ལེགས་བཤད་ལྗོན་དབང་གི་བྱུང་འཕེལ་དང་འབྲེལ་བའི་དཔྱད་གླེང་།

ཤིས་ཚང་མཁྱེན་རབ་རྒྱ་མཚོ།

དང་བོ།  ལེགས་བཤད་ལྗོན་དབང་མཛད་པ་བོ་ངོ་སྤྲོད།

ལེགས་བཤད་ལྗོན་དབང་གི་མཛད་པ་བོའི་མཚན་ལ་ཡོངས་གྲགས་སུ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཟེར།  ཁོང་ནི་བོད་རབ་བྱུང་བཅུ་བཞི་བའི་དཀར་བོ་ཞེས་པ་ས་མོ་སྦྲུལ་གྱི་ལོ་སྟེ་ཕྱི་ལོ་ ༡༨༠༩ ལོར་གཙང་སྟོད་གཡས་རུའི་ཆ་ཤས་སུ་ཐོག་མའི་འདོད་རྒྱལ་གྱི་མིང་ལ་འཇད་ཅེས་གྲགས་ཀྱང་།  ཕྱིས་སུ་གུ་རུ་མཚོ་སྐྱེས་རྡོ་རྗེས་ཡུལ་འདིར་དགེ་བའི་མཚན་མ་ཁྱད་པར་ཅན་གསུམ་གཟིགས་ནས་འཛུམ་ཞལ་ལན་གསུམ་གྲོལ་བའི་རྒྱུ་མཚན་གྱིས་བཞད་ཅེས་མིང་ཐོགས་པའི་ཡུལ་དེར་སྐུ་འཁྲུངས་ཤིང་།  ཆུང་དུས་ཀྱི་མཚན་ལ་འཇམ་དབྱངས་རྡོ་རྗེ་ཞེས་ཞུ་ཡང་།  དགུང་ལོ་བཅུ་གཅིག་སྟེང་རབ་ཏུ་བྱུང་བས་མཚན་ལ་བློ་བཟང་ཆོས་འཕེལ་ཞེས་གསོལ།  སྔ་ཕྱིར་ཐོབ་རྒྱལ་བླ་མ་ངག་དབང་སྙན་གྲགས་དང་།  དངུལ་ཆུ་དྷརྨ་བྷ་དྲ་སོགས་ཚུལ་བཞིན་བསྟེན་ཏེ་རྩིས་ས་རིས་དང་།  སྒྲ་སྙན་ངག་སོགས་ཐུན་མོང་རིག་གནས་ཁག་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད།  དགུང་ལོ་བཅུ་དགུ་ནས་བཟུང་རང་གི་ཁུ་བོ་དངུལ་ཆུ་བླ་མ་ཆོས་བཟང་གི་ཞབས་ཕྱི་མཛད་ཅིང་།  དགུང་ལོ་སོ་བཞིའི་ཐོག་སྒྲ་དབྱངས་ཅན་མའི་ལེའུ་སོ་གཉིས་པ་མ་གཏོགས་པའི་རི་མོ་དངོས་ཤུགས་ཀྱིས་བསྟན་པ་ཚང་མ་ཐག་ཐོགས་མེད་པར་ཁོང་ལ་བློ་ཐོག་ནས་རྒྱུགས་འབུལ་བྱས་པས་ཁོང་གིས་ལེགས་གསོལ་བསྔགས་བརྗོད་དང་བཅས་ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་བཏགས།

དེ་ལྟར་ཁོང་དགུང་ལོ་བདུན་ཅུ་དོན་དགུར་བཞུགས་པའི་མཐར་ཐམས་ཅད་འདུལ་ཞེས་པ་རབ་ཚེས་མེ་ཕག་ལོ་སྟེ་ཕྱི་ལོ་ ༡༨༨༧ ལོར་སྐུ་གཤེགས།  ཁོང་ལ་ཆོས་ཚན་མི་འདྲ་བ་བདུན་ཅུ་ལྷག་འདུས་པའི་གསུང་རྩོམ་པོད་གསུམ་བཞུགས།

གོང་དུ་བརྗོད་པ་ལྟར་ཁོང་གི་ཡོངས་གྲགས་ཀྱི་མཚན་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་ཟེར་ཡང་།  ལོ་རྒྱུས་སོགས་སུ་སྐབས་རེར་དངུལ་ཆུ་བློ་བཟང་ཆོས་འཕེལ་ཞེས་འཁོད་པའང་ཡོད།   ཁོང་ནི་དངུལ་ཆུ་དྷརྨ་བྷ་དྲའམ་དངུལ་ཆུ་ཆོས་བཟང་གི་གཅུང་བོའི་སྲས་སུ་འཁྲུངས་པ་དང་།  ཁོང་གཉིས་ལ་བླ་སློབ་ཀྱི་འབྲེལ་བ་ཡོད་པ་བཅས་ལ་བརྟེན་ཏེ་ཡོངས་གྲགས་སུ་དངུལ་ཆུ་ཡབ་སྲས་གཉིས་ཞེས་གྲགས་ལ།  ཡང་དངུལ་ཆུ་མཁས་པ་རྣམ་གསུམ་ཞེས་པའི་སྐབས་དངུལ་ཆུ་ངག་དབང་རྡོ་རྗེ་(༡༧༢༠-༡༨༠༢)དང་།  དངུལ་ཆུ་དྷརྨ་བྷ་དྲ།(༡༧༧༢-༡༨༥༡)  དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་(༡༨༠༩-༡༨༨༧)གསུམ་འདྲེན་པ་ཡིན་ནོ།།

 

གཉིས་པ།  ལེགས་བཤད་ལྗོན་དབང་ནམ་མཛད་པའི་ལོ་ཚིགས་དཔྱད་གླེང་།

ཕྱི་ལོ་ ༡༩༥༦ ལོར་བརྩམས་པར་གསལ་བའི་ཚ་སྤྲུལ་ངག་དབང་བློ་བཟང་གི་ལེགས་བཤད་ལྗོན་དབང་གི་སློབ་དེབ་དེའི་སློབ་ཚན་གསུམ་པར།   ལེགས་བཤད་ལྗོན་དབང་བརྩམས་ནས་སྐབས་དེ་དུས་བར་ལོ་ག་ཚོད་ཕྱིན་ཡོད་མེད་ཀྱི་དྲི་ལན་དུ།  “སྤྱི་ལོ་ ༡༩༠༡ ལོར་ལེགས་བཤད་ལྗོན་དབང་བརྩམས་ནས་བོད་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོའི་བར་ལོ་ ༥༥ དང་།”[1] ཞེས་ལེགས་བཤད་ལྗོན་དབང་ནམ་མཛད་པའི་ལོ་ཚིགས་ནི་ཕྱི་ལོ་ ༡༩༠༡ ལོ་ཡིན་པར་གསུང་ཐག་ཆོད་པོས་ངོས་འཛིན་བྱས་ཡོད་ལ།   དེའི་ཕྱིས་སུ་མཁས་པའི་དབང་བོ་དཔལ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཀྱང་《ཐོན་མིའི་ཞལ་ལུང་》དུ།   དབྱངས་ཅན་གྲུབ་པའི་རྡོ་རྗེས་ལེགས་བཤད་ལྗོན་དབང་ནི་ཕྱི་ལོ་ ༡༩༠༡ ལོར་མཛད་ཅེས་གསལ་[2] ཞིང་།  ད་དུང་གཞན་དང་གཞན་དུའང་དེ་ལྟར་གཅིག་མཐུན་དུ་གྲགས་མོད།  དེ་ནི་སྔར་གྱི་ལོ་རྒྱུས་ཡིག་ཚགས་དང་།   ཕྱིས་སུ་བསྒྲིགས་པའི་ཚིག་མཛོད་ཁག  གཞན་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དངོས་སློབ་བློ་བཟང་འཇིགས་མེད་དབང་བོ་(༡༨༧༡-༡༨༨༧)ཞེས་པས་མཛད་པའི་《ཐམས་ཅད་མཁྱེན་པ་བློ་བཟང་ཆོས་འཕེལ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་དགེ་ལྡན་བསྟན་པའི་ཉི་འོད་》ཅེས་པའི་རྣམ་ཐར་བཅས་སུ་གཅིག་མཚུངས་སུ་གསལ་བའི་འཁྲུངས་གཤེགས་ལོ་ཚིགས་དང་བསྡུར་ན་གོང་གི་ངོས་འཛིན་དེ་ལྟར་ཡིན་པའི་འོས་གཏན་ནས་མ་མཆིས་ཏེ།  དེའང་རྣམ་ཐར་དེར་གསལ་བའི་ཁོང་གི་འཁྲུངས་དུས་ནི་དངུལ་ཆུ་དྷརྨ་བྷ་དྲ་དགུང་ལོ་སོ་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་བཞི་བའི་དཀར་བོ་ཞེས་པ་ས་མོ་སྦྲུལ་ལོའི་སྨིན་དྲུག་ཟླ་བའི་ཚེས་ལྔ་[3] དང་།  སྐུ་གཤེགས་པའི་དུས་ནི།  ཁོང་དགུང་གྲངས་བདུན་ཅུ་དོན་དགུར་ཕེབས་པ་རབ་བྱུང་བཅོ་ལྔ་བའི་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དྲུག་[4] ཡིན་ལ།  དེ་ནི་ཕྱི་ལོའི་དབང་དུ་བྱས་ན་ཕྱི་ལོ་(༡༨༠༩-༡༨༨༧)ཡིན་པ་རྩོད་མེད་དུ་གདའ།  དེར་བརྟེན།  ཚ་སྤྲུལ་སོགས་ཀྱིས་ཕྱི་ལོ་ ༡༩༠༡ ལ་ཁ་ཚོན་བཅད་དེ་གསུངས་པ་ལྟར་ན།  ལེགས་བཤད་ལྗོན་དབང་ནི་དབྱངས་ཅན་གྲུབ་པའི་རྡོ་རྗེ་སྐུ་གཤེགས་ནས་ལོ་བཅུ་གསུམ་རྗེས་ལ་བརྩམས་པ་ཞིག་ཏུ་ཁས་ལེན་དགོས་ཆགས་པས་དེ་ནི་ཁུངས་དང་གཞི་འཛིན་ས་གང་ཡང་མེད་པ་ཞིག་ཏུ་འདོད།

དེས་ན་དོན་དངོས་ལེགས་བཤད་ལྗོན་དབང་ག་དུས་མཛད་དམ་ཞེ་ན།  ཁོང་གི་རྣམ་ཐར་དུ་དངོས་སུ་ལོ་ཚིགས་ཀྱི་གསལ་ཁ་གང་ཡང་མི་སྣང་མོད།   གོང་བརྗོད་རྣམ་ཐར་དེར་དགུང་ལོ་སོ་དྲུག་གི་སྐབས་ཤིག་ལ་ཁོང་གིས་“དེ་མཚུངས་ཡུལ་གངས་ཅན་གྱི་བརྡ་སྤྲོད་པ་ཀུན་གྱི་རྩ་བ་དང་ཕྱི་མོར་གྱུར་པ་མཁས་མཆོག་ཐོན་མི་སམ་བྷོ་ཊའི་ལེགས་བཤད་སུམ་ཅུ་བ་དང་། རྟགས་ཀྱི་འཇུག་པའི་སྐོར་དང་།  རྒྱ་བོད་ཀྱི་དོན་གཅིག་ལ་མིང་གི་རྣམ་གྲངས་མང་དུ་ཡོད་པ་དང་།  མིང་གཅིག་དོན་མང་བོར་འཇུག་པ་མངོན་བརྗོད་ཀྱི་སྐོར། རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་ཁྱད་ཆོས་ཆེན་པོ་བརྒྱད་ཀྱིས་གཞན་ལས་ཁྱད་པར་དུ་འཕགས་པའི་སྡེབ་སྦྱོར་ངོ་མཚར་རྟོགས་བྱེད་ཀྱི་རི་མོའི་རྣམ་གྲངས་དང་བཅས་པ་རྣམས་ཐོབ་གྲངས་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་སྦྱངས་ཤིང་། དེ་དག་གི་རྒྱ་བོད་ཀྱི་རྩ་འགྲེལ་མང་པོར་ཉིན་མཚན་འཁོར་མར་རང་བློས་གང་དཔོག་དཔྱད་པས་ཡང་དག་དང་ལྟར་སྣང་གི་དབྱེ་བ་ཕྲན་བུ་ཤེས་རྩིས་ཀྱིས་གསར་བའི་ལེགས་བཤད་ཡིན་ཁུལ་ཡང་ཕྲན་བུ་བྱས་”[5] ཞེས་གསུངས་པའི་ཚིག་བབ་ལ་དཔག་ན་སྐབས་དེར་ལེགས་བཤད་ལྗོན་དབང་སོགས་མཛད་པ་ཡིན་ཤས་ཆེ་ཨང་སྙམ།  དེ་ལྟར་ན་ལེགས་བཤད་ལྗོན་དབང་མཛད་པའི་ལོ་ཚིགས་ནི་ཁོང་དགུང་ལོ་སོ་དྲུག་པའི་སྐབས་ཏེ་ཕྱི་ལོ་ ༡༨༤༥ ལོ་ཡིན་པར་ངོས་གཟུང་དགོས་པར་བསམ་མོ།།

 

གསུམ་པ།  མཁས་པ་གཞན་གྱིས་མཛད་པའི་ལེགས་བཤད་ལྗོན་དབང་གི་འགྲེལ་བ་ཅི་བྱུང་།

ལེགས་བཤད་ལྗོན་དབང་ལ་སྔོན་བྱོན་མཁས་པ་ཚོས་མཛད་པའི་འགྲེལ་བ་རྒྱས་བསྡུས་ཅི་རིགས་ཧ་ཅང་མང་བ་ལས་ད་སྔར་ང་ཚོའི་མཐོང་སྐལ་དུ་བཞུགས་པ་ལྟར་ན་དེ་དག་ལས་འགྲེལ་སྔ་ཤོས་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་(༡༨༨༣-༡༩༣༧)མཛད་པའི་《སྙིགས་དུས་ཀྱི་མ་ཧཱ་པཎྚིཏ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དཔལ་བཟང་པོའི་གསུང་རྒྱུན་ལུང་སྟོན་པ་སུམ་ཅུ་བའི་སྙིང་པོ་མདོར་བསྡུས་ལེགས་བཤད་ལྗོན་པའི་དབང་པོའི་འགྲེལ་བཤད་》ཅེས་པ་དེ་ཡིན་པར་མངོན་ཏེ།   དེའི་གོང་དུ་ལེགས་བཤད་ལྗོན་དབང་ལ་རང་འགྲེལ་ཕུད་པའི་དངོས་སུ་འགྲེལ་བ་མཛད་ཡོད་ཚུལ་གྱི་ཡིག་འཇོག་གང་ཡང་མི་སྣང་།   འོན་ཏེ།  འགའ་རེས་ཕྱི་ལོ་ ༡༩༠༣ ལོར་མཛད་པར་གསལ་བའི་དགའ་ལྡན་ཁྲི་རབས་གྱ་བརྒྱད་པ་ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོའི་《བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཉུང་ངུའི་ཚིག་གིས་གོ་བདེར་བཀྲལ་བ་བློ་རྨོངས་གསལ་བའི་སྒྲོན་མེ་》ཞེས་པ་ལས་སུམ་ཅུ་བའི་སྐོར་དེ་ལེགས་བཤད་ལྗོན་དབང་གི་འགྲེལ་བར་ངོས་འཛིན་མཁན་ཡོད་མོད།  དེ་ནི་གཙོ་བོར་སུམ་ཅུ་བའི་རྩ་བ་རང་གི་ཚིག་འགྲེལ་ཡིན་པ་དངོས་སུ་གསལ་ལ།  དེར་སྐབས་སྐབས་སུ་ལེགས་བཤད་ལྗོན་དབང་གི་རྩ་ཚིག་ཟུར་རྒྱན་དུ་སྤྲས་ཏེ་གསུངས་པ་ནི་བདེན་དུ་ཆུག་ཀྱང་།  ཚུལ་དེས་ལེགས་བཤད་ལྗོན་དབང་གི་འགྲེལ་བ་ཡིན་པར་ཆ་འཇོག་མི་འོས་པར་སྙམ།

དེས་ན་ལེགས་བཤད་ལྗོན་དབང་གི་འགྲེལ་བ་སྔ་ཤོས་ནི་པཎ་ཆེན་ཆོས་ཀྱི་ཉི་མས་མཛད་པའི་འགྲེལ་བཤད་དེ་ལས་གཞན་ངོས་འཛིན་དུ་མེད་ལ།   དེའི་ཕྱིས་སུ་རིམ་གྱིས་དུས་སྐབས་སོ་སོར་མཁས་པ་སོ་སོས་མཛད་པའི་འགྲེལ་བ་རྒྱས་བསྡུས་ཅི་རིགས་བྱུང་ཡོད།   དེའང་དཀྱིལ་གྲྭ་དཀའ་ཆེན་པདྨའམ་ལུང་རིགས་མི་ཕམ་རྡོ་རྗེས་(༡༩༡༤-༡༩༦༣)མཛད་པའི་《ལེགས་བཤད་ལྗོན་དབང་གི་འགྲེལ་ཆུང་བློ་གསལ་ཐོས་འཛིན་དབང་བོར་འཇེབས་པའི་བརྡ་སྤྲོད་ཚིག་གི་གླིང་བུ་》ཞེས་པ་དང་།   ཚ་སྤྲུལ་ངག་དབང་བློ་བཟང་(༡༨༨༠-༡༩༥༧)གིས་དེང་གི་སློབ་ཚན་ཆ་བགོས་ཀྱི་རྣམ་པས་བརྩམས་པའི་《ལེགས་བཤད་ལྗོན་དབང་གི་སློབ་དེབ་》ཅེས་པ་དང་།   མཁས་དབང་རྡོ་རྗེ་རྒྱལ་བོས་མཛད་པའི་《སུམ་རྟགས་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་》ཞེས་པ།  དཀའ་ཆེན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་《ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་མེའི་འགྲེལ་བ་གཟོང་ཆུང་རྣོན་པོ་》ཞེས་པ། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་དཔལ་བཟང་བོས་མཛད་པའི་《བརྡ་སྤྲོད་ཀྱི་གཙུག་ལག་ངག་གི་ཐིག་ལེ་》ཞེས་པ།  ཛེ་སྨད་རིན་པོ་ཆེས་མཛད་པའི་《སུམ་ཅུ་བའི་སྙིང་པོ་ལེགས་བཤད་ལྗོན་དབང་གི་ཚིག་དོན་རྣམ་པར་གསལ་བ་འཕྲུལ་གྱི་མེ་ལོང་》ཞེས་པ། བསོད་ནམས་རྡོ་རྗེས་བརྩམས་པའི་《ལེགས་བཤད་ལྗོན་དབང་གི་འགྲེལ་བ་མཁས་པའི་ཞལ་ལུང་》སོགས་ནི་དུས་རབས་སྔ་མའི་ལོ་རབས་དགུ་བཅུའི་སྔོན་ལ་བྱུང་བའི་ལེགས་བཤད་ལྗོན་དབང་གི་འགྲེལ་བ་ཁག་ཡིན་ལ།   དེའི་ཕྱིས་སུའང་ལེགས་བཤད་ལྗོན་དབང་དང་འབྲེལ་བའི་དྲི་བ་དྲིས་ལན་དང་།  འགྲེལ་བ་འགྲེལ་བཤད་སོགས་མང་དུ་བྱུང་ཡོད་པར་སྣང་ཡང་འདིར་དེ་དག་ཐམས་ཅད་ཞིབ་ཏུ་འགོད་པའི་ངལ་བ་ལྷུར་མ་བླངས་སོ།།

 

བཞི་བ།  ལེགས་བཤད་ལྗོན་དབང་གི་ཁྱད་ཆོས་དང་དེའི་འཕེལ་རིམ།

ལེགས་བཤད་ལྗོན་དབང་ནི་ཐོན་མིའི་སུམ་ཅུ་བའི་བསྡུས་དོན་ལྟ་བུ་སྟེ།  དེར་བློ་རབ་འབྲིང་ཐ་གསུམ་སུ་ཞིག་འཇུག་ཀྱང་ཚིག་གི་སྤྲོས་པ་ཉུང་ཞིང་དོན་གྱི་གནད་འདུས་པའི་ཁར།   བློ་ལ་འཛིན་བདེ་བ་དང་།  གཞན་ལའང་ངོ་འཕྲོད་སླ་བ་བཅས་ཀྱི་ཁྱད་ཆོས་དུ་མས་ཕྱུག་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན།   ལེགས་བཤད་ལྗོན་དབང་གི་རྗོད་ཚིག་ཧྲིལ་བོར་ཤོ་ལོ་ཀ་ཉི་ཤུ་རྩ་བཞི་དང་རྐང་བ་གཅིག་ལས་མེད་ཀྱང་།   དེས་ཐོན་མིའི་སུམ་ཅུ་བའི་སྙིང་བོ་ཧྲིལ་གྱིས་བསྡུས་ཤིང་།  སུམ་ཅུ་བའི་རྩ་བར་མི་གསལ་བའི་ཕྲད་ཀྱི་ཐོབ་ཐང་དག་ཀྱང་ལེགས་བཤད་ལྗོན་དབང་གི་སྐབས་སོ་སོར་ཤིན་ཏུ་ཁ་གསལ་གོ་བདེའི་ངང་བསྟན་ཡོད་པ་རེད།

མདོར་ན།  ལེགས་བཤད་ལྗོན་དབང་ནི་སུམ་ཅུ་བའི་རྩ་བའི་ཚིག་དོན་འགྲོལ་བའི་ལྡེ་མིག་དང་།  སུམ་ཅུ་བའི་དོན་གྱི་སྙིང་བོ་མཐའ་དག་ལེགས་བཤད་ལྗོན་དབང་ལ་བརྟེན་ནས་ཡོངས་སུ་རྟོགས་ཐུབ་པའི་དགེ་མཚན་དུ་མ་དང་ལྡན་པས་ན།   སྔ་ཕྱིར་ལེགས་བཤད་ལྗོན་དབང་ལ་འགྲེལ་བ་འགྲེལ་བཤད་མཛད་མཁན་དང་།  དྲི་བ་དྲིས་ལན་གྱི་སྒོ་ནས་དེའི་ཚིག་དོན་གསལ་བར་བྱེད་མཁན་སོགས་མང་དུ་བྱུང་ཡོད།

སྤྱིར་ལེགས་བཤད་ལྗོན་དབང་ཐོག་མར་ཅི་ལྟར་བྱུང་བ་དང་།  ཕྱིས་སུ་ཅི་ལྟར་འཕེལ་བའི་རིམ་པ་ལ་གཞིགས་ན་ཐོག་མ་ནས་བོད་མདོ་དབུས་ཁམས་གསུམ་ལ་ཁྱབ་མཉམ་དུ་འཕེལ་བ་ཞིག་ནི་མ་ཡིན་ལ།  ཐོག་མར་དབུས་གཙང་དུ་ཅུང་ཤུགས་རྐྱེན་ཆེ་བ་ལས་གཞན་མདོ་ཁམས་ཕྱོགས་སུ་དེ་ཙམ་གྱིས་རྒྱུས་མངའ་དང་འཆད་ཉན་གྱི་ལག་ལེན་མེད་པར་མངོན་ཏེ།  གོང་དུ་ལེགས་བཤད་ལྗོན་དབང་གི་འགྲེལ་བ་སྔ་གྲས་ཁག་ནི་དབུས་གཙང་གི་མཁས་པ་འབའ་ཞིག་གིས་མཛད་པ་ལས་སྐབས་དེའི་མདོ་ཁམས་ཀྱི་མཁས་པ་ཚོས་ལེགས་བཤད་ལྗོན་དབང་ལ་འགྲེལ་བ་འགྲེལ་བཤད་མཛད་ཡོད་ཚུལ་གང་དུའང་མི་སྣང་།

དེ་ལྟར་ནའང་།  ཕྱི་ལོ་ ༡༩༥༦ ལོར་ཚ་སྤྲུལ་ངག་དབང་བློ་བཟང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་དགོས་མཁོར་གཙོ་བོར་དམིགས་ཏེ།  དིང་གི་སློབ་གྲྭའི་སློབ་ཚན་གྱི་རྣམ་པའི་འབྲི་ཚུལ་སྤྱད་དེ་ལེགས་བཤད་ལྗོན་དབང་གི་ཚིག་དོན་ཧྲིལ་བོ་སློབ་ཚན་ཁག་སོ་བདུན་དུ་ཕྱེས་ནས་མཛད་ཅིང་།  དེ་མི་རིགས་དཔེ་སྐྲུན་ཁང་གིས་ལེགས་བཤད་ལྗོན་དབང་གི་སློབ་དེབ་ཅེས་པའི་ཁ་བྱང་འོག་དཔར་སྐྲུན་འགྲེམས་སྤེལ་བྱས་པ་ནི་ལེགས་བཤད་ལྗོན་དབང་གི་འཕེལ་རིམ་གསར་བ་ཞིག་ཡིན་པར་འདོད་ལ།  ལྷག་དོན་དེའི་རྗེས་ཀྱི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆུང་འབྲིང་ཁག་དང་།  བྱེས་ཀྱི་གཞི་རིམ་སློབ་གྲྭ་དང་དགོན་སྡེ་དག་ཏུ་ལེགས་བཤད་ལྗོན་དབང་གི་རྩ་བ་བློར་འཛིན་པ་དང་།  དེའི་སྟེང་ནས་བརྡ་སྤྲོད་འཆད་ཉན་བྱེད་པའི་ལམ་སྲོལ་ཆེས་ཆེར་འཕེལ་ཡོད་པ་རེད།

དེར་བརྟེན་ད་ལྟ་བོད་ཀྱི་སློབ་གྲྭ་ཁག་ཏུ་སུམ་ཅུ་བའི་རྩ་བ་ལས་ལེགས་བཤད་ལྗོན་དབང་ལ་རྒྱུས་མངའ་ཡོད་པའི་ཚད་དུ་མཆིས་ལ། ཁོ་བོས་བསམ་ན་ལེགས་བཤད་ལྗོན་དབང་ནི་སློབ་མའི་བློ་ཁ་དང་ཆེས་ཆེར་འཚམ་པའི་སུམ་ཅུ་བའི་བསྡུས་དོན་དཔེ་མེད་པ་ཞིག་ཏུ་འདོད་དོ།།

 

ལྔ་བ།  མཇུག་བསྡུ་བ།

འདིར་ཁོ་བོས་ཡིག་ཚོགས་ལ་མ་འཛེམ་པར་ལེགས་བཤད་ལྗོན་དབང་གི་མཛད་པ་བོ་ངོ་སྤྲོད་དང་།  ལེགས་བཤད་ལྗོན་དབང་གི་བྱུང་འཕེལ་སོགས་གླེང་དགོས་དོན་ནི།   ད་སྔར་ཡིག་འཇོག་འགའ་རེར་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་།  དངུལ་ཆུ་ངག་དབང་རྡོ་རྗེ་གཉིས་གཅིག་ཏུ་འཁྲུལ་བ་དང་།   ལེགས་བཤད་ལྗོན་དབང་ནམ་མཛད་པའི་ལོ་ཚིགས་ལ་མ་བརྟག་མ་དཔྱད་པར་ཕྱི་ལོ་ ༡༩༠༡ ལོར་ངོས་འཛིན་བྱེད་ཀྱིན་པ་བཅས་ཀྱི་འཁྲུལ་སྤོང་ལ་གཙོ་བོར་གཞིགས་ཏེ་བྲིས་པ་ཡིན་ལ།   འདིས་གོང་གི་སྣང་ཚུལ་དེ་དག་ཡོངས་སུ་ལྡོག་མི་ནུས་ནའང་དཔྱད་གཞིའི་ས་བོན་ཙམ་ཞིག་ཏུ་འགྱུར་ནའང་རྩོམ་ཡིག་འདི་འབྲི་བའི་དམིགས་དོན་འགྲུབ་པ་ཡིན་ནོ།།

 

༢༠༡༦ ལོའི་ཟླ་ ༠༤ ཚེས་ ༢༥ ཉིན།

 

རྟེན་ཁུངས།

[1] ཚ་སྤྲུལ་ངག་དབང་བློ་བཟང་གིས་བརྩམས།  [M] 《སུམ་ཅུ་བའི་སྙིང་པོ་ལེགས་བཤད་ལྗོན་དབང་།》  མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༡ ལོའི་དཔར་ཐེངས་དང་བོ།  ཤོག་ངོས། (P.06)

[2] དཔལ་ཚེ་ཏན་ཞབས་དྲུང་གིས་མཛད། [M] 《ཐོན་མིའི་ཞལ་ལུང་།》 འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་གིས་དཔར། ཕྱི་ལོ་ ༢༠༠༧ ལོའི་དཔར་ཐེངས་དང་བོ།  ཤོག་ངོས། (P.194)

[3] བློ་བཟང་འཇིགས་མེད་དབང་བོས་མཛད། 《ཐམས་ཅད་མཁྱེན་པ་བློ་བཟང་ཆོས་འཕེལ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་དགེ་ལྡན་བསྟན་པའི་ཉི་འོད་ཅེས་བྱ་བ།》 ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་ཨང་། (W15960)  (གཙང་བཞད་དངུལ་ཆུ་ཆོས་རྫོང་གི་ཤིང་པར།) ལྡེབ་གྲངས། ༢༠ སྲིབ་ངོས། ཐིག་ཕྲེང་གསུམ་པ་ནས་གསལ།

[4] གོང་མཚུངས་རྣམ་ཐར་དེའི་ལྡེབ་གྲངས། ༡༩༥ སྲིབ་ངོས། ཐིག་ཕྲེང་དྲུག་པ་ནས་གསལ།

[5] བློ་བཟང་འཇིགས་མེད་དབང་བོས་མཛད། 《ཐམས་ཅད་མཁྱེན་པ་བློ་བཟང་ཆོས་འཕེལ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་དགེ་ལྡན་བསྟན་པའི་ཉི་འོད་ཅེས་བྱ་བ།》 ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་ཨང་། (W15960)  (གཙང་བཞད་དངུལ་ཆུ་ཆོས་རྫོང་གི་ཤིང་པར།) ལྡེབ་གྲངས། ༧༣ ཉིན་ངོས། ཐིག་ཕྲེང་གསུམ་པ་ནས་གསལ།