ཉེ་ཆར་ངེད་ཀྱིས་༼ཆེ་མཆོག་འདུས་པ་རྩལ་ཞེས་པ་སུ་ཡིན་པའི་སྐོར་རོབ་ཙམ་གླེང་བ༽་ཞེས་བྱ་བའི་རྩོམ་ཐུང་ཞིག་བྲིས་པ་ཡིན། དེ་ནང་དུ་ངས་པོ་ཏ་ལར་བཞུགས་པའི་ཆེ་མཆོག་ཧེ་རུ་ཀའི་ཐང་གའི་ངོས་སུ་ཡོད་པའི་”ཆེ་མཆོག་འདུས་པ་རྩལ་”དང་། སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་༼ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ༽་ཞེས་པའི་སྐབས་ཀྱི་”ཆེ་མཆོག་འདུས་པ་རྩལ་”གཉིས་ནི་གང་ཟག་གཅིག་རེད་ཅེས་བཤད་པ་ཡིན། གྲོགས་པོ་རེ་གཉིས་ཀྱིས་སླེ་ལུང་གི་བླ་མ་ཆེ་མཆོག་འདུས་པ་རྩལ་དང་། ལྔ་པ་ཆེན་པོ་གཉིས་གཅིག་མིན་ཚུལ་གྱི་བསམ་ཚུལ་བཤད་སོང་བས། ངས་ཆེད་དུ་སླེ་ལུང་བཞད་པའི་རྡོ་རྗེས་བརྩམས་པའི་༼ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ༽་བྱ་བའི་དཔེ་ཆ་དེར་ཞིབ་ཏུ་བཀླག་དགོས་བྱུང་། བཀླགས་ཚར་རྗེས་དངོས་གནས་དེ་གཉིས་གཅིག་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་།

ངས་གོང་གི་རྩོམ་དེ་བྲིས་པའི་སྐབས་སུ། སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་༼ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ༽་བྱ་བའི་དཔེ་ཆ་དེར་མཇལ་མྱོང་མེད། འོན་ཏེ་མཚན་བྱང་གཅིག་པའི་རྒྱུ་མཚན་ཙམ་ལ་བརྟེན་ནས་ངས་དེ་གཉིས་གཅིག་རེད་ཅེས་བཤད་པ་ཡིན། ད་བསམ་ན་དེ་ནི་ནོར་འཁྲུལ་ཆེ་ཞིག་རེད་འདོད་ཀྱིན་ཡོད།

ཤེས་པ་ཡིན་ན། སླེ་ལུང་བཞད་པའི་རྡོ་རྗེས་མཛད་པའི་༼ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ༽་ཞེས་པ་བླ་མ་དེ་ནི་སྨིན་གླིང་གཏེར་ཆེན་གྱི་སློབ་མ་ཡིན་པ་དང་། མཚན་གཞན་ལ་བློ་གསལ་རྒྱ་མཚོ་ཞུ་ཞིང་། ལྷོ་པ་ཞིག་ཡིན་ཚུལ་རྣམ་ཐར་དེ་གར་བཤད།

ས་ད་ཆར་ཤེས་པ་ལྟར་ན། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི་ (1617___1682)སྐབས་སུ་ཆེ་མཆོག་འདུས་པ་རྩལ་ཞེས་པའི་མཚན་ཅན་གསུམ་བྱོན་ཡོད་པར་གསལ་ཏེ། གཅིག་ནི་གོང་དུ་བཤད་པའི་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ་རེད། གཉིས་ནི། རིག་འཛིན་ཆོས་ཀྱི་གྲགས་པ་སྟེ་(1655____1719)ཁོང་གི་མཚན་གཞན་ལའང་ཆེ་མཆོག་འདུས་པ་རྩལ་ཞེས་འབོད། གསུམ་ནི་སླེ་ལུང་བཞད་པའི་རྡོ་རྗེའི་བླ་མ་ཆེ་མཆོག་འདུས་པ་རྩལ་ཞེས་པ་(1661___1735)དེ་རེད། དེ་ལྟར་དུས་ཐོག་གཅིག་ལ་མཚན་གཅིག་པའི་མི་སྣ་གསུམ་བྱོན་པ་མ་ཟད་ད་དུང་བླ་སློབ་དང་ཡང་སློབ་སོགས་ཀྱི་གནས་ཚུལ་བྱུང་འདུག་པར་བརྟེན་ཕན་ཚུན་ལ་ནོར་བའི་རྙོག་འཛིང་གི་གནས་ཚུལ་དེ་བྱུང་བ་རེད།

མཁས་པ་ལ་ལས་སླེ་ལུང་གི་བླ་མ་ཆེ་མཆོག་འདུས་པ་རྩལ་ནི་སྨིན་གླིང་གི་གདུང་སྲས་ཤིག་ཡིན་པར་བཞེད་ཀྱང་། ངས་སྨིན་གླིང་གཏེར་ཆེན་དང་། ལོ་ཆེན་ཆོས་དཔལ། ཆེ་མཆོག་འདུས་པ་རྩལ་གསུམ་གྱི་རྣམ་ཐར་ཞིབ་མོར་བཀླགས་ཀྱང་དེ་སྨིན་གླིང་གི་གདུང་སྲས་ཤིག་ཡིན་པའི་གནས་ཚུལ་གང་ཡང་མཐོང་མ་སོང་། སྨིན་གླིང་གཏེར་ཆེན་ལ་(1646___1714)སྐུ་མཆེད་བཞི་འཁྲུངས་ཚུལ་དེ་ཉིད་ཀྱི་རྣམ་ཐར་ལས་གསུངས། སྨིན་གླིང་གཏེར་ཆེན་གྱི་གཅུང་རྒྱལ་སྲས་ཀྱི་འཁྲུངས་འདས་(1648___1674)ལོ་ཚིགས་འདི་ལྟར་ཡིན་པ་དང་། སྲིང་མོ་བསོད་ནམས་དཔལ་འཛོམས་ནི་ཕྱི་ལོ་1651་ལོར་འཁྲུངས་པ་དང་། གཅུང་ལོ་ཆེན་དྷརྨ་ཤྲཱི་ནི་(1654___1718)ཡིན་པ་དང་། སྲིང་མོ་ལྷ་གཅིག་དཔལ་འཛོམས་ནི་ཕྱི་ལོ་1659་ལོར་འཁྲུངས། དེས་ན་ཆེ་མཆོག་འདུས་པ་རྩལ་ནི་ཕྱི་ལོ་1661་ལོར་འཁྲུངས་པ་ཡིན་པས་གལ་ཏེ་སྨིན་གླིང་གི་གདུང་སྲས་ཤིག་ཡིན་ན། གཏེར་ཆེན་གྱི་གཅུང་རྒྱལ་སྲས་ཀྱི་ཡིན་དགོས་པར་སྣང་ཡང་དེ་ལ་སྲས་ཡོད་ཚུལ་རྣམ་ཐར་ལས་ཟུར་ཙམ་ཡང་གླེང་མེད། སྨིན་གླིང་གཏེར་ཆེན་རང་ལ་གདུང་སྲས་པདྨ་འགྱུར་མེད་འཁྲུངས་པ་(1686___1718)རྣམ་ཐར་དང་ལོ་རྒྱུས་ཀུན་མཐུན་ཞིང་། དེ་ལས་གཞན་གདུང་སྲས་ཡོད་པར་མཐོང་མ་བྱུང་། ལྷག་པར་དུ་ཆེ་མཆོག་འདུས་པ་རྩལ་གྱིས་སླེ་ལུང་ལ་གསུངས་པའི་རྣམ་ཐར་དུ། སྨིན་་གླིང་གཏེར་ཆེན་དང་གདུང་སྲས་སོགས་ཀྱི་སྐོར་དུ་མར་བཤད་ཡོད་ཀྱང་། རང་གི་གདུང་རུས་དེ་སྨིན་གླིང་གཏེར་ཆེན་དང་འབྲེལ་བ་ཡོད་པའི་སྐོར་གྱི་གནས་ཚུལ་གང་ཡང་འཁོད་མེད་དོ།།

མདོར་ན། ཁེ་ཉིན་ངས་སླེ་ལུང་གི་བླ་མ་ཆེ་མཆོག་འདུས་པ་རྩལ་དང་ལྔ་པ་ཆེན་པོ་གཉིས་ནི་གང་ཟག་གཅིག་རེད་ཅེས་བཤད་པ་ནི་ནོར་འཁྲུལ་ཞིག་ཡིན་པ་གསལ་བོར་ཤེས་བྱུང་བས། འདིར་ཆེད་དུ་ཀློག་པ་པོ་དག་ལ་དགོངས་དག་ཞུས་བ་ཡིན།

ཚངས་དབང་གིས་2017/8/30/ལ།