བརྗོད་མ་ཚར་པའི་ཁང་བྱིའུའི་གཏམ་རྒྱུད།

བྱིའུ་ཚང་འཇོག་པའི་དུས་ཚིགས་ཤིག་ལ། ཁང་བྱིའུ་ཁྱུ་ཞིག་གིས་ཉིན་དུ་མའི་དཀའ་སྡུག་གི་ལས་ཀར་འབད་རྗེས། ཅིའུ་ཅིའུ་ཟེར་ཞོར་མག་མོག་གི་མཚན་ལྗོངས་སུ་ངལ་གསོས་ནས་བསྡད།

སྐབས་དེར་བྱིའུ་ཞིག་གིས་བཤད་རྒྱུར། “ང་ཚོ་ཚང་མའི་ལུས་ཕུང་ཆུང་ལ་ལུས་སྟོབས་ཞན། སོམས་དང་། གལ་ཏེ་འུག་པ་ཞིག་གིས་ང་ཚོར་བྱིའུ་ཚང་བཅའ་བར་རོགས་རམ་བྱེད་ཐུབ་པའི་ཚེ། འཚོ་བ་ནི་ཇི་འདྲའི་བདེ་ཞིང་སྐྱིད་པ་ལ།”

“རེད་ཡ།” ཁང་བྱིའུ་གཞན་ཞིག་ན་རེ། “དེ་ཡིས་མི་ཚད་ང་ཚོས་ཁོ་རང་བཀོལ་སྤྱོད་བྱས་ནས་བྱིའུ་རྒན་དང་བྱིའུ་ཕྲུག་ཚོ་གཉོར་སྐྱོང་བྱེད་དུ་བཞག་ན་ཡང་ཆོག”

ཡང་གཅིག་གིས། “ཁོས་ད་དུང་ང་ཚོར་ཉེན་བརྡ་གཏོང་རྒྱུ་དང་ཁྱིམ་མཚེས་ཀྱི་བྱི་ལ་སོགས་ལ་བལྟས་ནས་བསྡད་ཆོག”

དེ་ནས་ཕ་སི་ཏུ་སི་བྱ་བའི་ཁང་བྱིའུ་རྒན་པ་ཞིག་ན་རེ། “འུ་ཚོས་མྱུལ་ཞིབ་པ་སྐོར་ཞིག་ཕྱོགས་སོ་སོར་མངགས་ནས་འུག་ཕྲུག་ཅིག་གམ་འུག་སྒོང་ཞིག་ཨེ་རྙེད་བལྟ། ཕོ་རོག་གི་ཕྲུ་གུ་འམ་སྲེ་མོང་གི་ཕྲུ་གུ་གང་རུང་ཞིག་ཡིན་ནའང་ཆོག གལ་ཏེ་མངོན་འགྱུར་བྱུང་ཚེ། འདི་ནི་ང་ཚོའི་ད་སྔའི་ལོ་རྒྱུས་ཐོག་ཆེས་ཕུལ་དུ་བྱུང་བའི་བྱས་རྗེས་གལ་ཆེན་དེ་ཡིན་ངེས།”

དེ་ལྟར་བཤད་མ་ཐག་ཏུ། ཁང་བྱིའུ་ཁྱུ་གང་བོ་དགའ་བ་འབུམ་གྱིས་ཁེངས་ནས་གང་སར་ཤེད་ཀྱིས་ཅིའུ་ཅིའུ་བསྒྲགས།

ཡིན་ན་ཡང་སི་ཁུ་རོང་ཁུ་ཟེར་བའི་ཁོང་ཁྲོ་ཆེ་བའི་བྱིའུ་མིག་གཡས་ཞ་ར་ཅན་ཞིག་ཡོད་པ་དེས་དེ་ལ་ཡིད་ཆེས་གཏན་ནས་མ་བྱས། ཁོ་ན་རེ། “འདི་ནི་ང་ཚོས་བསྒྲུབ་འོས་པ་ཞིག་གཏན་ནས་མ་རེད། བྱ་རིགས་འདི་འདྲ་ཞིག་ང་ཚོའི་གྲལ་ལ་ཁྱེར་མ་ཡོང་གོང་དུ། ང་ཚོས་འུག་པ་ཇི་ལྟར་ལག་འོག་ཏུ་གཏུལ་དགོས་པར་བསམ་བློ་མི་གཏོང་ངམ།”

ཕ་སིི་ཏུ་སི་ཡིས་ལན་དུ། “རེད་ཡ། འུག་པ་ཞིག་གཏུལ་རྒྱུ་ནི་ཧ་ཅང་གི་ལས་ཀ་དཀའ་མོ་ཞིག་ཡིན་པ་འདྲ། འུག་སྒོང་ཞིག་རྙེད་རྒྱུ་ཡང་ལས་རྩ་མོ་ཞིག་གཏན་ནས་མ་རེད། དེས་ན་ང་ཚོས་འདི་ནས་འགོ་བརྩམ་རྒྱུ་བྱ། ང་ཚོས་འུག་ཕྲུག་ཞིག་གཉོར་སྐྱོང་བྱ་ཐུབ་པའི་རྗེས་ནས། ད་གཟོད་ལས་ཀ་དཀའ་མོ་འདི་དག་ལ་བསམ་བློ་གཏང་རྒྱུ་བྱ།”

“འཆར་གཞི་འདི་ལ་གནད་དོན་ཞིག་འདུག” ཞེས་སི་ཁུ་རོང་ཁུ་ཡིས་སྐད་ལོག་བརྒྱབ་ན་ཡང་། བྱིའུ་མང་ཤོས་སྔ་མོ་ནས་ཕ་སི་ཏུ་སི་ཡི་བཀོད་འདོམས་ལྟར་ཕྱོགས་བཞི་མཚམས་བརྒྱད་ལ་ཕུར་ཚར།

ཁང་བྱིའུ་གཉིས་སམ་གསུམ་མ་གཏོགས་ཤུལ་དུ་ལས་མི་འདུག སི་ཁུ་རོང་ཁུ་ཡིས་ཁོ་ཚོ་དང་མཉམ་དུ་འུག་པ་ཅི་ལྟར་འདུལ་བའི་ཞིབ་འཇུག་གི་འགོ་བརྩམས། ཅུང་མ་འགོར་བར། ཁོ་ཚོས་ཕ་སི་ཏུ་སི་ཡིས་བཤད་པའི་སྐད་ཆ་དེ་ལ་བདེན་ཤས་ཆེ་བ་རྟོགས། འུག་པ་གཏུལ་རྒྱུ་ནི་ལས་དཀའ་མོ་ཞིག་ཡིན་པ་དང་འུག་པ་དངོས་སུ་མེད་པར་འདུལ་ཐབས་སྦྱོང་བ་ནི་དེ་ལས་ཀྱང་དཀའ་བ་རྟོགས། གང་ལྟར། ཁང་བྱིའུ་གཞན་དག་གིས་གནད་དོན་དེར་ཐག་གཅོད་མེད་པར་འུག་སྒོང་རྙེད་ནས་ཕྱིར་ལོག་ཨེ་ཡོང་སྙམ་ནས་སྐྲག་ཞོར་དུ། ཁོ་ཚོས་མུ་མཐུད་དུ་ནུས་ཤུགས་ཡོད་དགུ་བཏོན་ནས་འུག་པ་ཅི་ལྟར་འདུལ་བའི་ཐབས་ལམ་བཙལ།

གཏམ་རྒྱུད་ཅི་ལྟར་མཇུག་རྫོགས་པ་ནི་བརྗོད་ཚར་མེད་ན་ཡང་། དེབ་འདིའི་རྩོམ་པ་པོས་དཔེ་དེབ་འདི་ཁང་བྱིའུ་སི་ཁུ་རོང་ཁུ་དང་དེའི་རྗེས་འབྲང་བ་ཚོར་ཕུལ།

*གཏམ་རྒྱུད་འདི་ནི་ཁྱད་འཕགས་རིག་སྟོབས / Superintelligence བྱ་བའི་དེབ་ལས་བསྒྱུར། གཏམ་རྒྱུད་འདི་ལས་དེབ་འདིའི་ནང་དོན་ལ་གོ་བ་ལོན་པར་གོ་བརྡ་ཅུང་སྤྲོད་ཐུབ། ཁང་བྱིའུ་ཡིས་དེང་སྐབས་ཀྱི་མི་མཚོན་པ་དང་འུག་པས་མིས་བཟོས་རིག་སྟོབས་མཚོན་པ། བྱིའུ་རྒན་པ་ཕ་སི་ཏུ་སི་ཡིས་མིས་བཟོས་རིག་སྟོབས་གསར་བཟོ་བྱེད་མཁན་དཔེར་ན་google ལྟ་བུ་མཚོན། བྱིའུ་སི་ཁུ་རོང་ཁུ་ཡིས་མིས་བཟོས་རིག་སྟོབས་ཀྱིས་མིའི་རིགས་ལ་དོན་བཟང་བསྒྲུབ་པར་དོགས་སློང་བྱེད་མཁན་དང་ཚོད་འཛིན་གྱི་ཐབས་ལམ་འཚོལ་མཁན་དཔེར་ན་ Elon Musk ལྟ་བུ་དག་མཚོན།

 

དཔེ་དེབ་ངོ་སྤྲོད་དང་ཟིན་ཐོ།

དེབ་མིང་། ཁྱད་འཕགས་རིག་སྟོབས།

རྩོམ་པ་པོ། ནཱེ་ཁུ་བྷོ་སི་ཁྲི་རོམ།

གསར་བརྗེ་རིམ་བྱུང་གི་ཐོད་བརྒལ་བའི་མིའི་སྤྱི་ཚོགས་ནང་དུ། འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་གི་ཚན་རྩལ་དང་སྤྱི་ཚོགས་དཔལ་འབྱོར་”འཕེལ་རྒྱས་”ཀྱི་མགྱོགས་ཚད་ནི་སྤྱི་ལོ་1750སྔོན་གྱི་ལོ་ངོ་ཁྲི་གཅིག་མཉམ་དུ་བསྡམས་པའི་མགྱོགས་ཚད་ལས་ཀྱང་ལྡབ་འགྱུར་མང་བོས་སྔོན་དུ་སོང་ཡོད་སྐད། ཉེ་ཆར་འུར་འུར་ཟང་ཟིང་དུ་གྱུར་བའི་བརྡ་འཕྲིན་ཚན་རྩལ་གྱི་ནང་གསེས་ཏེ། མིས་བཟོས་རིག་སྟོབས་ (Artificial Intelligence 人工智能) ཀྱི་འཕེལ་རྒྱས་ལ་མང་པོ་ཞིག་གིས་དོགས་སློང་དང་དཔྱད་བསྡུར། རྒྱབ་སྐྱོར་དང་དགག་གཞག་མང་དུ་གནང་།

དེབ་འདིའི་ནང་དུ། མིས་བཟོས་རིག་སྟོབས་ནི་མིའི་ལོ་རྒྱུས་ནང་འཕེལ་རྒྱས་ཀྱི་མགྱོགས་ཚད་ཆེས་མཐོ་བ་དང་། དྲ་ངོས་དང་གློག་ཀླད་སྟེང་ཉར་བའི་མིའི་ཤེས་རིག་གི་རྒྱུ་ཆ་ཡོད་དོ་ཅོག་མིས་བཟོས་རིག་སྟོབས་ཀྱི་ཀླད་པའི་མ་ལག་ཏུ་གྱུར་ཡོད་པ། ཀླད་པ་འདི་ལྟ་བུ་རྨང་གཞི་བྱས་པའི་འཕྲུལ་ཆས་ཀྱི་མི་ནི་མངོན་སུམ་གྱི་གང་ཟག་གང་གི་རྣམ་དཔྱོད་དང་ཤེས་རབ་ཀུན་ལས་ཀྱང་རྒྱལ་སྲིད་པས། འགྲོ་བ་མིའི་ཚབ་བྱེད་ཐུབ་པ་དང་། ནུས་པ་དང་གང་ཅིའི་ཐད་ནས་མིའི་རིགས་ཡར་རྒྱས་དང་ཡང་ན་མེད་པར་གཏོང་བའི་ནུས་པ་བསམ་གྱིས་མི་ཁྱབ་པ་སོགས་ཡོད་པ་བསྒྲུབས།

ད་ཆའི་རྒྱུན་མཐོང་དུ་གྱུར་ཟིན་པའི་མིས་བཟོས་རིག་སྟོབས་ཀྱི་འཕྲུལ་མིའི་ནུས་པ་ནི་དཔེར་ན། རླངས་འཁོར་རང་འགུལ་གྱིས་བསྐོར་བ། སྙན་རྩོམ་འབྲི་བ། གླུ་དབྱངས་རྩོམ་པ། ནད་རྟགས་ཞིབ་བཤེར་བྱེད་པ། བཟོ་གྲྭ་དང་ཚོང་ཁང་གི་ལས་ཀ་ཡོད་དོ་སྒྲུབ་པ། གྲངས་ཀ་དང་འབྲེལ་བའི་གནད་དོན་ཡོད་དོ་ཐག་གཅོད་བྱེད་ནུས་པ། ཤེས་བྱར་འཇུག་པའི་རིག་པ་དང་ནུས་པ་ནི་མིའི་ཀླད་པའི་མྱུར་ཚད་ལས་ལྡབ་འགྱུར་གྱིས་བརྒལ་བ་སོགས་མང་པོ་འདུག

དེབ་འདིའི་རྩོམ་པ་པོ་ནཱེ་ཁུ་ལགས་ཀྱིས་དཔྱད་པ་ལྟར་ན། མི་འགྱངས་པའི་ལོ་ངོ་དུ་མའི་ནང་མིན་ན་ཡང་། དུས་རབས་འདིའི་ནང་དུ། མིས་བཟོས་རིག་སྟོབས་ཀྱི་ནུས་པ་ནི་མིའི་རིག་སྟོབས་ལས་བརྒལ་ཐུབ་པའི་གསར་བརྗེ་ཞིག་ཡིན་པ་མངོན་འགྱུར་བྱ་སྲིད་ལ། དེའི་རྒྱུ་མཚན་གྱིས། མིས་བཟོས་རིག་སྟོབས་ཀྱི་འཕྲུལ་མི་བཟོ་བའི་ཚད་འཛིན་དང་དར་སྤེལ་གཏོང་བའི་སྲིད་ཇུས། གནད་དོན་ཚོད་འཛིན་དང་ཁག་ཐག་གི་བྱེད་ཐབས་ནི་ཁ་སང་དེ་རིང་གི་རྒྱལ་ཁབ་མང་བོའི་གླེང་གཞིར་གྱུར་ཡོད།

གླེང་གཞི་འདི་དག་ལས་བྱུང་བའི་ལྟ་ཚུལ་གཙོ་བོ་ནི་འདི་ལྟ་སྟེ། མིས་བཟོས་རིག་སྟོབས་ཀྱི་འཕེལ་རྒྱས་ཀྱིས་དུས་ཡུན་ཐུང་བའི་ནང་དུ་མིའི་རིགས་ལ་འཕེལ་རྒྱས་ཀྱི་མཐུན་རྐྱེན་སྦྱོར་སྲིད་མོད། མ་འོངས་པའི་དུས་ཡུན་རིང་བའི་ནང་དུ་མིའི་རིགས་ལ་གནོད་པ་ཆེན་པོ་བཟོ་བ་འམ་མེད་པར་གཏོང་བའི་ཉེན་ཁ་ཡོད་པས་ན། འཕྲུལ་མི་ཚོད་འཛིན་བྱེད་པའི་ཐབས་ལམ་ནི་སྔ་མོ་ནས་འཚོལ་དགོས་པ་གནད་དུ་བསྟན། ཞོར་དུ་”མཁན་པོ”དུ་མས་ཀྱང་མིས་བཟོས་རིག་སྟོབས་ལ་མིའི་སྙིང་རྗེ་དང་བྱམས་སེམས་ཀྱི་རིན་ཐང་ལྟ་ཚུལ། ལྐོག་གྱུར་གྱི་བསམ་གཞིགས་བྱེད་སྟངས་སོགས་ཀྱི་ནུས་པ་འབྱུང་མིན་ལ་དོགས་སློང་རབ་དང་རིམ་པ་བྱས།

ད་ནི་མིའི་ཀླད་པ་དང་སེམས་ཀྱི་ཁྱད་ཆོས་ཤིག་སེམས་ཅན་གཞན་ལས་སྟོན་རྒྱུ་ཡོད་ན་ཡང་། ཚན་རྩལ་འཕྲུལ་མི་ལས་སྟོན་རྒྱུ་མེད་པར་གྱུར་ཚེ། ཡ་རབས་འཕྲུལ་མི་ནི་ལྷ་ལས་རབ་ཏུ་སྣང་སྲིད་ལ། མ་རབས་འཕྲུལ་མི་ནི་གདོན་ལས་རབ་ཏུ་འཚེ་སྲིད་པས་ན། མིའི་སྐལ་བ་ནི་ཅི་འདྲའི་ཉག་ཕྲ་བ་ལ།

2017/08/16 བོན་སྐོར་སྙིང་ལྕགས་ནས།