ཁ་སང་དེ་རང་གི་ང་ཚོ་ནི་རྟགས་དང་ཆ་ལུགས། བསམ་སྟངས་ཤོད་སྟངས་ཚང་མ་འགྱུར་དང་འགྱུར་བཞིན་པའི་མི་ཚོགས་ཤིག་སྟེ། གཞན་དང་གཞན་གྱི་རིག་གནས་མཁྲེགས་པོ་དང་སྡུག་གཤིས་རྩུབ་མོ་དག་གི་སིམས་འཛུལ་ཐེབས་ནས་རང་གཟུགས་གཞན་དུ་འགྱུར་ཞིང་། རང་གཤིས་རླུང་ལ་སྤུར་ནས་ཐ་ན་ཡི་གེ་འབྲི་མཁན་དག་གི་ཚིག་གི་སྦྱོར་བ་ཚུན་ཆད་ཀྱང་འགྱུར་ཟིན་གཤིས། རང་སྐད་རང་གིས་མི་གོ རང་རྒྱུས་རང་ལ་མེད། རང་ངོ་རང་གིས་མི་ཤེས་པའི་ཁ་སྟབས་འདི་འདྲ་ལ་ཐུག་ཡོད་དོ།།

དེ་བས་ན། ཡང་བསྐྱར་རང་ངོ་རང་གིས་ཤེས་ཆེད་ཀྱི་ཐབས་ཤེས་རྒྱུ་རྐྱེན་རེ་བཙལ་ན། དཔེ་རྙིང་བཀླག་རྒྱུ་དེ་ཡང་ཐབས་བཀོད་རེ་བ་ཡོད་པ་ཞིག་ཏུ་མཐོང་སྟེ། སྔོན་གྱི་བསྟན་བཅོས། རྣམ་ཐར། ཆོས་འབྱུང་སོགས་ཀྱི་རྗོད་བྱེད་ཚུན་ཆད་རང་སྐད་ཀྱི་ཚིག་སྦྱོར་བུང་བའི་གཤོག་སྒྲ་ཤ་སྟག་ཡིན་ཞིང་། ཚིག་གི་སྦྱོར་བ་དེ་དག་ཐར་ཆགས་འབྲུ་འདེད་ཀྱིས་ནང་བརྗོད་དོན་གྱི་བཀོད་པའི་འཇིག་རྟེན་ལ་བལྟས་ཚེ། བོད་རང་གི་ཐུན་མོང་མིན་པའི་རིན་ཐང་ལྟ་ཚུལ། ཚེ་སྲོག་ལྟ་ཚུལ། འཇིག་རྟེན་ལྟ་བ། ཆོས་ཀྱི་གཙུག་ལག ཁྱིམ་སྲིད་རིག་གནས་སོགས་ཡ་རབས་ཀྱི་ལུགས་དང་ལེགས་པའི་སྲོལ་འབའ་ཞིག་གི་དྲི་བསུང་ཐུལ་བའི་དཔལ་ཡོན་གྱིས་གཏམས་ཡོད་པ་རེད།

འདིར་དཔེ་མཚོན་ཞིག་དགོད་ན། རྣམ་ཐར་སྐོར་གྱི《ཆོས་རྗེ་ལོ་རས་པའི་རྣམ་ཐར》འདི་ཉིད་ཏེ། དེབ་གྱི་དབང་དུ་བཏང་ན་ཤོག་ངོས་བརྒྱ་དང་བཅུ་གསུམ་ཅན་གྱི་ཆེས་ཆུང་བའི་དེབ་ཆུང་ཞིག་ལགས་མོད། བརྗོད་བྱེད་ཚིག་གི་སྦྱོར་བའི་ངོས་ནས་བོད་གནའ་མི་བྱིངས་ཀྱི་ཁ་བརྡ་དང་མོལ་བའི་སྐད་ཆའི་ལྷུ་ལག་གི་མཛེས་པ། མཁས་པའི་ལེགས་བཤད་ཀྱི་ཚིག་གི་སྒྲིག་གཞིའི་ལྟད་མོ། རྣལ་འབྱོར་བའི་མགུར་དབྱངས་ཀྱི་རྩོམ་འགྲོས་སྙན་ཆས་བརྒྱན་ཅིང་། བརྗོད་བྱ་དོན་ཀྱི་སྐོར་བོད་མའི་ཁྱིམ་སྲོལ་དང་འཁོར་བ་མི་ཆོས་ཀྱི་ཁ་ཕྱོགས། ལྷ་ཆོས་དགེ་བའི་ཕྱོགས་དང་གནའ་མིའི་ཆོད་སེམས་སྙིང་རུས་ཀྱི་ངོ་མཚར། ངེས་དོན་ཆོས་ཀྱི་བྱིན་མཐུ་དང་ནང་བའི་གཙུག་ལག་རིག་གནས་ཀྱི་ཟབ་ཚད་བཅས་མངོན་སུམ་གཟུགས་ཅན་བཞིན་བློ་ཡིད་ལ་འཆར་བར་བྱེད་པའི་བློས་བསླངས་ཤིག་གི་ཁོག་ཕུབ་འདུག་པའི་ཁྱད་ཆས་བླ་ན་མཐོ།

དེ་ཡང་ཆོས་རྗེ་ལོ་རས་པའི་ཡབ་ཡུམ་གཉིས་ལ་བུ་མེད་པར་དཀོན་མཆོག་མཆོད་པ་ལས་སྲས་བྱུང་བ་སྟེ། ཁ་སང་དེ་རང་ཡང་མཐོང་རྒྱུ་ཐོས་རྒྱུ་ཡོད་པ། མི་ཁྱིམ་སུ་ཚང་ལ་བུ་མེད་པར་ཨ་ལགས་གང་ཞིག་ལ་སྐྱབས་འཇུག་ཞུས་ནས་བུ་བྱུང་ཟེར་བ་ལྟར་གྱི་ཁོང་རྒྱ་གར་ལ་ཐུག་ཡོད་པ་འདྲ་བའི་གནའ་བོའི་སྲོལ་ཞིག་གི་རྣམ་ཐར་དངོས་ཀྱི་བརྗོད་དོན་དབུ་བརྩམས་ཤིང་། དེ་ནས་སྲས་ནར་སོན་པ་དང་ང་ཚོའི་མེས་པོ་དག་གི་གཏན་ཚིགས”བུ་གཅིག་པོ་གྲྭ་བ་མ་བྱེད”ཟེར་བ་བཞིན་ལོ་རས་པའི་ཡབ་ཡུམ་གཙོ་བོར་གྱུར་བའི་གཉེན་ཉེ་རྩ་འཇིང་དག་གིས”མེད་ཐབས་མེད་པའི་དགོས་ས་རུ་བུ་བྱུང་བ་ལ། ད་བུ་འདི་ལ་གཞི་མ་ཞིག་སློངས”①ཟེར་ནས་སྲས་ལོ་བདེ་བ་སྐྱོང་ཁོང་ཆོས་ལ་འགྲོ་བ་འགོག་པའི་ཐབས་ཤེས་འདྲ་མིན་འཐེན་ཞིང་། ཐ་ན་དེ་འདྲའི་ན་ཆུང་གི་སྐབས་སུ་ཁྱིམ་ཐབས་ཀྱང་བསུས་འདུག་གོ།

དེ་ལྟ་ན་ཡང་སྔོན་གྱི་བོད་མི་དག་གིས་རང་གི་ཕུགས་བསམ་རླབས་པོ་ཆེ་གང་ཞིག་སྒྲུབ་འདོད་ཀྱི་འདུན་པའམ། མི་ཚེའི་དོན་སྙིང་གང་ཞིག་ལས་ཐོབ་ཏུ་རེ་བའི་སེམས་ཤུགས་ཀྱི་སྙིང་སྟོབས་དེ་ནི། ལྡོག་མེད་རྒྱ་མཚོའི་རྦ་རླབས་གྱེན་དུ་འཕྱུར་བ་ཇི་བཞིན་གཞན་སུ་གང་གིས་ཀྱང་བསྒྱུར་དུ་མེད་ཕྱིར། སྲས་ལོ་བདེ་བ་སྐྱོང་ཁོང་དང་ཇོ་མོའི་ཞབས་སྦྲེལ་བས་ཀྱང་མ་ཕན། མཐའ་བཞི་ཤག་དར་གྱི་ཁ་མཆུ་ཚ་འཇུན་གྱིས་ཀྱང་མ་ཁོག་པར། ཕུན་ཚོགས་མང་པོ་ཞིག་བློས་བཏང་སྒོས་བླ་མའི་དྲུང་དུ་བྱིན་ནས་སྙན་རྒྱུད་ཀྱི་གདམས་ངག་གསན། མཁན་པོའི་སྐུ་མདུན་དུ་དགེ་ཚུལ་སློང་ཆིག་རྫོགས་སུ་མཛད་ཏེ། རྣལ་འབྱོར་ལ་འབད་བརྩོན་ཆེར་མཛད་ནས་ཉམས་རྟོགས་ས་ལམ་གྱི་རིམ་པར་བོགས་ཁྱད་པར་ཅན་ཐོན་པས། ཁོང་གི་བླ་མས་རང་དགོན་གཙང་ར་ལུང་དགོན་འཛིན་པར་བསྐུལ་ཡང”བཙུན་པ་བྲེ་ལོག་སྲང་ལོག་བྱེད་པ་ཚོའི་མགོ་གཉེར་བདག་གིས་མི་ཡོང”②གསུངས་ནས་སྒྲུབ་པ་ལ་བྱོན་འདུག་གོ།

བྱོན་ནས་ཀྱང་དེ་དོན་ལག་ལེན་སྐུ་ཉམས་སུ་བསྟར་བའི་སྦྱོར་བ་ཉག་གཅིག་ལ་གཞོལ་བ་སྟེ། བླ་མས་ལུང་བསྟན་ལྟར་དཔལ་སྒང་ལོ་ཙཱ་བའི་སྒྲུབ་གནས། ཁ་རག་སྒོམ་ཆུང་སོགས་གྲུབ་པ་ཐོབ་པར་བཤད་པའི་གཙང་ཇོ་མོ་ཁ་རག་ཕུག་པ་ལ་ལམ་ནས་འཕྲད་ཅིང་སྒྲུབ་པའི་ཞབས་ཏོག་བྱེད་པར་ཁས་བླངས་པའི་ཇོ་གདན་ཀུན་རྒྱལ་དང་མཉམ་དུ་ཕེབས་ཤིང་། དེར་ཇོ་གདན་གྱིས”ཆོས་རྗེ་འདི་རུ་སྒྲུབ་པ་མཛོད། ང་བསོད་སྙོམས་ལ་འགྲོ་ཟེར”བའི་ཞལ་ཆད་ལྟར་རྩམ་པ་ཕུལ་དགུ་དང་མར་རྒྱ་རི་ཕྱེད་ཙམ་བཞག་ནས་ཇོ་གདན་ཉང་གོང་ལ་བསོད་སྙོམས་བྲོ་ཁ་སློང་དུ་བྱོན་པའི་ཤུལ་དུ་ཁ་ཆར་ཆེར་བབས་གཤིས། རྗེ་ལོ་རས་པ་བཞུགས་པའི་ཕུག་པའི་སྒོ་ཁ་བས་འགགས་ཤིང་། གཟེར་ཐུང་དྲག་པོས་སྙུན་དང་ཤིག་ནད་བྱུང་། ཉི་མ་མཐོང་བར་ཉིན་མང་པོ་སོང་། ཇོ་གདན་ཡང་ལམ་དུ་ཁྱི་མོ་ཚང་མ་ཅིག་གིས་ཞབས་གཡོན་པའི་ཉྭ་སྟིར་འཇུས་པས་གར་ཡང་མ་རྟོལ་བར་ཞག་བཅོ་བརྒྱད་ལ་ལུས། སྐབས་དེར་ལོ་རས་པ་ཁོང་གིས་ལྟོགས་དུས་རྩམ་པ་ཐུར་མ་གང་རེ་འགམས། སྐོམ་དུས་ཁ་བ་རྡོག་རེ་མིད་ནས་འཚོ་ཐབས་བྱས་ཏེ་ཕྱི་བཤོལ་མ་བྱས་པར་དཀའ་ཐུབ་སྙིང་རུས་དང་ཞེ་བཅད་དྲག་པོས་སྒྲུབ་པ་ཉམས་བཞེས་ཀྱི་རྒྱུན་བསྲིང་འདུག་གོ།

ཡང་གནམ་མཚོ་ཕྱུགས་མོའི་མཚོ་སྙིང་ཞྭ་མོ་དོ་རུ་ཉེ་གནས་དགེ་དར་དང་མཉམ་པོར་སྒྲུབ་པ་མཛད་ནས་ལོ་བདུན་ལོན་ཚེ་སྒྲུབ་རྒྱགས་རྩམ་པ་ཟད། དེ་ལྟ་ན་ཡང་མཚོ་དར་མ་ཆགས་པས་ཡང་བསྐྱར་གནས་དེ་ཀ་རང་དུ་སྒྲུབ་པར་བཞུགས་པ་ལས་ཐབས་གཉིས་པ་མ་དམིགས་ཕྱིར། སྔོན་མ་ནས་རྗེ་ལོས་རས་པས་མུ་གེར་སྦྱར་བར་དོགས་ནས་ལོ་བདུན་གྱི་ནང་ལ་ཉིན་རེའི་བཤོས་ཀྱི་རྡོག་ཙམ་རེ་ལས་མ་གསོལ་བར་ལྷག་མ་དག་བྲག་གི་ལོག་ལ་བསྐམས་ཡོད་པའི་ཟན་སྐམ་དེ་ཚོའི་ཐུག་པ་བསྐོལ། ཐུག་པ་ལ་དྭངས་སྙིགས་ཕྱེས་ནས་ཁའི་ཁུ་བ་དེ་གསོལ་ཞིང་། སིགས་མ་རྣམས་བསྐམས་ནས་ཡང་བསྐྱར་བཞེས། དེ་རྗེས་ཀྱང་མཚོ་དར་མ་ཆགས་པར་ཡོད་པ་ལ་རྗེ་ལོ་རས་བའི་བཀའ་བཞིན་ཉེ་གནས་མཚོ་འགྲམ་ལ་ཕྱིན་ནས་ཤ་རོ་གཅིག་རྙེད་པ་དེ་གསོལ་རིང་ལ་ཡང་མཚོ་དར་མ་ཆགས་པས། དཔོན་གཡོག་གཉིས་ཀྱི་སྒོམ་སྐེད་དང་ལྷམ། ཕྱེ་རྐྱལ་རྣམས་བཀྲུས་ཤིང་བཙོས་ནས་བཟའ་ཆས་བྱེད་དགོས་ཐུག་པ་རེད་ལ། དེ་འདྲའི་ངོ་མཚར་བ་དཀའ་སྡུག་བཟོད་པའི་མཐུ་སྟོབས་དེ་ནི”ང་ཤི་ཡང་མི་འཚེར། ཆོས་ཕྱིིར་དཀའ་བ་སྤྱད་པ་ཡིན། ལྟོགས་ཀྱང་མི་འགྱོད་ཆོས་ཕྱིར་དཀའ་བ་སྤྱད་པ་ཡིན”③ཟེར་བའི་སྙིང་སྟོབས་འདི་ཁོ་ན་ལས་བྱུང་བར་ངེས་སོ།།

རེད་ཡ། སྔོན་གྱི་ཆོས་པ་དག་གི་རྣམ་ཐར་ནི་འདི་ལྟ་བུ་ཤ་སྟག་སྟེ།《རྗེ་བཙུན་མི་ལ་རས་པའི་རྣམ་ཐར་》《རྗེ་བཙུན་རས་ཆུང་བའི་རྣམ་ཐར་》《རྒོད་ཚང་མགོན་པོ་རྡོ་རྗེའི་རྣམ་ཐར་》རྣམ་ཐར་འདི་ཉིད་སོགས་ཚང་མ་དཀའ་སྡུག་ཁྲོད་ནས་ཐར་ལམ་བཙལ། ལྟོ་གོས་གཏམ་གསུམ་གྱོང་ལ་བསྐུར་ནས་མི་ཚེའི་རིན་ཐང་དངོས་དེ་མངོན་འགྱུར་བྱས་པའི་གཏམ་རྒྱུད་རང་དུ་འདུག་ཅིང་། གཞུང་འདི་དག་གི་རྗོད་བྱེད་ཀྱི་འཕྲེང་བ་དག་ཀྱང་ཚིག་གི་བདུད་རྩི་དང་། རྣ་བའི་བཅུད་ལེན་དུ་གྱུར་འདུག་ཕྱིར་ཚིག་དོན་གཉིས་ཆ་ནས་བཀླགས་པ་དོན་ཡོད་དུ་འགྲོ་བའི་ཕྱོགས་སོ།།

དེ་བཞིན་དུ་དུས་རབས་ཉི་ཤུ་བའི་ནང་གི་དེབ་དག་ལས་ལོ་རབས་ལྔ་བཅུ་བའི་སྐབས་ཀྱི”རིག་གནས་གསར་བརྗེ”སྐོར་གྱི་དེབ་ལྟ་བུ་ཡིན་ཀྱང་བོད་སྐད་ཀྱི་ཚིག་གི་སྦྱོར་བ་ལྷུར་བླངས་ཡོད་པས། རིག་གསར་འཐབ་རྩོད་ཀྱི་གནས་ལུགས་ཕྱིན་ཅི་ལོག་བཤད་ཀྱིན་ཡོད་མེད་མ་བལྟས་བར་ཚིག་གི་སྦྱོོར་བའི་ངོས་ན་བོད་སྐད་ཀྱི་རིན་ཐང་ཙམ་ནི་ཡོད་ལ། གཞན་ལོ་རབས་བརྒྱད་ཅུ་བའི་སྐབས་ཀྱི《གོ་སླ་བའི་མཚན་ཉིད་རིག་པ》ལྟ་བུ་ཡང་ཆབ་སྲིད་ཀྱི་ལྷན་ཐབས་སུ་གྱུར་བ་མཚན་ཉིད་རིག་པའི་སྐོར་གྱི་བསྒྱུར་ཡིག་ཅིག་ཡིན་མོད། བོད་ཀྱི་ཡི་གེའི་སྦྱོར་ཚུལ་དང་མཐུན་པའི་ཚིག་གི་འཕྲེང་བར་བརྒྱུས་ཡོད་གཤིས། བོད་ཀྱི་ཡི་གེའི་སྦྱོར་ཀློག་ལ་བྱང་བའི་སྐྱེ་བོ་སུ་གང་གིས་བལྟས་ཀྱང་ཀློག་མི་ཐུབ་པ་དང་ཀློག་ས་མི་འགྲོ་བ་ལྟ་བུའི་ཞན་ཆའི་དྲི་ཙམ་ཡང་མེད་དོ།།

དེང་གི་དུས་སུ་ནི་གཞན་རྩོམ་སྒྱུར་བ་ནས་རང་སྐད་བྲིས་པའི་བར་ཡི་གེ་འབྲི་མཁན་མང་པོ་ཞིག་གི་སྦྱོར་ཚུལ་དག་གི་དོན་ལྟ་ཅི་སྨོས། ཚིག་ཀློག་མི་བཏུབ་པའི་གནས་སུ་གྱུར་ཡོད་ལ་ད་དུང་ཁ་ཕོ་ཆེན་པོས་མིང་ཚིག་གསར་བ་ཡིན་སྐད་བཤད་ཀྱིན་པ་ནི། ཉམ་ཆུང་འཁོས་ཞན་གྱི་ད་ལྟའི་རིག་གནས་སྣང་ཚུལ་ལ་ཐུབ་ཚོད་བརྙས་སྨོད་བྱེད་པ་ཉིད་ལས་མ་འདས་ཏེ། ཚིག་གསར་བ་ཡིན་ཀྱང་ཆོག བརྡ་གཞན་ནས་སྒྱུར་ཡང་རུང་བོད་ཡིག་ཡིན་ཕྱིར་བོད་ཡིག་གི་སྦྱོར་ཚུལ་དང་མཐུན་དགོས་པ་ནི་རྩོད་མི་དགོས་པའི་རྒྱུན་ཤེས་ཤིག་གོ།

དེ་ལྟ་ན་ཁ་བ་གངས་ཅན་པའི་ཡི་གེ་བ་དག་གིས་བོད་རང་གི་མཚན་ཉིད་ཀྱི་གཞུང་ཆེན་མོ་དག་བཀླགས་ནས་ཤེས་བྱའི་གནས་ལུགས་ཕྲ་མོ་དང་ཟབ་མོ་དག་དཔྱོད་མ་ཤེས་ཀྱང་ཆོག མེས་པོའི་ཆོས་འབྱུང་ལོ་རྒྱུས་ཀྱིས་མཚོན་པའི་བྱུང་བ་རིག་པའི་དཔེ་ཆར་བལྟས་ནས་རིག་གནས་ཀྱི་དར་རྒུད་དང་སྲིད་ཀྱི་འཕེལ་འགྲིབ་སོགས་བསམ་མ་ཤེས་ཀྱང་རུང་། མ་མཐའ་ཡང་སྔོན་གྱི་དཔེ་ཆ་དག་བཀླགས་ཏེ། གནའ་མི་བོད་ཀྱི་མི་ཚེའི་ལྟ་བ་རྒྱུད་ལ་བླངས། རིན་ཐང་ལྟ་བར་རེ་བ་བཅོལ། སྐད་ཆའི་བརྡ་སྤྲོད་སྟངས་དག་མིག་འདྲིས་རྣར་འཇགས་སུ་བཏང་ནས་རང་ངོ་རང་གིས་ཤེས་པ་རེ་ཅི་ནུས་ཀྱང་བྱེད་དགོས་སོ་སྙམ་དུ་བདག་སེམས་སོ།།

2017/8/20ལ་སྤྱན་གྱིས་བྲིས་སོ།

①《ཆོས་རྗེ་ལོ་རས་པའི་རྣམ་ཐར》
②《ཆོས་རྗེ་ལོ་རས་པའི་རྣམ་ཐར》
③《ཆོས་རྗེ་ལོ་རས་པའི་རྣམ་ཐར》