ང་ནི་བོད་ཡིག་དགེ་རྒན་ཞིག་ཡིན། ཡང་ན་རིག་གཞུང་འཆད་ཁྲིད་བྱེད་པའི་དགེ་རྒན་ཞིག་ཡིན། དེ་ཡང་སྐད་ཆ་ཆེན་པོ་ཞིག་གིས་བཤད་ན། མི་རིགས་ཤིག་གི་མ་འོངས་པ་གསོ་སྐྱོང་བྱེད་པའི་དགེ་རྒན་ཞིག་ཡིན།

དོན་དངོས་བྱས་ན། དགེ་རྒན་གྱི་རིན་ཐང་འདིའི་སྒང་དུ་ཡོད་ལ། དགེ་རྒན་ཞིག་གི་འགན་འཁྲི་ཡང་འདི་ཁོ་ན་ཡིན་ངེས། དགེ་རྒན་ཞེས་པ་ནི་སྤྱིར་བླ་ན་མཐོ་བའི་བྱ་གཞག་བྱེད་མཁན་གྱི་སྐྱེས་བུ་དག་ལ་ཟེར་མོད། འུ་ཅག་གི་སྤྱི་ཚོགས་སུ་དགེ་རྒན་དང་། ལྷག་ཏུ་བོད་ཡིག་གི་དགེ་རྒན་རྣམས་སུ་ཁ་གཡང་ཙམ་ལས་རིན་ཐང་གི་ངོས་ནས་ལས་བྱེད་དཀྱུས་མ་དག་ལས་ཀྱང་དམའ་ཚོད་རེད།

འོན་ཀྱང་མི་རིགས་ཀྱི་དགེ་རྒན་ཞིག་ཡིན་ན། གོ་གནས་དང་དབང་ཐང་། དཔལ་འབྱོར་གྱི་ངོས་ནས་གང་ལྟར་ཡང་གྲྭ་རྐྱང་དཀྱུས་མ་ཞིག་གི་ཉིན་རེའི་བྱེད་སྒོ་ལྟར་འགྲོ་དགོས་ལ། བཙན་བྱོལ་བོད་ཀྱི་དགེ་རྒན་མང་ཆེ་བ་ཞིག་དེ་བཞིན་དུ་འགྲོ་བཞིན་ཡོད་ངེས།

ཡིན་ཡང་བོད་ཡིག་གི་དགེ་རྒན་ནམ་མི་རིགས་ཀྱི་དགེ་རྒན་ཞིག་ཡིན་ན། མི་རིགས་དེའི་རིག་གནས་ཀྱི་རིན་ཐང་དང་། སྐད་ཡིག་གི་དགེ་མཚན་ལ་ངེས་ཤེས་འདྲོངས་དགོས། ངེས་ཤེས་ཙམ་གྱིས་ཀྱང་མི་ཆོག་པར་དེའི་རིག་གནས་དང་སྐད་ཡིག་ལ་ཤ་ཞེན་ལྡན་དགོས་པར་སེམས། ཁྲལ་སོད་ཙམ་གྱི་ངོ་བོ་ལ་གནས་ཤིང་། ཉི་མ་འཆོལ་ཐབས་ཀྱི་ཕྱོགས་ལ་གོམ་པ་གཞོལ་པའི་དགེ་རྒན་སུ་ཡིན་ཡང་མི་རིགས་ཀྱི་དགེ་རྒན་མཚན་ཉིད་ཚང་བ་ཞིག་ཡིན་མིན་ཐེ་ཚོམ་ཡོད།

རྒྱུ་མཚན་ནི། མི་རིགས་ཀྱི་དགེ་རྒན་ནི་མི་རིགས་དེའི་ཕ་མ་ཚོས་བསྐྲུན་པའི་ཤ་རུས་གདོས་བཅས་ཀྱི་ཕུང་པོ་དེ་དག་ལ། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་གཟུངས་གཞུག་བཅུག་ཏེ། མི་རིགས་ཀྱི་སོན་རྩ་རྣལ་མ་ཞིག་གམ། བཅོས་མིན་གྱི་བོད་ཕྲུག་གཙང་མ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་རེད།

གཟུངས་རྟེན་མེད་པའི་མི་རབས་ཤིག་ལ་རིག་གཞུང་གི་གཟུངས་གཞུག་འཇུག་རྒྱུ་ནི་མི་རིགས་ཀྱི་དགེ་རྒན་ཚོའི་འགན་འཁྲི་ཡིན་ཙ་ན། གཟུངས་གཞུག་འཇུག་མཁན་གྱི་དགེ་རྒན་དེར་ངེས་པར་རང་གི་རིག་གཞུང་ལ་ལྟ་ཚུལ་ལེགས་པོ་ཞིག་དང་། སྦྱངས་པ་སྔོན་སོང་ཞིག་ཅེས་ཀྱང་ཡོད་དགོས་ངེས།

མི་རིགས་ཀྱི་སོན་རྩ་ཟེར་བ་ནི། མི་རིགས་ཀྱི་མ་འོངས་པ་ལ་གོ་དགོས་ཤིང་། མི་རིགས་ཀྱི་མ་འོངས་པ་ཞེས་པ་ནི། མི་རིགས་དེའི་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན་བྱེད་ཐུབ་མཁན་གྱི་མི་རབས་ཤིག་ལ་ཟེར་ངེས། དེ་མིན་གཟུངས་རྟེན་བྲལ་བའི་གསོབ་གཟུགས་དེ་དག་མི་རིགས་ཀྱི་སོན་རྩར་ངོས་འཛིན་བྱེད་མི་སྲིད། དེ་ལྟ་ན། མི་རིགས་ཀྱི་དགེ་རྒན་དག་གིས་ངེས་པར་གང་ཞིག་གཙིགས་འཛིན་བྱེད་དགོས་ཤེ་ན། གཟུངས་རྟེན་མེད་པའི་མི་རབས་ཤིག་བོད་མྱི་གསོན་པོ་ཞིག་གི་ངོ་བོར་བཞེངས་བསྐྲུན་བྱ་དགོས་པ་དེ་ཡིན།

བོད་མྱི་གསོན་པོ་ཞིག་བཞེངས་བསྐྲུན་བྱ་དགོས་ཞེས་པ་ནི། ཤ་རུས་ལ་ལྷད་མ་ཞུགས་པའི་བོད་ཕྲུག་གཙང་མ་དེ་དག་ལ་སྐད་ཡིག་དང་རིག་གཞུང་གི་གཟུངས་གཞུག་འཇུག་རྒྱུ་དེ་རེད། གཟུངས་གཞུག་ལྡན་པའི་མི་རབས་ཤིག་ལ་ད་གཟོད་མི་རིགས་ཀྱི་མ་འོངས་པ་ཟེར་ཆོག་ལ། ཡང་ན་དགེ་རྒན་དག་གིས་མི་རིགས་ཀྱི་བླ་སྲོག་བཞེངས་བསྐྲུན་བྱས་སོང་ཞེས་ཆེ་བསྟོད་བྱེད་ཆོག་པར་སྙམ།

མི་རིགས་ཀྱི་རིག་གནས་ཀྱི་རིན་ཐང་མ་ཤེས་ཤིང་། སྐད་ཡིག་གི་དགེ་མཚན་མ་ཤེས་པའི་དགེ་རྒན་ཞིག་གིས་མགོ་མཐོ་མཐོ་དང་ཁ་ཆེ་ཆེའི་ངང་ནས་འཛམ་གླིང་གི་རིག་གནས་ཞེས་མགོ་སེར་དག་དང་། རྒྱ་རྒན་ཚོའི་རིག་གནས་ཀྱི་དགེ་མཚན་བཤད་དེ། མི་རིགས་ཤིག་གི་དགེ་རྒན་གྱི་གོ་གནས་འཛིན་ཁུལ་བྱེད་པ་ནི་འོས་སུ་མ་བབས་པའི་ལས་ཤིག་ཏུ་མཐོང་།

ད་སྐབས་འུ་ཅག་ལ་སྐད་ཡིག་དང་རིག་གཞུང་འཆད་ཁྲིད་བྱེད་པའི་དགེ་རྒན་ཉུང་ཉུང་མིན་མོད། སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་ཐབས་སྐོར་ལ་སློབ་གསོ་ཡང་དག་གནང་མཁན་གྱི་དགེ་རྒན་ཧ་ཅང་ཉུང་ངུ་ལས་མེད། སྐད་ཡིག་དང་རིག་གཞུང་འཆད་ཁྲིད་ཙམ་ལས་དེའི་དགེ་མཚན་དང་། རིན་ཐང་གི་མཛེས་རྒྱན་སྤྲས་མི་ཤེས་པའི་དགེ་རྒན་གྱི་ཕྱག་ལས་ནི། ཟླ་ཕོགས་བཟའ་བའི་དཀོར་ཟན་ཙམ་ལས་གང་ཡང་མ་རེད་སྙམ།

གང་ལྟར་ང་ཚོ་ལ་དགོས་པ་ནི། མ་འོངས་པའི་མི་རབས་སྤུས་དག་ཅིག་ཡོད་དགོས་པ་དེ་ཡིན་ལ། མི་རབས་སྤུས་དག་ཅིག་དགོས་ན། ངེས་པར་དུ་ད་ཡོད་ཀྱི་སློབ་ཕྲུག་དག་ལ་སྐད་ཡིག་དང་རིག་གཞུང་འཆད་ཁྲིད་དང་མཉམ་དུ་དེའི་དགེ་མཚན་དང་རིན་ཐང་གི་སློབ་གསོ་དང་སྦྲགས་ནས་མི་རབས་འདི་དག་རང་གི་སྐད་ཡིག་ལ་དགའ་བ། རང་གི་རིག་གཞུང་ལ་དགའ་བ། རང་གི་མི་རིགས་ལ་དགའ་བ། རང་གི་ཕ་ཡུལ་ལ་དུངས་པའི་མི་རབས་ཤིག་སྟེ། གཟུངས་གཞུག་ལྡན་པའི་མི་རབས་ཤིག་གསོ་སྐྱོང་བྱ་དགོས་པ་དེའོ།།

ངས་ནམ་རྒྱུན་འདི་ལྟར་སེམས་བཞིན་ཡོད། སྐད་ཡིག་བསྲེ་ལྷད་བཤད་པ་སྟེ། བྱ་དངོས་གང་ཡང་རུང་བའི་ཐ་སྙད་རང་རེ་ལ་ཡོད་བཞིན་དུ་གཞན་གྱི་མིང་ཚིག་སྤྱོད་པ་ནི། བོད་ཀྱི་ཐ་སྙད་གསོན་པོ་དེ་དག་གཞན་གྱི་མིང་ཚིག་གི་མཚོན་རྣོན་གྱིས་དམར་གསོད་བཏང་བ་དང་མཚུངས་པས། ཐ་སྙད་དེ་དག་དམར་གསོད་གཏོང་མཁན་ནི་ང་ཚོ་ཡིན་ལ། དམར་གསོད་གཏང་རྒྱུ་ནི་མི་རིགས་ཀྱི་ཐ་སྙད་དེ་དག་ཡིན། དམར་གསོད་གཏོང་བྱེད་ནི་གཞན་གྱི་མིང་ཚིག་རྣམས་ཡིན།

དེ་ལྟར་ན་དབུ་ཁྲིད་དང་། དགེ་རྒན། སློབ་ཕྲུག། མང་དཀྱུས་སུ་འདྲ་ཞིག་གིས་ཀྱང་སྐད་ཆ་བསྲེ་ལྷད་ཅན་བཀོལ་སྤྱོད་བྱེད་བཞིན་ཡོད་ཚེ། མི་རིགས་ཀྱི་ཐ་སྙད་དམར་གསོད་བཏང་བའི་ནག་ཉེས་ནི་ཚང་མ་ལ་ཡོད་ངེས། དེའི་ཕྱིར་ན། ང་ཚོ་ལ་ནག་ཉེས་མེད་པའི་མི་རབས་ཤིག་དང་། རྣམ་ཤེས་ལྡན་པའི་རབས་ཤིག་ཡོད་དགོས་པ་དེ་ཡིན་ནོ།།

དེ་ནི་དགེ་རྒན་དག་གི་འགན་འཁྲི་དང་། དགེ་རྒན་དག་གིས་བསམ་གཞིག་དགོས་པའི་གནད་དམ་པའོ།།