༄༅།  །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །       

དཔེ་ཀློག་བྱེད་པའི་དམིགས་ཡུལ་གྱི་སྒང་ནས་དབྱེ་ན་དེ་ལ་རིགས་གསུམ་ཡོད་དེ།  འོས་འགན་གྱི་ཆེད་དུ་དཔེ་ཆ་ཀློག་པ་དང་།    དུས་ཚོད་རོལ་ཐབས་ཀྱི་དཔེ་ཀློག      ཤེས་བྱ་ལེན་ཆེད་ཀྱི་དཔེ་ཀློག་གསུམ་མོ། །

དང་པོ་དང་གསུམ་པའི་ཁྱད་པར་ནི་དཔེ་ཀློག་བྱེད་སྐབས་ལ་སྤྲོ་བ་ཡོད་མེད་ཡིན་ཏེ།       འོས་འགན་གྱི་ཆེད་དུ་དཔེ་ཆ་བཀླག་པ་ཡིན་ན་དཔེ་ཀློག་རང་སྟེང་ནས་སྤྲོ་བ་ཉུང་སྟེ།  སྤྲོ་བ་ཡོད་པ་ནི་དེའི་འབྲས་བུ་དཔེར་ན་རྒྱུགས་འཕྲོད་པ་དང་གཞན་གྱི་མཐེ་བོང་ཐོབ་པ་སོགས་ཡིན་པ་ལས་ཤེས་བྱ་དེ་སྤྲོ་བའི་ཐབས་ལམ་འགྱུར་ཡོད་པ་རེད།  འོན་ཀྱང་ཤེས་བྱའི་ཆེད་དུ་དཔེ་ཀློག་བྱེད་པ་ཡིན་ན།  དེ་འདྲའི་ཟང་ཟིང་གི་དམིགས་ཡུལ་དག་ཕལ་བར་སོང་ནས།  ཤེས་བྱ་དེ་སྤྲོ་བ་ཉིད་དང་ལག་ཆ་མིན་པའི་དམིགས་ཡུལ་ཏུ་ཆགས་དགོས་པ་རེད།   མ་ཟད།   སྐབས་འགར་འོས་འགན་དཔེ་ཀློག་དེ་ལ་སྤྲོ་བ་གཞི་ནས་ཡོད་མི་གྱུར་ཏེ་མང་པོ་ཞིག་གིས་སྡུག་བསྔལ་ཞིག་ཏུ་དཔེ་འཇོག་པའང་ཡོད།   གཉིས་པའི་སྐབས་སུ།  དཔེ་ཀློག་ལས་ཤེས་བྱ་ཐོབ་མི་ཐུབ་བམ།  སྤྲོ་བ་འཕེལ་མི་ཐུབ་བམ་ཞེ་ན།   དུས་རོལ་དཔེ་ཀློག་གི་སྐབས་སུའང་ཤེས་བྱ་ཐོན་སྲིད་པ་ཡིན་མོད།  འོན་ཀྱང་ཤེས་བྱ་ནི་ཞར་བྱུང་ཡིན་པ་ལས་རེག་འདོད་པའི་འབྲས་བུ་དེ་མ་ཡིན།  སྤྲོ་བའང་འཕེལ་ཐུབ་པ་ཡིན་མོད།  དེ་ཡང་ཤེས་བྱ་རང་སྟེང་ལ་ཡོད་མེད་ངེས་གཏན་མིན་ལ།  སྐབས་འདིར་ཤེས་བྱ་དེ་ལ་ནན་ཏན་བྱེད་པའང་མིན།  འོན་ཀྱང་ཤེས་བྱའི་ཆེད་དུ་དཔེ་ཀློག་བྱེད་དགོས་ན།  ངེས་པར་ཏུ་ཤེས་བྱ་ལ་ནན་ཏན་དགོས་པ་ཡིན་ཏེ།  དུས་ཚོད་རོལ་ཚར་བ་ཉིད་དུ་དཔེ་ཆའི་ཁ་གཟིམ་ཆོག་པ་དང་མི་འདྲ་བར།  ཤེས་བྱ་ཞིག་གི་མཐའ་མ་ཆོད་བར་ཏུ་དཔེ་ཀློག་རྒྱུན་མཐུན་དགོས་པ་རེད།  དེ་བས་དུས་ཚོད་ཀྱི་ངོས་ནས་བཤད་ན།  རིགས་གཉིས་པ་དེ་དུས་ཚོད་ཀྱིས་དཔེ་ཀློག་གི་ངལ་བ་ཚོད་འཛིན་བྱས་ཡོད་པ་དང་།  རིགས་གསུམ་པའི་སྐབས་སུ།  དཔེ་ཀློག་གི་དགོས་པའི་ཆེད་དུ་དུས་ཚོད་བཏང་དགོས་པ་ཡིན།

དེ་འདྲའི་དབྱེ་བ་ཁས་ལེན་ཡོད་ན།  ང་ཚོ་བརྗོད་རིམ་གཉིས་པར་འགྲོ་ཆོག་ཏེ།  འོས་འགན་དཔེ་ཀློག་ནི་འོས་འགན་ཞིག་ཡིན་པས་དེ་ནི་གཞན་དབང་གི་དཔེ་ཀློག་ཅིག་ཡིན།  དེ་བས་སྐབས་དེར་དཔེ་ཆ་གང་འདྲ་ཀློག་དགོས་མིན་འོས་འགན་ལྟ་འགྲོ་དགོས་པ་ལས་རང་གི་འདོད་ཚུལ་བཅུམ་ཐུབ་དགོས་པ་རེད།  དཔེར་ན།  རྩིས་རིག་གི་རྒྱུགས་ཀྱི་ཆེད་དུ་དཔེ་ཆ་ཀློག་པ་ཡིན་ན།  བརྩམས་སྒྲུང་ཀློག་པའི་རང་འདོད་བཅུམ་དགོས་པ་རེད།   དེ་བས།  འདི་ལ་རང་དབང་གི་དཔེ་ཀློག་བྱེད་སྟངས་མེད་ལྟ་བུར་ཆགས་ཡོད།  དུས་རོལ་གྱི་དཔེ་ཀློག་ནི་རང་དབང་གི་དཔེ་ཀློག་ཡིན་མོད།  དེ་ཤེས་བྱའི་ཆེད་དུ་མིན་པས།  དེ་ལ་ནན་ཏན་དྲག་པོ་དགོས་པ་མ་རེད།  དུས་ཚོད་སྐྱིད་པོ་རོལ་ཐུབ་ན་དེ་ཡིན་པས།  སྐབས་འདིར་ཤེས་བྱ་ཡང་མོའི་རིགས་ཀྱི་དཔེ་ཆ་ཀློག་པར་བྱེད་ལ།  དཔེ་ཀློག་གི་བརྒྱུད་རིམ་ལ་དམིགས་ཡུལ་གཞན་ཀྱང་འཛིན་ཉན་པ་མིན།  མང་ཆེ་བའི་དཔེ་ཀློག་རིགས་འདིར་བརྩམས་སྒྲུང་སོགས་ནང་དོན་ཡངས་བའམ་ཤེས་བྱའི་ཚགས་ལྷོད་པོ་ཅན་འདོན་པ་རེད།  དེས་ན།  ང་ཚོའི་བརྗོད་རིམ་གཉིས་པ་ནི་ཤེས་བྱའི་ཆེད་དུ་དཔེ་ཀློག་བྱེད་པ་འདི་གཙོ་བོར་བྱེད་པ་ཡིན་ཏེ།  དེ་ནི་རང་དབང་གི་དཔེ་ཀློག་ཅིག་ཡིན་མོད།  དེ་ནི་བདེ་ལྷོད་ཀྱི་དཔེ་ཀློག་ཅིག་ཡིན་པའི་ངེས་པ་མེད།  ཁ་གཅིག་ན་རེ།  བདེ་ལྷོད་མིན་ན་སྐབས་འདིར་སྤྲོ་བ་ཐོབ་ཟེར་བ་གང་ལ་གོ་ཞེ་ན།   དེ་ནི་ཤེས་བྱ་གསར་ཏུ་ངེས་པའི་སྤྲོ་བ་དང་།  ལྟ་ཐོས་རྒྱ་བསྐྱེད་ཐོབ་པའི་རྗེས་ཀྱི་སྤྲོ་བ་དེ་ལ་གོ་བ་ཡིན་པ་ལས།   དཔེ་ཀློག་གི་བརྒྱུད་རིམ་ནི་མཐའ་ན་ཟས་བརྗེད་དེ་ལུས་ལ་སྡུག་གྱོང་མྱོང་བ་དང་།  གཉིད་བརྗེད་ནས་ཕྱིར་ཉིན་རིག་པ་ཧར་ཧོར་གྱུར་བའི་སྡུག་བསྔལ་ནི་ཡོད་སྲིད་པ་རེད་ལ། ཡུན་རིང་གི་དཔེ་ཀློག་འོག་ཏུ་ཚེ་ཇེ་ཐུང་དང་ནད་ཇེ་མང་ཡང་འགྲོ་སྲིད་པ་རེད།  དེ་འདྲ་ཡིན་ཙང་།  དཔེ་ཀློག་འདི་རིགས་བྱེད་མཁན་ནི་དཀོན་པ་དང་།  དཔེ་ཀློག་འདི་རིགས་ཀྱི་སྤྲོ་བ་ཆེན་པོའི་ཞོར་ཏུ་བར་ཆད་མི་འབྱུང་ཕྱིར་ངེས་པར་ཏུ་ཐབས་ཤེས་མཁོ་བ་རེད།  དེ་བས་དཔེ་ཀློག་བྱེད་སྟངས་ཟེར་ན་འདིའི་སྐོར་གྱི་ཉམས་མྱོང་འབའ་ཞིག་ཡིན། །

 

  ཤེས་བྱའི་ཆེད་དུ་དཔེ་ཀློག་བྱེད་སྐབས།  དཔེ་ཀློག་དེ་མི་ཚེ་གཅིག་གི་ལས་བྱ་ཞིག་ཏུ་འཆར་གཞི་བྱེད་དགོས་ཏེ།  ཤེས་བྱ་ལ་ངོ་མ་བསམ་ནས་ཡོད་ན།  ཤེས་བྱའི་མཐའ་མེད་པའང་ཤེས་དགོས།  མཐའ་མེད་ཀྱི་ཤེས་བྱ་ལ་རྟོགས་འཇུག་དགོས་ན་དེ་ནི་མི་ཚེའི་ལས་བྱ་ཞིག་ཏུ་མི་འགྱུར་ཀ་མེད་ཡིན་ཏེ།  དུས་ཡུན་ཐུང་ཐུང་ཞིག་གམ་ལོ་བཅུ་ཕྲག་ཙམ་གྱིས་ཐམས་ཅད་མཁྱེན་པར་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཐུབ་པ་མིན།

 

  ད་ལྟ་བོད་ཀྱི་ཆ་སྙོམས་ཚེ་ཚད་ནི་ལོ་རེ་བདུན་རེད།   མ་འོངས་པར་ད་དུང་ཇེ་མཐོར་འགྲོ་སྲིད་པ་ལ་གཞིགས་ནས།  ང་ཚོས་མི་ཚེ་གཅིག་ལ་ལོ་དོན་ལྔ་འཚོ་ཐུབ་པའི་ཚོད་འཇོག་བྱེད་པ་དང་།  གལ་ཏེ་ཁྱོད་རང་གིས་ལོ་རྩ་ལྔ་ནས་དཔེ་ཀློག་བྱས་པ་ཡིན་ན།  ཁྱོད་ལ་དཔེ་ཀློག་བྱེད་པའི་ཉི་མ་  (75-25)x365=18250    ཡོད་པ་དང་།  ཉིན་རེར་དུས་ཚོད་གསུམ་རེའི་དཔེ་ཀློག་དུས་ཚོད་ཁེག་ཐེག་ཐུབ་པ་ཡིན་ན་དུས་ཚོད་18250×3=54750 ཡོད་པ་རེད།   དར་མ་ཞིག་གིས་སྐར་མ་རེ་ལ་ཡིག་འབྲི་500-900་ཙམ་ཀློག་ཐུབ་པ་ཡིན་ན།  ང་ཚོས་ཆ་སྙོམས་ཡི་འབྲི་700སྟེང་ནས་རྩི་རྒྱུ་དང་།     དེ་ལྟར་ན་དུས་ཚོད་གཅིག་ལ་ཡིག་འབྲི་700×60=42000 ལྟ་ཐུབ་པ་རེད་དེ།    པད་མ་བཀའ་ཐང་ལ་ཡིག་འབྲི་འབུམ་ལྔ་ཡོད་པར་ཆ་བཞག་ན།  ཉིད་ཀྱིས་དེབ་དེ་འདྲ་ཞིག་ལ་དུས་ཚོད་བཅུ་གཉིས་སྤྱོད་དགོས་པ་དང་།  ཉི་མ་རེ་ལ་དུས་ཚོད་གསུམ་རེའི་དཔེ་ཀློག་བྱས་ན་ཉིན་བཞི་འགོར་བ་རེད།   18250/4=4562.5  ཡིན་པས་དེ་འདྲའི་ཚོད་འཇོག་འོག་ནས་མི་གཅིག་གིས་མི་ཚེ་གཅིག་ལ་དཔེ་ཆ་བཞི་སྟོང་ལྔ་བརྒྱ་ཡས་མས་ཀློག་ཐུབ་ཀི་རེད།   འོན་ཀྱང་འདི་ནི་བར་ཆད་གང་ཡང་མེད་པའི་སྒང་ནས་རྩིས་པ་ཡིན་པས།  མི་གཅིག་གི་དངོས་ཡོད་མི་ཚེ་ལ་དཔེ་བཞི་སྟོང་ཕལ་ཆེར་ཐུབ་རྒྱུ་མ་རེད།     ཡང་དཔེར་ན་སྒྲུང་ལ་སོགས་པ་མནོ་བསམ་བྱེད་ཡུལ་དང་བསམ་བློ་ཐོགས་ས་ཉུང་བའི་དེབ་རིགས་ལྟས་པ་ཡིན་ན་མྱུར་ཚད་ཇེ་མགྱོགས་ལ་འགྲོ་བ་སྲིད་མོད།  མཚན་ཉིད་སོགས་ལ་ལྟ་སྐབས་མྱུར་ཚད་ཇེ་དལ་ཏུ་འགྲོ་བ་ངེས་པས།  འདི་གཉིས་ཕན་ཚུན་ལྟོས་སེལ་བྱས་ན་དཔེ་ཀློག་གི་མྱུར་ཚད་དེ་ཕལ་ཆེར་མི་རེའི་ངོས་ནས་རང་རང་གི་ཆ་སྙོམས་གྲངས་ཤིག་ཡོད་ཐུབ་པ་རེད།

 

ག  གལ་ཏེ་མྱུར་ཚད་ཁོ་ན་ལ་དམིགས་ནས་དཔེ་ཀློག་བྱས་ན།  ཉིན་རེར་དེབ་རེ་ཀློག་ཐུབ་པ་མི་སྲིད་པ་མ་རེད་མོད།  དེ་འདྲ་བྶཡ་པའི་དཔེ་ཀློག་འོག་ནས་ཁྱོད་ཀྱིས་བློ་ལ་ངེས་ཐུབ་པའི་ཤེས་བྱ་ག་ཙམ་ཡོད།  ཆ་སྙོམས་ལས་བརྒལ་ན་དཔེ་ཀློག་གི་སྤུས་ཚད་ཇེ་ཞན་འགྲོ་བ་གཏན་ཁེལ་ཡིན་པས།  དཔེ་ཀློག་སྐབས་རང་ལ་རན་པའི་མྱུར་ཚད་གཅིག་རྙེད་ཐུབ་དགོས་པ་རེད།  བརྗོད་གཞི་གཅིག་གི་དེབ་དཔེར་ན།  བོད་ཀྱི་ལོ་རྒྱུས་ལྟ་བུ་ཡིན་ན།  དེབ་ལེགས་ཤོས་གཅིག་གཉིས་ཤིན་ཏུ་ནན་ཏན་གྱིས་ལྟས་ཚར་བ་ཡིན་ན།  ལོ་རྒྱུས་དེབ་བསླར་ཡང་ལྟ་སྐབས་མྱུར་ཚད་ཇེ་མགྱོགས་སུ་བཏང་ཆོག་པ་ཡིན་ཏེ།  འདི་ལ་ཡང་དཔེ་ཀློག་གི་ཉམས་མྱོང་ལས་ཐོབ་པའི་བློ་མིག་ཞིག་བསྐྱེད་རྒྱུ་འདུག་སྟེ།   དཔེ་ཀློག་ལ་བྱང་མཁན་ཞིག་ཡིན་ན།  བརྗོད་གཞི་བསྐྱར་བཟློས་ཀྱི་དེབ་གསར་བ་ལ་ལྟ་སྐབས།  སྔོན་ཆད་རྒྱུས་ཆ་ཡོད་པའི་ནང་དོན་དག་ནི་ཐིག་ཕྲེང་གཉིས་གསུམ་མིག་གི་བཤེར་ཐེངས་རེ་ལས་ཀློག་ཐུབ་པ་ཡིན་ལ།  ཡང་རིག་གཞུང་གི་དང་རྩོམ་པ་པོའི་ཁྱད་ཆོས་ལ་རྒྱུས་ལོན་ཡོད་མཁན་ཡིན་ན།  ཐད་ཀར་ཤོག་ངོས་རེའམ་ཚན་པ་སོ་སོའི་ནང་དོན་གསར་བ་ལྟས་ཙམ་གྱིས་འཛིན་ཐུབ་པ་ཡིན།   འོན་ཀྱང་འདི་ལ་དཔེ་ཀློག་གི་སྤྱངས་བརྡར་ཆེན་པོ་དགོས་པ་རེད།

 

  དེ་བཞིན།  ཤེས་བྱ་ནི་མཐའ་མེད་ཡིན་པས་ན།  མི་ཚེ་གཅིག་གི་ནང་ཏུ་རིག་པའི་གནས་སམ་རིག་ཚན་ཐམས་ཅད་ལ་སློབ་འཇུག་བྱེད་དགོས་ཟེར་ནའང་ཁག་པོ་རེད།  གཅིག་ན།  རྩིས་རིག་དང་གསོ་རིག་ལྟ་བུ་ནི་ཆེད་ལས་ཅན་ཡིན་པས།  དེ་ལ་རྨང་གཞི་མེད་ན་དཔེ་ཀློག་ཅི་འདྲ་བྱས་ཀྱང་ཕན་ཐོགས་ཀི་མ་རེད།  གཉིས་ན།  རིག་གནས་ཀྱི་རྟིང་ལ་དངོས་སུ་འགྲོ་སྐབས།  མི་གཅིག་གིས་ནུས་པའི་གནད་བརྒྱ་གྲོལ་མི་ཐུབ་པའང་གསལ་བོ་རེད།  དེ་བས།  རང་གི་སློབ་གསོའི་རྨང་གཞི་དང་དགའ་ཕྱོགས།  འཇོན་ནུས་དང་མཐུན་རྐྱེན་དང་མཐུན་ཆ་ཆེ་བའི་རིག་ཚན་གསུམ་བཞི་ཙམ་བསལ་ནས་གནད་དུ་བཟུང་ཏེ་དཔེ་ཀློག་བྱེད་པ་དང་།  དེ་མིན་དག་རྒྱུན་ཤེས་ཙམ་ངེས་པར་བྱེད་དགོས་ཡིན།   དེ་ན་རིག་ཚན་གང་དག་གལ་ཆེ་བ་རེད་ཟེར་ན།   གནའ་ནས་ད་བར་ཏུ་རྒྱུན་རིང་གི་ལོ་རྒྱུས་ལྡན་པའི་རིག་ཚན་དཔེར་ན་རྩོམ་རིག  མཚན་ཉིད།  ལོ་རྒྱུས་སོགས་ནི་སྒྲོམ་གཞི་ཤིན་ཏུ་ལེགས་པོ་ཡིན་པས།  རྩོམ་རིག་ཤེས་ན་མཚན་ཉིད་དང་ལོ་རྒྱུས་ལའང་ཤེས་བྱ་བསྐྱེད་ཐུབ་པ་ལྟ་བུ་བྱུང་བ་ཡིན་ལ།   ཡང་གསར་ཏུ་བྱུང་བའི་དཔལ་འབྱོར་རིག་པ་དང་ཆབ་སྲིད་རིག་པ་སོགས་ནི་དེབ་རབས་མི་བོ་ལ་མཚོན་ན་དགོས་མཁོ་ཆེ་བ་ཡིན།    གལ་ཏེ་འདི་ལྟ་བུའི་གཙོ་རྒྱུགས་ཀྱི་དཔེ་ཀློག་མ་བྱས་ན།   ཤེས་བྱ་མཐའ་གནས་ཅན་དག་ལ་ཕྱོགས་རིས་བྱས་ནས་ཀློག་ཆོག་པའང་ཡིན།   དཔེར་ན་བཤད་རྒྱུན་ལྟར་ན།   ཝེ་ཐི་ཀིན་སི་ཐན་གྱིས་སྐད་བརྡ་དང་རྩིས་རིག་མཚན་ཉིད་རིག་པ་ལ་ཁོ་ན་དགའ་མོས་བྱེད་པ་ཡིན་པ་དང་།  ཁོང་གི་དཔེ་བཀླག་བྱས་པའང་འདི་དག་དང་འབྲེལ་བའི་དེབ་བརྒྱ་གྲངས་ཙམ་ལས་མེད་ཟེར་སྲོལ་ཡོད་པ་ལྟ་བུ་ཡིན་པའི།  ཤེས་བྱའི་གནས་གཅིག་གི་སྟེང་ནས་གོ་རྟོགས་ངེས་ཅན་རེ་ཐོབ་དགོས་ན།  ཡིན་གཅིག་མིན་གཅིག་དཔེ་ཆ་མང་དགོས་པ་དང་ཁྱབ་ཚད་ཆེ་དགོས་པ་མ་ཡིན།

 

  འོན་ཀྱང་ཉིད་ཀྱིས་དཔེ་ཀློག་གི་གཙོ་གནད་གང་ཞིག་འཛིན་པ་ཡིན་རུང་།   སྤྱིར་བཏང་གི་རྒྱུན་ཤེས་ངེས་པ་བྱེད་རྒྱུ་ནི་གལ་ཆེ་བ་རེད།   རྒྱུན་ཤེས་ཀྱིས་རང་གི་གནད་ཀྱི་རིག་ཚན་ལ་ལྟ་ཕྱོགས་དང་འདྲེན་ཕྱོགས་གསར་བ་སྤྲོད་ནུས་པ་མ་ཟད།  དེ་ནི་དེང་གི་སྤྱི་ཚོགས་ཀྱི་ཁྲོད་ནས་འཚོ་གནས་དང་མི་དང་མིའི་བར་གྱི་འབྲེལ་བ་བྱེད་པར་དགོས་ངེས་ཤིག་ཀྱང་རེད།   མི་ཞིག་ལ་མཚོན་ན།  མི་ཚེའི་དོན་བྱ་ནི་གནད་དོན་བཞི་སྟེ།  ཁ་དང་ལག་པ།  ཀླད་པ་དང་རླིག་པ་བཞི་ཡིན་ན།  ཁ་ནིའཚོ་ཐབས་ཏེ་དེའི་དོན་དུ་དཔལ་འབྱོར་རིག་པ་དང་ཚན་རྩལ།  ལག་པ་ནི་སྟངས་འཛིན་སྟེ་དེའི་དོན་དུ་ཆབ་སྲིད་དང་སེམས་ཁམས་རིག་པ།  ཀླད་པ་ནི་དད་པ་སྟེ་དེའི་དོན་དུ་མཚན་ཉིད་དང་ཆོས་ལུགས།   རླིག་པ་ནི་འདོད་པ་སྟེ་དེའི་དོན་དུ་རྩོམ་རིག་སྙན་ངག་སོགས་མཛེས་ཀྱི་རྣ་པར་རྟོག་པ་དང་འབྲེལ་བ་དག་ཡིན།    ད་དུང་ང་ཚོས་ཁ་སྣོད་དུ་རིག་ཚན་གསུམ་ལ་དོ་སྣང་དགོས་པ་ནི།  འདི་དག་ནི་ཤེས་བྱ་སྣ་ཚོགས་ཀྱི་ཐབས་ལམ་ཡིན་ལ་ཤེས་བྱ་ཕན་ཚུག་གཅིག་སྒྲིལ་བྱེད་པའི་ཡོ་བྱད་ཀྱང་ཡིན།  དེ་གསུམ་ནི་ཕྱི་སྐད་དང་རྩིས་རིག་གམ་ཚད་མ།   ལོ་རྒྱུས་གསུམ་མོ། །

 

 གཙོ་གནད་ཀྱི་རིག་ཚན་འདི་དག་གནད་དུ་འཛིན་འདོད་ཡོད་ན་ཚེ་གཅིག་ལ་དེ་སྐོར་དཔེ་ཀློག་བྱེད་དགོས་པ་ནི་སྨོས་མ་དགོས་པ་རེད།  གལ་ཏེ་གནད་དུ་བཟུང་འདོད་པ་མིན་ན།  མ་མཐའ་ཡང་རིག་ཚན་རེའི་དེབ་བཅུ་ནས་ཉི་ཤི་བཀློག་ཐུབ་དགོས་པ་རེད་འདོད།   དཔེར་ན།  ཧོར་གླིང་གཡུལ་འགྱེད་དང་པད་མ་བཀའ་ཐང་།   ལྡེའི་ཆོས་འབྱུང་དང་སྤྲིན་གྱི་ཕོ་ཉ།  བྱང་ཆུང་ལམ་རིམ་དང་ནགས་ཚང་ནུས་བློ་ལྟ་བུ་བོད་རང་གི་གཙུག་ལག་དེབ་ཏུ་འདོད་པ་དག་གང་ཅི་ཐུབ་ཀྱིས་རྒྱུས་ལོན་དགོས་པ་ཡིན་ཏེ།  ཉིད་ཀྱི་གནད་འཛིན་རིག་ཚན་དང་འབྲེལ་བ་ཐད་ཀར་མེད་ཀྱང་དེ་དག་ནི་ཤེས་བྱའི་སྒྲོམ་གཞི་ཡི་ཀ་བ་གདོང་མ་ལྟ་བུ་ཡིན་པས་ཆད་རུང་བ་མ་ཡིན།   དེ་བཞིན་ཕྱིའི་མི་རིགས་ཀྱི་གྲགས་ཅན་བརྩམས་ཆོས་དག་ཀྱང་དེ་ལྟར་དོ་སྣང་དགོས་སྟེ།  ཧམ་ལེ་ཐི་དང་རཱ་མ་ཎིའི་རྟོགས་བརྗོད།   རྫོགས་ལྡན་རྒྱལ་ཁབ་ནས་རྒྱལ་བོའི་བསྟན་བཅོས།  མ་རྩ་སྨྲ་བ་ནས་དམ་པའི་གསུང་རབ་སོགས་ནི་ཀློག་ཐེངས་རེ་ཡོད་དགོས་པ་ཡིན།

 

 གནད་འཛིན་གྱི་རིག་ཚན་སྒང་ནས་དཔེ་བཀློག་བྱེད་སྐབས།   གཙུག་ལག་བརྩམས་ཆོས་བཀླག་དགོས་པ་མ་ཟད།  ད་དུང་དེ་དག་སྒྲོག་གཅིག་ཏུ་ལེགས་པོར་བཅུག་ཡོད་པའི་སློབ་ཆེན་བསླབ་དེབ་ཀྱང་མ་མཐའ་ཡང་བཞི་ལྔ་སློབ་དགོས་པ་ཡིན།  བསླབ་དེབ་ཀློག་སྐབས་ཚར་གཅིག་འདོན་པས་མི་ཆོག་པར།  དེའི་ནང་གི་ལས་བྱ་གང་ཡོད་ལག་བསྟར་བྱེད་དགོས་པ་ཡིན།  དཔྱད་པ་བྱོས་ཟེར་ས་ཡོད་ན་དཔྱད་པ་བྱས།   བློ་འཛིན་དགོས་ཟེར་ས་ཡོད་ན་བློར་འཛིན་དགོས་པ་ཡིན་ཏེ།  མདོར་ན་རང་ཉིད་ལ་སློབ་མ་དངོས་ཤིག་གི་ཚད་གཞི་འཇོག་དགོས།   ལས་བྱ་དེ་དག་བཅོས་མཁན་མེད་ཟེར་ནས་གཡོལ་རུང་བ་མིན་ཏེ།  ལས་བྱ་འདི་དག་ལ་རྗེས་སུ་རང་ལ་འདང་ཚོད་ཡོད་སྐབས་རང་གིས་རང་ལ་བཅོས་དཔྱད་བྱེད་ཆོག་པ་ཡིན།

 

  དེ་ནས་གནད་འཛིན་གྱི་རིག་ཚན་སྒང་ནས་ད་དུང་དཔྱད་རྩོམ་སྣ་ཚོགས་ཀློག་ཐུབ་དགོས།

 

  གནད་འཛིན་རིག་ཚན་རེ་རེ་ལ་ཡང་སོ་སོའི་གཙུག་ལག་དེབ་ཕྲེང་རེ་ཡོད་པ་རེད།  བསླབ་དེབ་ནང་ནས་དེ་དག་འདྲེན་བཀོད་བྱེད་པ་ཡིན་ལ།  དཔྱད་རྩོམ་ཁྲོད་དུ་དེ་དག་བཀོད་ཡོད་པ་ཡིན།    དེ་བས་གཙུག་ལག་དེབ་ཕྲེང་དེ་དག་ངོས་ཟིན་ཆེད།  དང་པོ་རིག་ཚན་དེའི་ལོ་རྒྱུས་སྤྱི་དོན་ངེས་དགོས་པ་དང་།  མི་གང་དག་བྱུང་ཡོད།  བརྩམས་ཆོས་གང་དག་བྱུང་ཡོད།   ཁྲིད་རྒྱུན་དང་ཕན་ཚུན་གྱི་འབྲེལ་བ་ཅི་ལྟར་རེད།   ད་དུང་རིག་ཚན་ཞིག་གི་ཁྲོད་དུ་བཀོད་འདྲེན་ཆེས་མང་བའི་བརྡ་ཆད་དང་དོན་རྟོག  ངེས་སྲོལ་གང་གང་ཡོད་འདུག    འདི་དག་ལའང་རྒྱུས་ལེན་མཐར་ཕྱིན་པ་ཞིག་ཡོད་དགོས།

 

ཐ   གོང་གི་དེ་དག་ནི་སྔོན་འགྲོ་རེད།  སྔོན་འགྲོ་འདི་དག་ལ་ཕལ་ཆེར་ལོ་བཅུ་ཚུན་ཆད་དགོས་པ་རེད།  གལ་ཏེ་ཁྱོད་ཀྱི་སློབ་ཆེན་སློབ་གསོའི་ཆེད་སྦྱང་ད་ལྟ་དཔེ་ཀློག་གི་གནད་འཛིན་ཡིན་ན།  དུས་ཚོད་འདི་ཇེ་ཐུང་ཏུབཏང་ཐུབ་པ་ཡིན་ལ།  རང་ཉིད་གྲྭ་བ་ཡིན་བཞིན་མུ་མཐུན་ནང་ཆོས་དང་མཚན་ཉིད་སོགས་གནད་དུ་འཛིན་འདོད་ཡོད་ན།  འདིའི་སྐོར་ལ་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད་རྒྱུ་རེད།  འོན་ཀྱང་ཁྱོད་ནི་རྩིས་རིག་ཆེད་སྦྱོངས་ཡིན་ལ་ད་ལྟ་རྩོམ་རིག་ལྟ་འདོད་ཡོདན།  ཡང་ན་ཁྱོད་ནི་གྲྭ་བ་དཀྱུས་མ་ཡིན་ནའང་ད་ལྟ་མི་ཆོས་རིག་གནས་སྐོར་ལྟ་འདོད་ཡོད་ན།  ལོ་བརྒྱད་དགུ་བཅུ་ལྷག་གི་སྔོན་འགྲོ་འཇོག་རྒྱུ་ནི་གལ་ཆེན་རེད།  སྔོན་འགྲོ་དེ་ནི་སློབ་ཆེན་ཆེད་རམས་པ་ཞིག་གི་ལོ་གསུམ་གྱི་སྦྱངས་གཞི་ཉིད་ཀྱི་ལོ་བདུན་བརྒྱད་ནང་རང་སྦྱང་བྱེད་པ་དེ་འདྲ་ཡིན་པས།  ནང་དོན་ཐད་ནས་བཀའ་མོ་མེད་རུང་རྒྱུན་འཁྱོང་ཐད་ནས་སེམས་ཐག་ཆོད་དགོས་པ་ཡིན།

 

 རིག་ཚན་གང་དང་གང་ལའང་རང་གི་ལོ་རྒྱུས་ཡོད་རེད།  ཁྱད་པར་ཏུ་ང་ཚོས་བཤད་བཞིན་པའི་རྩིས་ཚན་དང་རང་དབང་སྒྱུ་རྩལ་གཉིས་ལས་རང་དབང་སྒྱུ་རྩལ་སྐོར་ཡིན་ན།  རིག་ཚན་སོ་སོའི་ལོ་རྒྱུས་ནི་ངེས་པར་ཤེས་དགོས་སྟེ།  ལོ་རྒྱུས་ཀྱི་འཕེལ་རིམ་ལྟར་རང་གི་ཤེས་རྒྱ་ལ་འཕེལ་རྒྱས་བྱས་ན་དཔེ་ཀློག་ལ་ཕན་ཐོགས་ཆེན་པོ་ཡོད་རེད།  དཔེར་ན།  ནུབ་ཕྱོགས་མཚན་ཉིད་རིག་པ་ཡིན་ན།  དང་མ་ཉིད་ནས་ཧེ་གེལ་ལམ་དེང་རབས་ཕྱི་མ་ཀློག་བཞག་ན་གོ་རྒྱུ་ཆེན་པོ་ཡོད་མ་རེད། མཐའ་ན་ཅི་གོ་འདི་གོ་མེད་པའི་ཚོད་ལ་ཐུག་རྒྱུའང་རེད།  འོན་ཀྱང་ལོ་རྒྱུས་ལྟར་སོང་ནས།  སྔོན་མ་གནའ་བོའི་མཚན་ཉིད་རིག་པ།  དེ་ནས་དུས་རབས་བར་མ།  དེ་ནས་དེང་རབས།   དེ་ལྟར་འགྲོ་ཚར་རྗེས་ད་དེང་རབས་ཕྱི་མ་ལ་གཏུགས་ན་ཁྱོད་ལ་སྐད་ཆའི་རྒྱབ་ཁུངས་ཡོད་ལ།  མི་སུ་དང་བརྩམས་ཆོས་གང་གིས་དགག་པ་སྒྲུབ་པ་བྱེད་འདོད་པའི་གནད་དོན་ལའང་འདང་ཚོད་ཡོད་པ་མ་ཟད།   རྩོམ་པ་པོས་གསར་བཟི་བྱས་པའི་ཐ་སྙད་སོ་སོ་ལའང་གོ་བ་ལོན་རྒྱུ་ཡོད་རེད།

 

ན   བྱེ་བྲག་དེབ་རེ་རེ་གང་ལྟར་ཀློག་དགོས་ཟེར་ན།  གླེང་གཞིའམ་སྔོན་གླེང་།  གསལ་བཤད།  དཀར་ཆག་དང་མཇུག་བྱང་།  མཐའ་ན་རྒྱབ་ཤོག་གི་ཇུས་འགོད་སོགས་ལའང་སྣང་མེད་བྱེད་མི་རུང་།    སྔོན་འགྲོ་ལྟས་པ་ཙམ་གྱིས་དེབ་དེའི་ཤེས་བྱའི་གོ་གནས་ཤེས་ཐུབ་ལ།  མདུན་ཤོག་ཙམ་གྱིས་བརྩམས་ཆོས་ཀྱི་ལོ་རྒྱུས་རྒྱབ་ཁུངས་ལ་ཚོར་ངོས་ཀྱི་ངེས་ཤེས་སྐྱེ་ཐུབ་པ་ཡིན།   དེ་དག་ལས་དཀར་ཆག་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ།   དཀར་ཆག་ཤེས་ན་མི་ལུས་ཀྱི་རྐང་རུས་ཤེས་པ་ལྟ་བུ་ཡིན་པས།  བརྩམས་ཆོས་ཤིག་ལ་གོ་བ་ལོན་མི་ལོན་ནི།  དཔེ་ཀློག་ལས་ཐོབ་པའི་ཤེས་བྱའི་ལྕི་ཡང་དེ་དཀར་ཆག་ལྟར་ཡིན་མིག་ལ་ཐུག    དཔེར་ན།  དཀར་ཆག་ཏུ་ཙོང་ཁ་བའི་ཆོས་ལུགས་བཅོས་བསྒྱུར་གྱི་དམིགས་ཡུལ་བྲིས་ཡོད་པ་དང་།  ཉིད་ཀྱིས་དེབ་བཀླག་ཚར་དུས་ཙོང་ཁ་པའི་སྨོན་ལམ་ཆེན་མོ་བཙུགས་ཚུལ་ཁོ་ན་ངེས་པ་ཡིན་ན།  དོན་གཟབ་ས་དེ་ལ་གོ་བ་མ་ལོན་ནས་རྒྱུས་ལོན་བྱས་ཟིན་པའི་དོན་ལ་ཇེ་གཟབ་ཞིག་སོང་བ་ཁོ་ན་ཡིན་པས།  འདི་འདྲའི་དཔེ་ཀློག་ནི་ལེགས་གྲུབ་བྱུང་ཡོད་པ་མ་ཡིན།  གལ་ཏེ་དེ་འདྲའི་གནས་ཚུལ་ལན་མང་ཏུ་བྱུང་ན།  དཔེ་ཀློག་གི་ནུས་པ་དང་ནད་དོན་མ་མཚུངས་བ་ཡིན་པས།   དཔེ་དེབ་ཀྱི་གཟབ་ཚད་དམའ་རུ་བཏང་ན་ལེགས་ཤོས་རེད།

 

  ཟིན་བྲིས་བྱེད་མཁན་དང་མི་བྱེད་མཁན་གཉིས་ཡོད།  ང་རང་གི་ཉམས་མྱོང་ནི།  ཟིན་བྲིས་དེ་རིགས་བཞི་ཏུ་དབྱེ་ཆོག་ཏེ།  དམའ་ས་ནས་མཐོ་སར་སོང་ན།  ཚིག་གནད་ལ་རྟགས་བརྒྱག་པ་དང་དེབ་ཐོག་ཏུ་དྲན་ཚོར་རེ་གཉིས་འབྲི་བ་དེ་རིམ་པ་དང་པོ།  ཟིན་བྲིས་དེབ་ནང་དུ་དོགས་གནད་དང་ཤེས་གསར་ལ་ནན་ཏན་གྱིས་ཟིན་འགོད་བྱེད་པ་ནི་རིམ་གཉིས་པ།   བརྩམས་ཆོས་བཀླག་རྗེས་སུ་དེབ་དཔྱད་དམ་རྩོམ་སྣ་ཚོགས་འབྲི་བ་ནི་རིམ་གསུམ་པ།  བརྩམས་ཆོས་བཀླག་ཚར་རྗེས་རང་ཉིད་མཐོ་སར་བསྡད་ནས་དེབ་དཔྱད་འབྲི་ཐུབ་པ་དེ་འདྲ་ཉུང་ཉུང་ཡིན་པས།  སྐབས་མང་པོ་ཞིག་ལ་ཉིད་ཀྱིས་བརྩམས་ཆོས་ཀྱི་བརྗོད་དོན་གཞིར་བཟུང་ནས་འབོལ་རྩོམ་འབྲི་ཆོག་པ་ཡིན།  དཔེར་ན་སྤྱིར་བཏང་གི་མི་དགེ་བརྗོད་པའི་བརྩམས་ཆོས་བཀླག་རྗེས།  རང་གི་སྤྱི་ཚོགས་ནང་གི་མི་དགེ་དེ་རིགས་ལ་དབྱེ་ཞིབ་བྱེད་ཆོག་པ་དང་།    དམག་ཆེན་གཉིས་པའི་སྐབས་ཀྱི་བྱུང་དོན་བརྗོད་པ་ཞིག་བཀླག་ཚར་ན།  བརྩམས་ཆོས་དེ་ལ་དཔྱད་པ་བྱེད་རྒྱུ་སྐྱུར་ནས་དེ་དང་འབྲེལ་བའི་ཀློག་བརྙན་ཞིག་ལ་དཔྱད་བརྗོད་སྤེལ་ན་ཆོག་པ་རེད།   ཟིན་བྲིས་ཀྱི་རིམ་བཞི་བ་ནི་ཡིག་བསྒྱུར་བྱེད་པ་དེ་རེད།  བརྩམས་ཆོས་གང་ཞིག་གི་ཚན་པ་གལ་ཆེའི་རིགས་སམ་བརྩམས་ཆོས་ཡོངས་རྫོགས་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་ཨེ་ཐུབ་ལྟ་བ་ནི་དཔེ་ཀློག་ཟིན་བྲིས་ཀྱི་ཐབས་ཆེས་ལེགས་པ་དེ་ཡིན་སྲིད་ལ།  ཆེས་དཀའ་བ་དང་ཆེས་དུས་ཚོད་འགོར་བའི་ཐབས་ལམ་ཀྱང་ཡིན།

 

  ཡིག་བསྒྱུར་བྱེད་སྐབས།  རང་གི་བསམ་བློ་ནི་བཀླག་བྱའི་བརྩམས་ཆོས་དེ་ཁོ་ན་ལ་འཁོར་བ་མ་ཡིན་པར།  དེ་ལ་བརྩམས་ཆོས་གཞན་དང་ལྟ་བ་གཞན་སྟེང་ནས་དཔྱད་བསྡུར་ཡོད་དགོས་པ་དང་།  ཐ་སྙད་རེ་རེ་ཁོག་ཏུ་ཞུ་ཐུབ་དགོས་པ་མ་ཟད།  དེ་དག་གི་གོ་བ་སེམས་ཀྱི་རབ་རིབ་ཙམ་མ་ཡིན་པར་ངེས་པར་ཏུ་བརྡ་སྤྲོད་སྟེང་གི་གསལ་ཐག་ཆོད་པོ་དེ་འདྲ་ཡིན་དགོས།  ཡིག་བསྒྱུར་བྱེད་སྐབས་ད་དུང་འབྲེལ་ཡོད་ཀྱི་ཡིག་ཆ་སློག་དགོས་པ་དང་།  ཚད་ལྡན་གྱི་ཡོ་བྱད་དེབ་རིགས་བཀོལ་ནས་བརྩམས་ཆོས་དེ་རང་གི་ཤེས་བྱའི་ཁྱོན་ཏུ་སྒྲིག་འཛུགས་བྱེད་ཐུབ་དགོས་པ་རེད།

 

  དཔེ་ཀློག་བྱེད་སྐབས་ཀྱི་ཉམས་མྱོང་གཞན་ནི།  ༡ བརྗོད་བྱ་ཇེ་བའི་དེབ་གསུམ་བཞི་རེ་མཉམ་ཏུ་ཀློག་པ་དང་དེབ་རེ་རེ་ནས་རེ་རེ་ཀློག་པའི་ཐབས་ཤེས་སྐྱུར་དགོས།  ༢ དྲ་ཐོག་གི་འཆད་ཁྲིད་སོགས་བཀོལ་སྤྱོད་བྱེད་ཤེས་དགོས།  ༣ སྐད་རིགས་གཉིས་གསུམ་ཡན་མཁྱེན་ན།  དོན་རྟོག་དང་བརྡ་ཆད་སོ་སོ་སྐད་རིགས་མི་འདྲ་བའི་ནང་ལ་སྤྱོད་སྟངས་འདྲ་མིན་ཅི་ཡོད་དོ་སྣང་བྱེད་དགོས།    ༤  གཞན་དང་བགྲོ་གླེང་དང་རྩོད་པ་བྱེད་དགོས།   ༥  ལོ་རྒྱུས་དང་རྩོམ་རིག་སོགས་ནི་གློག་བརྙན་དང་རོལ་མོ། ཟློས་གར་སོགས་དུས་རྒྱུན་རྩེད་རིགས་ཁག་དང་འབྲེལ་བ་ཡོད་པས།  དེ་དག་གི་ངོས་ནས་ཚོར་སྣེ་ཇེ་རིང་བཏང་བར་རེམ་དགོས།   ༦  སྐབས་འགར་རྩོམ་ཡིག་ཞིག་ཞུ་སྒྲིག་བྱེད་པ་དེའང་དཔེ་ཀློག་བྱེད་ཐབས་གལ་ཆེན་ཞིག་ཡིན།  དཔེར་ན།  རིག་སཔ་དྲུག་ཅུ་བ་ལྟ་བུ་ཞིག་རྒྱ་བོད་སྐད་གཉིས་སྟེང་ཞུ་སྒྲིག་བྱེད་པ།  ཡང་ན་ཧྭ་ཡཱེ་ཁའི་བརྩམས་ཆོས་སོ་སོ་དུས་ཚོད་བྱུང་རིམ་ལྟར་དཀར་ཆག་སྒྲིག་པ་སོགས་ནི་ལྷན་ཐབས་གལ་ཆེན་ཡིན།

 

  མཐའ་མཇུག་དཔེ་ཀློག་བྱེད་པ་ལཞ  ངེས་པར་ཏུ་ཀུན་སློང་ཡག་པོ་ཡོད་དགོས།  གཅིག་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་རྩ་དོན་ཡོད་དགོས་པ་དང་།    བདེན་དོན་ཁོ་ནར་ཁས་ལེན་བྱེད་པའི་བློ་སྤོབས་ཀྱང་ཡོད་དགོས།  འོན་ཀྱང་དཔེ་ཀློག་བྱེད་མཁན་ཞིག་ལ་མཚོན་ན་གནས་ལུགས་འདི་རིགས་མི་རྟོགས་པ་མི་སྲིད་མོད།  དེ་ལག་ལེན་བྱེད་དགོས་ན་ཤིན་ཏུ་དཀའ་བས།  རྒྱུན་པར་གང་བློ་མ་སོགས་ཁ་འདོན་བྱས་ནས་སེམས་བསྐྱེད་བྱེད་པ་དང་རྩ་དོན་ལག་འཁྱོར་བྱེད་པར་བློ་སྦྱོང་བྱེད་པ་ནི་ཤིན་ཏུ་གལ་ཆེའོ།  །      ། །