ང་རང་ངོས་ནས་བཤད་ན། དེབ་ཅིག་འབྲི་བ་ནི་ལས་སླ་བོ་ཞིག་ཁྱོན་ནས་མ་ཡིན་ལ། མཚན་ཉིད་རིག་པའི་སྐོར་ཀྱི་དེབ་ཅིག་འབྲི་བ་ནི་དེ་བས་ཀྱང་ལས་སླ་བོ་ཞིག་མ་ཡིན་ནོ། །རེད་དེ། དཀྱོགས་མཚམས་ཤིག་གིས་ང་ཚོ་བོད་པའི་གཞོན་པ་ཚོ་ནི་བླ་དོར་བའི་རྣམ་ཤེས་དང་འདྲ་བར་རིག་གཞུང་གང་ཞིག་གི་ངོས་ཐད་ནས་ཀྱང་ཡུལ་འཛིན་ཞིང་དཔྱོད་པར་ངར་ཆ་མི་ལྡན་ལ། ལྷག་དོན་བོད་པ་རང་གི་རིག་པའི་གཞུང་ལ་དཔྱོད་པའི་རྩལ་དང་དོན་ལ་འདུན་པའི་ཤུགས་དང་བྲལ་བས་བསམ་བློ་བསྐྱར་བསྐྲུན་གྱི་ཕྱོགས་སུ་དུས་བབ་དང་མཐུན་པའི་བདག་རྐྱེན་མི་བསྐྲུན་རང་བསྐྲུན་དུ་གྱུར།

གཞོན་པ་མང་པོ་ཞིག་གིས་ང་ཚོ་སད་དགོས་པ་དང་། བོད་པའི་རིག་གནས་བསྐྱར་བསྐྲུན་བྱེད་དགོས་པ་དང་། བོད་མི་མང་པོར་བློ་འབྱེད་བྱེད་དགོས་པ་སོགས་ཀྱིས་ལབ་འུར་གྱིས་གནམ་ས་གཡོ་བ་ལས་རྐང་པ་མདུན་དུ་སྤོས་ནས་འགྲོ་སའི་བདེ་ལམ་ཞིག་ད་དུང་བཤང་ཐུབ་མེད་ལ། ཤེས་ཡོན་ཅན་དུ་བསྙད་པའི་བགྲེས་སོང་ཁ་ཤས་ཀྱིས་ལས་གཞིའི་རྣམ་གྲངས་ཀྱི་ཕྱིར་དུ་སློབ་ཆེན་གྱི་ཁོར་ཡུག་དག་ཏུ་བསྡུས་གྲྭའི་རིགས་གྱོང་དང་ལམ་རིམ་བློ་སྦྱོང་སོགས་ཀྱིས་སློབ་མའི་སེམས་ཁམས་དང་བློ་སྤོབས་ཀྱི་ངར་ཤུགས་ཡོངས་སུ་བཅོམ་སྟེ་བན་བུན་དུ་གྱུར་བ་ནི་སྨུག་སྤྲིན་ཀློང་དུ་ཁ་ཕྱོགས་བོར་བའི་ལུག་ཁྱུ་དང་འདྲ་བ་དང་། དགོན་སྡེ་སྤྱི་ཚོགས་ཁྲོད་ཀྱི་དཔེ་ཆ་བ་གང་མང་མང་ཞིག་གིས་གླེགས་བམ་གསེབ་ཀྱི་གཞི་དངོས་པོའི་རྣམ་གཞག་ནི་ཁྱབ་མཐའི་སྤྱི་འགྲོས་ལ་བརྟེན་པའི་རྟོག་ཞིབ་ཀྱིས་དཔྱད་འབྲས་ཙམ་ལས། མཚན་གཞི་མི་བུ་སྒེར་བ་རང་ཉིད་ཀྱི་སྟེང་ནས་དོན་གྱི་འཕེལ་འགྱུར་དང་མཐུན་པའི་འདུས་བྱས་ཀྱི་གནས་ལུགས་ལ་དངོས་པོ་སྟོབས་ཞུགས་ཀྱི་ཚུལ་གསུམ་དང་མ་བྲལ་བའི་རྟོག་གཞིག་བྱེད་ཐུབ་ཀྱི་མེད་པས། དུས་རབས་ཉི་ཤུ་བའི་སྨད་ཙམ་དང་ལྷག་པར་དུ་ཉེར་གཅིག་པའི་མགོ་འདིར་འཛམ་གླིང་ཧྲིལ་པོའི་ཞི་བདེ་འཚོལ་བསྙེག་ལ་མེད་དུ་མི་རུང་བའི་རིན་ཆེན་གསེར་གྱི་སྒྲོམ་བུའི་སྡོད་ལུགས་སུ་ཞུགས་པའི་ཡང་དག་པའི་རིག་གཞུང་ཞིག་གི་བཙོ་མའི་རིན་ཐང་གཞལ་མ་ནུས་པར་རྟེན་རྫས་བཤམས་སྟོན་ཁང་དུ་འགྲོ་བར་རྩོམ་མོ། །

རེད་དེ། དེ་དག་ཚང་མ་ནི་དེང་སང་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་རློམ་པའི་རྒན་དར་གཞོན་གསུམ་གང་ལའང་ཕྱི་ལུགས་རིག་གནས་ཀྱི་བློ་སྦྱོང་གིས་དོན་གྱི་འབྲས་བུ་ནི་ཕར་ཞོག ཐ་ན་མི་རིགས་རང་གི་རིག་གཞུང་གི་ཆེས་མ་མཐའི་འགྲོ་ལུགས་ཙམ་ལའང་ངེས་ཤེས་དང་རྟོག་ཞིབ་ཀྱི་བློ་གྲོས་དབེན་པས་དུས་རབས་དང་མཐུན་པའི་སྒོ་ནས་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་མ་ཐུབ་པ་རེད་སྙམ། ང་ཚོས་ནམ་ཡང་མི་རིགས་རང་གི་རིག་པའི་གནས་དག་འཛིན་པ་དང་སྐྱོང་བ་དང་སྤེལ་བའི་ལས་ཀ་བྱེད་དགོས་ཚེ་ཤེས་རབ་དང་ཡ་མ་བྲལ་བའི་ལག་ཆ་བེད་སྤྱོད་གཏོང་དགོས་པ་ལས། གཡོ་དང་སྒྱུ་ལ་བརྟེན་ནས་རྣམ་ཤེས་མེད་པའི་རིག་གནས་ཀྱི་གདོང་འབག་དེ་ནམ་ནམ་ཞར་ཞར་དུ་དོར་ཅི་ཐུབ་བྱ་དགོས།

ཁོ་བོས་ནི《རིགས་ལམ་དང་རྟོག་ཞིབ》ཅེས་པའི་དེབ་འདིའི་ནང་དུ་ལུགས་གཉིས(ནང་བསྟན་དང་ཚན་རིག)ཟུང་དུ་སྦྲེལ་ཏེ་འགྲོ་བ་མིའི་རིགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་། ཚེ་སྲོག་ལྟ་ཚུལ་དང་། རྣམ་ཤེས་ལྟ་ཚུལ་ལ་རྟོག་བཏགས་ཀྱིས་དབྱེ་ཞིབ་བྱས་ཡོད། དེབ་འདི་མ་གཞི་ནས་ལེའུ་བདུན་དུ་བགོས་ཡོད་ཅིང་། ལེའུ་རེ་རེའི་ནང་དུ་རྟོག་ཞིབ་ཀྱི་འཇུག་ཡུལ་མི་འདྲ་བ་རེར་མཉམ་གཤིབ་ཀྱི་གྲུབ་དོན་དང་དོགས་པ་བཀོད་ཡོད། ངེད་ཀྱིས་བཀོད་པའི་གྲུབ་དོན་དང་དོགས་པ་རེ་རེ་ནི་ཡང་དག་པ་དང་རྣལ་མའི་རང་བཞིན་དུ་མ་ངེས་ཀྱང་། དེ་ནི་རྣམ་གཡེང་མེད་པའི་ཡུལ་ཅན་གྱིས་དུས་རབས་ཤིག་གི་དཀྱོགས་མཚམས་སུ་འཆི་བར་མི་རིང་བའི་བོད་ཆེན་པོའི་རིག་པའི་གཞུང་ལུགས་ཀྱི་ཚེ་སྲོག་བསྐྱར་དུ་བསྐྲུན་པར་ལམ་ཁ་སྟོན་པ་དེབ་འབྲི་བའི་གཙོ་གནད་ཀྱི་དམིགས་ཡུལ་དུ་བཟུང་བས་སྤོབས་པ་དང་བྲོད་པའི་ང་རྒྱལ་སྐྱེས་ཆོག་ཆོག་ཅིག་ལས་ངོ་གནོང་དགོས་པ་གང་ཡང་མེད་འདོད།

རིག་གཞུང་འོག་མ་འོག་མ་དང་། དཔྱད་པ་རགས་མོ་རགས་མོའི་རྟོག་ཞིབ་ཀྱི་གྲུབ་དོན་ལ་བརྟེན་ཏེ་གོང་མ་གོང་མའི་ལྟ་གྲུབ་དང་ཟབ་ཅིང་ཞིབ་པའི་གནས་ལུགས་ལ་དཔྱོད་བྱེད་ཀྱི་སྟེགས་སུ་འགྱུར་བ་ནི་རྒྱུ་འབྲས་ཀྱི་གོ་རིམ་དང་རབ་ཏུ་མཐུན་པ་ཡིན་པ་ལས་ཐོག་མའི་ཐོག་མ་ནས་བཟུང་སྟེ་དྲི་མ་མེད་པའི་རིགས་པ་ལ་བརྟེན་ནས་ལེགས་པར་འབྱེད་ཐུབ་པ་ཞིག་ནི་ཆོས་ཉིད་ལ་མི་སྲིད་པའི་གཞིའི་གྲུབ་ཚུལ་ལོ། །

དུས་རབས་བཞི་བའི་སྐབས་སུ་བྱོན་པའི་གནའ་བོའི་རྒྱ་གར་གྱི་མཚན་ཉིད་སྨྲ་བའི་སློབ་དཔོན་དབྱིག་གཉེན་དང་། དུས་རབས་བཅུ་དགུ་བའི་སྟོད་དུ་བྱོན་པའི་དངོས་ཁམས་འཕེལ་འགྱུར་རིག་པའི་སྲོལ་འབྱེད་པ་ཏར་ཝིན་དང་། དུས་རབས་བཅུ་དགུ་བའི་སྨད་ཀྱི་ལྟོས་གྲུབ་སྨྲ་བའི་སློབ་དཔོན་ཆེན་མོ་ཨེན་སི་ཐན་སོགས་ལ་མཚོན་ནས་བཤད་ནའང་རྟོག་ཞིབ་ཀྱི་གྲུབ་དོན་མཐའ་དག་བསླུ་བ་མེད་པའི་ཚད་མ་ཉིད་དུ་མ་ངེས་ཤིང་དུས་ཚིགས་དང་མཐུན་པའི་སྒོ་ནས་ཚགས་ཇེ་དམ་དང་འཐུས་ཇེ་ཚང་དུ་སོང་བ་ནི་དངོས་ཁམས་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་ཞིབ་གསལ་གནང་ཡོད་པ་ལས་ཤེས་ཐུབ་བོ། །ཡིན་ནའང་། དུས་རབས་བཞི་བའི་སྐབས་ནས་བཟུང་སྟེ་ད་ལྟའི་བར་གྱི་ལོ་ངོ་ཆིག་སྟོང་དྲུག་བརྒྱ་ཡས་མས་སུ་བར་མ་ཆད་པར་རྒྱུན་མཐུད་དེ་ཐོན་པ་དང་། ཉིའུ་ཏུན་དང་ཨེན་སི་ཐན་གྱི་གཏན་སྲོལ་དང་སྤྱི་འགྲོས་རྦད་དེ་མ་དོར་བར་དེ་རིང་བར་དུ་བསླེབས་པ་ནི་རླབས་ཆེ་བའི་སྐྱེས་བུ་དེ་དག་གིས་མིའི་རིགས་ཀྱི་འཇིག་རྟེན་ལ་བཞག་པའི་བླ་མེད་ཀྱི་ཤུལ་རྫས་ཅི་ལ་མིན། དེ་ནི་གྲུབ་འབྲས་སོ། །དེ་ནི་རླབས་ཆེན་ནོ། །དེ་ནི་དགོས་འདོད་ཡིད་བཞིན་དུ་འབྱུང་བའི་ནོར་བུ་རིན་པོ་ཆེའོ། །

ཁོ་བོས་ད་ཐེངས་ཀྱི《རིགས་ལམ་དང་རྟོག་ཞིབ》ཅེས་པའི་མཚན་ཉིད་རིག་པའི་སྐོར་ཀྱི་དེབ་འདི་འབྲི་དུས་ནང་བསྟན་མཚན་ཉིད་རིག་པ་དང་། ནུབ་ལུགས་མཚན་ཉིད་རིག་པ། ཚན་རིག་བཅས་ཀྱི་དེབ་དྲུག་ཅུ་ལྷག་མཉམ་གཤིབ་ཀྱིས་བྱེ་བྲག་གི་དབྱེ་བ་ཞིབ་བསྡུར་བྱས་ཡོད་ཅིང་། དབྱེ་ཞིབ་ཀྱི་སྐབས་སུ་ལུང་ཁུངས་རྣམས་ཤོག་ངོས་དང་བཅས་ཏེ་གསལ་བོར་བཀོད་མེད། རྒྱུ་མཚན་ནི་དེང་སང་གི་རྒྱལ་སྤྱིའི་རིག་གཞུང་རྟོག་ཞིབ་ཀྱི་བརྩམས་ཆོས་འབྲི་ལུགས་ལ་བརྩི་བཀུར་མ་བྱས་པ་ཁྱོན་ནས་མིན། ད་བར་གྱི་མི་བུ་རྣམས་ལས་མང་མང་གི་གྲངས་ནི་ལེ་ལོར་སྤྲོ་ཞིང་གཡོ་དང་སྒྱུ་ལ་བྲོད་པ་ཤིན་ཏུ་ཆེ་བས་དཔེ་ཀློག་ལ་སུན་སྣང་གིས་ཁ་ཐུག་གི་ལུང་ཙམ་ལས་ལུང་ཁུངས་ཀྱི་དེབ་གཟུགས་ཧྲིལ་གྱིས་ཀློག་པ་དཀོན་ཚོད་དུ་གྲུབ་པས་ཡིན། མཇུག་གི་དཔྱད་ཡིག་ལས་བསྟན་བཅོས་ཀྱི་མཚན་བྱང་ནང་དུ་ལུང་ཁུངས་ཀྱི་དེབ་མིང་དང་མཛད་པ་པོ་གསལ་པོར་བྲིས་ཡོད་པས། དངོས་འབྲེལ་མཚན་ཉིད་རིག་པའི་སྐོར་གྱི་དཔེ་དེབ་ལ་མོས་པ་ཡོད་མཁན་ཞིག་ཡིན་ན་དཔྱད་ཡིག་གི་དེབ་རྣམས་ག་ལེར་ཀློགས་དང་རྒྱབ་རྟེན་དང་མཉམ་གཤིབ་ཀྱི་ལུང་རྣམས་ནི་དེ་ན་གསལ་ལོ། །

མ་ཟད། རེབ་འདིའི་དེབ་གཟུགས་ཀྱི་ནང་དུ་རང་གི་ཚོད་ལྟ་དང་ཉམས་མྱོང་སྟེ་རང་ཉིད་བརྒྱུད་མྱོང་བའི་མྱོང་ཚོར་ཡང་ཁ་ཤས་བཀོད་ཡོད། ང་རང་ཆེས་ཡིད་ཕངས་པ་ནི་སོ་སོའི་ངོས་ཐད་ནས་གློག་རྡུལ་ཕྲ་མཐོང་ཆེ་ཤེལ་དང་ཁྲག་བརྟག་ཡོ་བྱད་སོགས་རྟོག་ཞིབ་ལག་ཆ་བསྒྲིག་པར་རང་གཞན་གཉིས་ཐད་ཀྱི་ཆ་རྐྱེན་མ་འཛོམས་པ་དེ་རེད། གལ་ཏེ་བོད་པའི་དངོས་ཁམས་མཚན་ཉིད་རིག་པའི་རིག་གཞུང་ཉམས་ཞིབ་པ་ཚོར་ཡང་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལྟར་དུ་མཐུན་པའི་རྐྱེན་གྱིས་ཡོངས་སུ་ཟིན་པའི་སྐབས་དང་འཕྲད་ཚེ་ང་ཚོ་ནི་ནམ་ཡང་བྲན་རྒྱུགས་མཁན་གྱི་མི་རིགས་ཤིག་མིན་པ་ཁོ་བོར་ཡིད་ཆེས་ཟབ། རེ་བ་ཞིག་ལ། རང་གཞན་གྱི་མཐུན་པའི་རྐྱེན་དང་ལྡན་པའི་བོད་རིགས་ཉམས་ཞིབ་པ་ཚོས་ནི་འཛམ་གླིང་སྤྱིའི་འགྲོ་ལུགས་ཀྱི་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ་བོད་པ་རང་ལ་དབང་བའི་ནང་བསྟན་མཚན་ཉིད་རིག་པ་གོ་ལ་ཅན་དུ་གཏོང་རྒྱུ་སེམས་ནས་འབོར་མི་ཉན་ནོ། །

མཚམས་འདི་ནས་གནས་མཆོག་དུ་གྱུར་བ་རེབ་གོང་རོང་བོ་དགོན་ཆེན་ནས་རང་ལ་ཤེས་བྱ་རིག་པའི་དྲིན་གྱིས་བསྐྱངས་ཤིང་། ཚེ་རབས་ནས་ཚེ་རབས་དུ་དྲིན་དྲན་པར་འོས་པའི་སློབ་དཔོན་རིན་པོ་ཆེ་འཇམ་དབྱངས་ཆོས་འཕེལ་དང་བློ་བཟང་ཆོས་ཀྱི་གྲགས་པ་རྣམ་གཉིས་དང་། ཚེ་འདིའི་ལུས་རྟེན་སྦྱིན་པ་པོ་ཕ་བསོད་ནམས་ཚེ་རིང་དང་མ་རྡོ་ཕྲུག་སྐྱིད་གཉིས་དང་། ཟང་ཟིང་གི་འཚོ་བའི་མཐུན་རྐྱེན་གྱི་བདག་པོར་གྱུར་པའི་གཅེན་པོ་དཀོན་མཆོག་རྡོ་རྗེ་སོགས་ཁྱིམ་མི་གང་བོར་དམིགས་ཀྱིས་བསལ་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་། ཞོར་དུ་སྣག་གི་གཉེན་མཚམས་སུ་གྱུར་པའི་ཁུ་བོ་འབུམ་རམས་པ་བཟོད་པ་རྒྱ་མཚོ་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མཆོག་ལྡན། གྲོགས་སྙན་ངག་སྨྲ་བ་རོང་བོ་དགེ་འདུན་ལྷུན་གྲུབ། གྲོགས་སྙན་ངག་སྨྲ་བ་རོང་བོ་གངས་དཀར།   ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རབ་འབྱམས་པའི་བསླབ་གནས་གཉེར་བཞིན་པའི་སློབ་བུ་ལྷ་མོ་ཚེ་རིང་སོགས་དེབ་འདིའི་སྔ་ཕྱི་ཐམས་ཅད་དུ་ཡིག་ཆ་འཚོལ་སྡུད་དང་། དཔེ་སྐྲུན་ཇུས་འགོད་སོགས་ལ་རྒྱབ་སྐྱོར་གནང་མཁན་དག་ལ་བོད་པ་རང་གི་གུས་ལུགས་ཀྱི་ལག་ཟུང་ཐལ་མོ་སྦྱར་ཏེ་བཀའ་དྲིན་ཆེ་ཞུ་བ་དང་། མཐའ་མཇུག《བཀའ་བསྟན》དཔེ་སྡུར་ཁང་གི་ཞུས་ཆེན་པ་གཅན་རང་སད་ལགས་ཀྱིས་མཐའ་མའི་རྟིང་ཞུས་བསྐྱོན་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ། །

རྩོམ་པ་པོས།

སྤྱི་ལོ2016ལོའི་ཟླ11པའི་ཚེས24ཉིན།