྱལ། ཙྭ་རིར་དབུས་པ་ཡོན་ཏན་འབུམ། ཤར་རོང་བཙན་དུ་མི་ཉག་འཇང་སྟོན། རྒྱལ་པོ་གླིང་དུ་དགེ་སློང་ཤེས་རབ་པ། ཐོས་པས་ཆོག་པའི་མི་གསུམ་ནི། ཚ་བ་རོང་པ་སྟེ། ཤེས་རབ་རྒྱལ་མཚན། ཤེས་རབ་དཔལ་བ། ཤེས་རབ་རྡོ་རྗེའོ། །གཞན་ཡང་། ཤེས་རབ་སེང་གེ། བློ་བཟང་དཔལ་གྲགས། རྡོ་རྗེ་རིན་ཆེན། ཚུལ་ཁྲིམས་འབྱུང་གནས། པདྨ་དཔལ་བ། སངས་རྒྱས་དཔལ་བ། ཤཱཀྱ་འཕེལ་རྒྱས། དབང་ཆེན་དཔལ། མཁན་པོ་ཡེ་ཤེས་རྒྱལ་མཚན། ཚུལ་ཁྲིམས་རིན་ཆེན། བྱམས་པ་འབུམ་པ་སྟེ་མཆོག་དང་ཉེ་བ་བཅུ། གཙུག་ཏོར་དཔལ། མཁན་པོ་འདུལ་འཛིན་གྲགས་ཡེ། ཀོང་པོ་བུ་ཆུ་རྟོགས་ལྡན་ཏེ་བཟོད་པ་ཐོབ་པ་གསུམ། གཞན་ནི་གྲངས་ཀྱིས་མི་ལྡང་ངོ་། །གསུམ་པ་ནི་སྐྱེས་རབས་སུ་ཡོད་པ་ལྟར་རོ། །སྟོན་པ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཀྱི། །བསྟན་ལ་ཕན་པར་བཞེད་པའི་རྡོ་རྗེ་འཛིན། །བསྟན་འཛིན་མཉམ་ཉིད་དགོངས་པ་མངོན་གྱུར་པའི། །བསྟན་ཚུལ་སྣང་བ་སྒྲོ་སྐུར་རྡུལ་ཙམ་མེད། །དམ་པ་དེ་ཡི་རྟོགས་པ་བརྗོད་པའི་ཚུལ། །སློབ་མའི་དམ་པ་ཤེས་རབ་དཔལ་བ་ཡིས། །གསོལ་བཏབ་སྔ་མ་རྣམ་ཐར་རྒྱས་པ་ལས། །བསྡུས་ཏེ་བྲིས་དགེས་བདག་གཞན་འབྲེལ་ཐོགས་ཀུན། །སྐར་མ་བཀྲམ་པར་འགྲོ་བའི་འདྲེན་པ་མཆོག །ཚེ་དཔག་ཏུ་ནི་མེད་པའི་རྒྱལ་ཚབས་སུ། །གྱུར་ཏེ་དེ་ནས་ཕྱོགས་བཅུའི་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྦྲོལ་བྱེད་སངས་རྒྱས་ཤོག །

ཤཱཀྱའི་དགེ་སློང་སྡེ་སྣོད་གསུམ་པ་ལྡིང་པོ་པས་ཀཿཐོག་བཀྲ་ཤིས་ཐུབ་བསྟན་དཔལ་དུ་འབར་བ་ཆོས་ཀྱི་གླིང་གི་དགོན་པར་སྦྱར་བ་རྫོགས་སོ།། །།