དད་པ་ཡོད་ན་གང་ཡིན་ཡང་རུང་ཞེས་དག་སྣང་ཡོད་ཁུལ་གྱིས་བསྐྱུར་ན། ནམ་ཞིག་ཆོས་རྗེ་དོན་གྲུབ་རིན་ཆེན་རྒྱ་བོད་སོག་གསུམ་མམ། ཡང་ན་མི་རིགས་གཞན་གང་དུ་འགྱུར་མིན་ཡང་ཆ་མི་འཚལ་བའི་ཁར། ནམ་ཞིག་འདི་ལྟ་བུའི་སྐྱེས་བུ་རླབས་ཆེན་ཞིག་བྱོན་པར་ཡང་དོགས་པ་མི་ཟ་བར་སུས་དམ་བཅའ་ཐུབ་བམ།


ལོ་རྒྱུས་ལ་དཔྱད་གཞིའི་རྒྱུ་ཆ་གལ་ཆེ། དུངས་ཞེན་དང་ཚོར་བ་ཙམ་ལ་སུ་ཡིས་རྟོན།

ཡིན་དང་མིན་གྱི་རྩོད་པ་ཙམ་ཕར་བསྐྱལ་ནས། ཡིག་ཚང་གི་ཁར་ཡུལ་མིའི་ངག་སྒྲོས་ཚུན་གྱི་རྒྱུ་ཆ་གལ་ཆེན་པོ་རེད།

དེང་སྐབས་ཤིན་ཏུ་གཟབ་གཟབ་མ་བྱས་ན་ལས་གཞིའི་རྣམ་གྲངས་དང་འབྲེལ་ནས་ལོ་རྒྱུས་རྫུན་བཟོ་བྱ་རྒྱུར་ཉེན་ཁ་འདུག

བླ་མ་མཛད་འཕྲིན་རྒྱས་ཡོད་མཁན་ཞིག་ལ་མཚོན་ན་དགོན་པའི་ཉེ་ཁོར་གྱི་གནས་དང་། སྡེ་བར་འབྲེལ་བ་ཅིས་ཀྱང་ཡོད་ངེས་མོད། དེས་འཁྲུངས་གཞིས་སུ་བསྒྲུབ་དཀའ།

སྔོན་གྱི་བླ་མ་དག་གི་ཞབས་རྗེས་དང་གཞན་ཉེར་མཁོའི་ཡོད་བྱད་རྟེན་སྒམ་མམ་འདུ་ཁང་དུ་ཡོད་པ་ཁོ་ནས། དེར་འཁྲུངས་པར་མ་ངེས་པ་མངོན་སུམ་ཚད་མས་གྲུབ་པའོ།།

དམ་པ་གང་ཞིག་ལ་རུས་རྒྱུད་གཅིག་པ་འམ་ཆོས་ལུགས་གཅིག་པ་ཙམ་གྱིས་འཁྲུངས་གཞིས་ཀྱང་དེར་ངེས་པ་སྒྲུབ་མཁན་ནི་གཡག་ཞར་གྱིས་རྩྭ་ཟོས་པ་དང་མཚུངས། མདོ་དབུས་ཁམས་གསུམ་གྱི་དམ་པ་རུས་རྒྱུད་གཅིག་ཏུ་བྱོན་པ་གང་མང་ཞིག་གི་འཁྲུངས་གཞིས་གཅིག་ཏུ་མ་ངེས་སོ།།

མཚམས་རེར་མ་ཤེས་པས་ལོ་རྒྱུས་སྣོག་གིན་ཡོད་ལ། མཚམས་རེར་དུངས་ཞེན་གྱི་ལོ་རྒྱུས་སྣོག་གིན་ཡོད། དོན་དུ་སུ་ཡིན་རུང་ཡིག་ཚང་རྙིང་བ་དང་། དམ་པ་གཟུར་གནས་དག་གི་གསུང་འབུམ་སོགས་ལ་རྒྱབ་རྟོན་རྒྱུ་གལ་ཆེ།

དཔྱད་གཞི་གང་ལ་ཡིད་རྟོན་རུང་ན་དེར་རྟོན་པ་ལས། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ནམ་ཡང་སྨྲ་མི་རིགས་སོ།།