ཁེ་ཉིན་ཞིག་ལ། མཁས་དབང་པདྨ་འབུམ་ལགས་དང་གླེང་མོལ་བྱེད་པའི་ཞོར་ནས་ཆེ་མཆོག་འདུས་པ་རྩལ་ཞེས་པ་སུ་ཡིན་པའི་སྐོར་ཡང་གླེང་ཙམ་བྱས། སྐབས་དེར་ངས་དེ་སུ་ཡིན་ལམ་སང་མ་དྲན་ཡང། སྔོན་ཞིག་ལ་དེའི་སྐོར་གྱི་ཟིན་ཐོ་ཞིག་བཏབ་ཡོད་པ་འདྲ་ཞིག་དྲན་བྱུང་། མདང་དགོང་ཟིན་ཐོ་དེ་ཡོད་མེད་བཙལ་བ་ན་རྙེད་བྱུང་།

མ་གཞི་ཟིན་ཐོ་དེ་ནི། ཆེ་མཆོག་ཧེ་རུ་ཀའི་ཐང་ག་ཞིག་དང་འབྲེལ་བ་འདུག ཐང་ག་དེའི་གཙོ་སྐུ་ནི་ཆེ་མཆོག་ཧེ་རུ་ཀ་དང་། གཡས་གཡོན་བཅས་སུ་རྟ་མགྲིན་དང་། ཕུར་པ། གཤིན་རྗེ་སོགས་དང་། སྲུང་མར་མགོན་པོ་མ་ནིང་དང་། སྟེང་དབུས་སུ་བླ་སྐུ་གསུམ་བཞུགས་པའི་དབུས་ཀྱི་པཎ་ཞྭ་སེར་པོ་ཅན་གྱི་ཞབས་སུ། ཆེ་མཆོག་འདུས་པ་རྩལ་ལ་ན་མཿ ཞེས་པ་དང་། གཡས་ཀྱི་དེར་ཟུར་ཐམས་ཅད་མཁྱེན་པ་ལ་ན་མཿ ཞེས་པ་དང་། གཡོན་གྱི་དེ་ལ། ཁྲ་ཚང་པ་ཆེན་པོ་བློ་མཆོག་རྡོ་རྗེ་ལ་ན་མཿ ཞེས་ཞལ་བྱང་བཀོད་ཡོད། དབུས་ཀྱི་བླ་སྐུ་དེ་བལྟས་མ་ཐག་རྒྱལ་དབང་ལྔ་པ་ཡིན་པ་ཤེས་ཐུབ་སྟེ། ཕྱག་གཡས་ན་པདྨ་དང་། ཁ་སྤུ་ཅན་ཡིན་པ་སོགས་རྒྱལ་དབང་ལྔ་པའི་སྐུ་འདྲ་རྒྱུན་དུ་མཇལ་རྒྱུ་ཡོད་པའི་བཞུགས་སྟངས་དེ་ག་རང་རེད། གཞན་གཉིས་ནི་རྒྱལ་དབང་ལྔ་པའི་བླ་མ་གཉིས་ཏེ། གཅིག་ནི་ཟུར་ཆེན་ཆོས་དབྱིངས་རང་གྲོལ་བྱ་བ་དང། གཅིག་ཤས་ནི་ཁྱབ་བདག་ཁྲ་ཚང་པ་བློ་མཆོག་རྡོ་རྗེ་ཟེར་བ་དེ་གཉིས་རེད། དོན་དུ་རྒྱལ་དབང་རང་ལ་ཆེ་མཆོག་ཧེ་རུ་ཀ་དང་རྟ་མགྲིན་སོགས་ཀྱི་ཆོས་སྐོར་ཐོབ་པའི་བླ་མ་གཉིས་ཡིན་པ་ལྔ་པ་ཆེན་པོའི་གསན་ཡིག་གངྒཱའི་ཆུ་རྒྱུན་དུ་གསལ་ལོ།། ཐང་ག་དེ་དེང་སང་པོ་ཏ་ལར་བཞུགས་ཤིང་། ཐད་ཀར་བལྟས་ན་སྡེ་སྲིད་སྐབས་ཀྱི་སྨན་གསར་ལུགས་དབུས་བྲིས་སུ་སྣང་ངོ་།།

གོང་འཁོད་ཀྱི་ནང་དོན་ཁག་ལ་དཔྱད་ནས་ཁེ་ཉིན་ངས་ཐང་ག་འདིའི་ངོས་ཀྱི་ཆེ་མཆོག་འདུས་པ་རྩལ་དང་སླེ་ལུང་གི་བླ་མ་ཆེ་མཆོག་འདུས་པ་རྩལ་གཉིས་མི་གཅིག་རེད་ཅེས་ངོས་འཛིན་བྱས་པ་ཡིན། ངོ་མ་བཤད་ན་དེ་ནི་ང་ལ་ནོར་འཁྲུལ་བྱུང་བའི་གནས་ཚུལ་ཞིག་རེད།
དོན་དུ་དེ་གཉིས་སོ་སོ་རེད་དོ།།

མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས། ༼ ཆེ་མཆོག་འདུས་པ་རྩལ་གྱི་རྣམ་པར་ཐར་པ་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ༽་ཞེས་པ་དེ་ནི་སྨིན་གྲིང་གཏེར་ཆེན་གྱི་སློབ་མ་ཞིག་ཡིན་ཚུལ་བཤད་ཡོད་པ་དེ་དང་།

ཨ་ལགས་དམུ་དགེ་བསམ་གཏན་རྒྱ་མཚོ་ཚང་གིས་མཛད་པའི་༼བོད་ཀྱི་ལོ་རྒྱུས་ཀུན་དགའ་གསལ་བའི་མེ་ལོང༽་དུ་བཤད་པའི་ཆེ་མཆོག་འདུས་པ་རྩལ་གཉིས་ཀྱང་། སླེ་ལུང་བཞད་པའི་རྡོ་རྗེའི་བླ་མ་བློ་གསལ་རྒྱ་མཚོ་ཞུ་བ་དེ་ཉིད་ཡིན་འདུག

མདོར་ན། པོ་ཏ་ལར་བཞུགས་པའི་ཆེ་མཆོག་ཧེ་རུ་ཀའི་ཐང་གའི་ངོས་སུ་བཞུགས་པའི་ཆེ་མཆོག་འདུས་པ་རྩལ་ནི། ལྔ་པ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི་བླ་སྐུ་དེའི་ཆ་ལུགས་དང་། དེ་ལས་གཞན་ཁོང་ལ་ཆེ་མཆོག་ཧེ་རུ་ཀའི་ཆོས་སྐོར་གནང་མཁན་གྱི་བླ་མ་གཙོ་བོ་གཉིས་ནི་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་། ཁྲ་ཚང་པ་ཆེན་པོ་གཉིས་ཡིན་པས་དེའི་མཚོན་དོན་དུ་ལྔ་པ་ཆེན་པོའི་གཡས་གཡོན་དུ་ཁོང་རྣམ་པ་གཉིས་ཀྱི་འདྲ་སྐུ་རེ་བྲིས་ཡོད་པ་དེ་ལས་ཀྱང་བླ་སྐུ་དེ་ལྔ་པ་ཆེན་པོ་ཡིན་པ་གསལ་བོ་རེད། ལྔ་པ་ཆེན་པོ་ལ་མཚན་མི་འདྲ་བ་དུ་མ་ཞིག་ཡོད་ཚུལ་ལྔ་པ་ཆེན་པོའི་གསུང་འབུམ་ཁག་ལས། སྙན་ངག་གི་མཚན་ཚངས་སྲས་བཞད་པའི་རྡོ་རྗེ། གསང་མཚན་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་དང་། ཟ་ཧོར་གྱི་སྔགས་མཁན་ཆེ་མཆོག་འདུས་པ་རྩལ། རྣལ་འབྱོར་པ་གང་ཤར་རང་གྲོལ། དེ་བཞིན་འཇམ་དབྱངས་དགའ་བའི་བཤེས་གཉེན་ནམ་ཟ་ཧོར་གྱི་བནྡེ་ཞེས་ཡོངས་སུ་གྲགས་པ་སྟེ། ཞེས་གསལ་བ་སོགས་ལས་ཀྱང་ཤེས་ནུས་སོ།།

ཚངས་དབང་གིས།2017/8/31/ལ།