ཁ་སང་དེ་རིང་རྗེ་བདག་ཉིད་ཆེན་པོའི་དང་པོའི་སློབ་དཔོན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འཁྲུངས་ཡུལ་ཐད་ལ་ཡང་བསྐྱར་རྩོད་པའི་རྡུལ་འཚུབ་ཞིག་ལངས་བཞིན་ཡོད་ལ། དེའི་རྒྱུ་མཚན་ནི་ཉིན་འགའི་སྔོན་ལ་གཅན་ཚ་རྫོང་ཐོག་ནས་དམ་པ་ཁོང་གི་རྗེས་དྲན་གྱི་དཔྱད་གླེང་ཚོགས་འདུ་ཞིག་བསྡུས་ཡོད་པའི་སྟབས་ཀྱིས་ཡིན་ལ། དཔྱད་གླེང་ཚོགས་འདུ་འདི་ཉིད་ཀྱི་ཐོག་མའི་ཀུན་སློང་དང་དགོངས་གཞི་རྒྱ་ཆེན་པོ་ཡིན་པ་ཐག་གིས་ཆོད་ཅིང་། སྔ་མོ་ནས་འདི་འདྲ་ཞིག་བསྡུས་ན་སྙམ་པའི་བསམ་བློ་སྐྱེས་ཡོད། མ་ཟད་འདུ་ཚོགས་སྟེང་ལ་མཁས་པ་མཁས་ཆེན་གང་མང་གིས་དམ་པ་ཁོང་གི་ཆོས་ཕྱོགས་ཀྱི་སྐོར་ནས་བཞག་པའི་མཛད་རྗེས་དང་ལོ་རྒྱུས་སྟེང་ལ་བཞག་པའི་བསུབ་ཐབས་བྲལ་བའི་ཕྱག་རྗེས་སྐོར་ནས་གླེང་སློང་བྱུང་བ་བློ་འཁུལ་བོ་བྱུང་། འོན་ཀྱང་། དེ་དང་མཉམ་དུ་དྲ་ཐོག་ནས་མི་ཁག་ཅིག་གིས་སྙམ་པའི“འཁྲུངས་ཡུལ་སྐོར་གྱི་རྩོད་གཞི”ཡང་བྱུང་སོང་ལ། རྒྱུན་ལྡན་ལྟར་ན་དཔྱད་གླེང་ཚོགས་འདུ་ཞིག་གི་སྟེང་ནས་རྩོད་གཞི་ཕྲན་རེ་འབྱུང་བ་ཡང་རྒྱ་ཁྱབ་དུ་ཡོད་པའི་སྣང་ཚུལ་ཡིན་པས་ཧ་ལས་པ་ཞིག་ཏུ་མི་སྣང་བར་བསམ། ལྷག་པར་འཁྲུངས་གཞིས་སྐོར་ལ་རྩོད་གླེང་བྱུང་བ་ཡང་མང་པོ་ཡོད་ལ། ཉེ་ལམ་གྱི་རྒྱ་ནང་ལ་མཚོན་ན་ལོ་ཙི། ཀྲོང་ཙི། ཚོ་ཚོ། ཆིན་ཧྲི་ཧོང་། ལིས་པེ་སོགས་ཀྱི་འཁྲུངས་ཡུལ་གྱི་རྩོད་གཞི་དེ་ནི་ས་ཁུལ་ཆུང་ཆུང་གི་རྩོད་པ་ནས་ཞིང་ཆེན་གཉིས་ཀྱི་རྩོད་པར་གྱུར་བའི་དཔེ་མང་པོ་ཡོད། ཡིན་ཡང་ང་ཚོས་བསམ་བློ་ནང་དུ་བསྐོར་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འཁྲུངས་ཡུལ་གྱི་རྩོད་གཞིའི་ཐད་ལ་བལྟས་ན། ང་ཚོས་མཉམ་འཇོག་དགོས་ས་དང་ཐུན་མོང་གི་ནད་དུ་གྱུར་ཡོད་པ་ནི། འཁྲུངས་ཡུལ་གསར་བ་འདོན་སྤྲོད་དང་འཁྲུངས་ཡུལ་རྙིང་བ་སྲུང་ཐབས་བྱེད་པའི་མི་སྣ་དག་ནི་སྡེ་བ་དེ་གའི་སེར་མོ་བའམ་ཡང་ན་སྐྱ་བོ་དག་རེད། དེའི་ནང་དུ་རང་ཉིད་ཀྱི་ཡུལ་ལུང་དང་སྡེ་བའི་ཞེན་ཕྱོགས་འདུས་ཡོད་ལ། ཞེན་ཕྱོགས་དེ་དག་གིས་ཡུལ་ལུང་དང་སྡེ་བ་ཚོ་བ་སྒུལ་ནས་རྩོད་གཞི་ངར་ཤུགས་ཅན་དུ་འགྱུར་བའི་ཉེན་ཁ་ཆེན་པོ་ཡོད།

ང་རང་ཉིད་ནི་རེབ་གོང་ཤ་སྦྲང་སྡེ་བ་སྟེ་ཆོས་རྗེ་ཁོང་ཉིད་ཀྱི“འཁྲུངས་གཞིས་རྙིང་བའི”(གཞན་དོར་ཉིན་གྱི་བཤད་སྲོལ་ཡོད)སྡེ་བ་དེ་ནས་སྐྱེས་ཤིང་། རོང་བོ་དགོན་པའི་གདན་རབས་དང་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་ཤར་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་རྣམ་ཐར་སོགས་སུ་ཤ་སྦྲང་ཉིད་ནི་ཆོས་རྗེ་རིན་པོ་ཆེའི་འཁྲུངས་ཡུལ་དུ་གསལ་བར་གསུངས་ཡོད་ཀྱང་། ང་རང་ཉིད་ཀྱིས་ནམ་ཡང་མི་ཚོགས་འདུས་ས་དང་ཡང་ན་རིག་གཞུང་དཔྱད་དེབ་སོགས་སུ་འཁྲུངས་ཡུལ་ཤ་སྦྲང་ཡིན་པའི་སྐོར་གྱི་གཏམ་དང་ཡི་གེ་གང་ཡང་བྲིས་མྱོང་མེད་ལ། ད་དུང་ཕ་ཡུལ་གྱི་རྒད་པོ་རྒོད་པོ་དག་གིས་འཁྲུངས་ཡུལ་གྱི་གཏམ་འཆད་དུས། “གལ་ཏེ་ཆོས་རྗེ་ཁོང་ཉིད་ད་ལྟའི་དུས་འདིར་ཕྱིར་འདིར་ཕེབས་འོངས་ཚེ། འདི་འདྲའི་སློབ་གསོ་ལ་དོ་སྣང་མི་བྱེད་པ་དང་། ཕ་མེས་ཀྱི་ཡ་རབས་སྲོལ་ལུགས་གཙིགས་སུ་མི་འཛིན་པའི་སྡེ་བ་ཞིག་འཁྲུངས་ཡུལ་ཡིན་པར་ཁས་ལེན་རྒྱུ་ལ་ངོ་ཚ་རྒྱུ་རེད།”ཞེས་ཀུ་རེ་འདྲེས་མའི་ངང་ནས་བཤད་མྱོང་ཡོད། དེ་བས་རྩོད་གཞི་དེ་དག་ཤར་དུ་བཞག་ནས། སློབ་གསོ་མཐོར་འདེགས་ལ་ཤུགས་སྣོན་གཏོང་རྒྱུ་ནི་ལོ་འདི་འགའི་རིང་ལ་ང་ཡིས་སྒྲུབ་པའི་ཤ་སྦྲང་གི་བྱ་བ་ཡིན་ཅིང་། གཞན་ཤ་སྦྲང་ན་ཡི་གེའི་བྱ་བ་སྒྲུབ་མཁན་ཧ་ཅང་ཉུང་བ་ཚང་མར་གསལ་ལ། ཉུང་ངུ་དག་གིས་ཀྱང་རང་ས་རང་བཙན་གྱི་ལུང་བའི་འདུ་ཤེས་ཆེ་རུ་བསྒྱུར་བའི་བྱ་བ་ལ་འབད་ཀྱིན་མེད་པ་ཡང་དགའ་འོས་པ་ཞིག་ཏུ་བརྩི་ཆོག རྒྱུ་མཚན་སྔ་མའི་ཡང་བསྐྱར་བསྐྱར་བཟློས་ལ་དོན་སྙིང་མེད་པ་འུ་ཅག་ཚང་མས་མཐོང་པས་སོ།། “འཁྲུངས་ཡུལ”ལ་ཤུགས་ཆེན་པོས་རྩོད་པ་རྒྱག་པ་ནི་རིག་གཞུང་གི་ཁེ་ཕན་ཞིག་གམ་ཡང་ན་སྡེ་བའི་གཟི་བརྗིད་ལ་རྩོད་པ་ཡིན་ལ། དེས་དམ་པ་ཁོང་གི་བསམ་བློའི་སྙིང་སྟོབས་དར་སྤེལ་རྒྱུན་འཛིན་དང་། མི་རིགས་འདིའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ལ་ནུས་པ་ག་འདྲ་ཞིག་ཐོན་མིན་ཐེད་ལ་བོར་ཡོད་པ་རེད།

ལོ་རྒྱུས་རིག་པ་བ་སྐུ་ཞབས་ཡང་ཉོན་ཆོན་ལགས་ཀྱིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་ཡོད་ལ། “ལོ་རྒྱུས་ནི་བདེན་པ་ཡིན་ཡང་རུང་། རྫུན་བཟོ་ཡིན་ཡང་ཆོག དེའི་རྒྱབ་ལྗོངས་སུ་ཁྱད་པར་ཅན་གྱི་རིག་གནས་དང་ཁེ་ཕན་གྱི་འབྲེལ་བས་དྲ་ཐག་འཐེན་ཡོད་ལ། ལོ་རྒྱུས་ཀྱི་ངོ་མཚར་བའི་གནས་ནི་དེ་ཉིད་བདེན་པ་ཡིན་མིན་ལ་འབྲེལ་བ་ཆེར་མེད། གཅིག་བྱས་ན་དེ་ལ་འགྲེལ་བ་རྒྱག་མཁན་དེས་ཀུན་སློང་ག་འདྲ་ཞིག་གི་འོག་ནས་ལོ་རྒྱུས་འདི་འཆད་རྒྱུ་ཡིན་པ་ནི་གལ་ཆེ་ཤོས་ཡིན།”ཞེས་པ་ལྟར་ཆོས་རྗེ་ཁོང་ཉིད་ཀྱི་འཁྲུངས་གཞིས་ལ་དཔྱད་གླེང་དང་རྩོད་པ་བྱེད་པ་ལ་ཡང་ཐོག་མའི་ཀུན་སློང་ནི་དྲང་གཞག་གི་སྲོག་ཏུ་བཞག་ནས་དཔྱད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ། ལོ་ངོ་བརྒྱ་ཕྲག་གི་རིང་ལ་རེབ་གོང་དང་གཅན་ཚ། ཡ་རྫི་སོགས་ཀྱི་སྲིད་འཛིན་ས་ཆ་བགོ་སྟངས་དང་། ས་མིང་ལོ་རྒྱུས་སོགས་ནི་བློས་དཔག་དཀའ་བའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད་པ་ལ་ལོ་རྒྱུས་ཡིག་ཚང་སོགས་སུ་ཡང་གནད་མ་ཁེལ་བ་དང་ལོག་པར་གོ་བ་འབྱུང་སྲིད་པ་ཆོས་ཉིད་ཡིན། ངའི་རེ་བ་ལ་འཁྲུངས་ཡུལ་སྐོར་ཀྱི་རྩོད་པ་འདི་ཆེ་རུ་བསྒྱུར་ནས་ལོ་རྒྱུས་ཀྱི་མཐོངས་ཆེ་ས་ཞིག་ནས་བལྟ་རྒྱུ་དང་། རྩོད་གཞིའི་ས་ཆའི་མི་མ་ཡིན་པའི་ཞིབ་འཇུག་པ་འམ་མཁས་པ་ཞིག་གིས་ཐམས་ཅད་ལ་ཡིད་ཆེས་རུང་བའི་ཞིབ་འཇུག་གི་གྲུབ་དོན་ཞིག་བསྟན་ནས་འདིའི་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུ་དེ་གལ་ཆེན་པོ་རེད་འདོད་དོ།།