མཁས་དབང་དགེ་འདུན་ཆེས་འཕེལ་ཞེ་ན་རྒྱལ་ཁམས་རིག་པས་བསྐོར་བའི་ངེས་དོན་གྱི་དྲན་དབང་ཞིག་ཡིན་པ་སུ་ཡི་སེམས་ན་གསལ་ཀྱི་ལེར་ཡོད། ད་ཐེངས་དེབ་དཀར་མཁན་པོ་ཁོང་དང་ལྷུན་དུ་བོན་ཁམས་ཞེས་པའི་ཐ་སྙད་བཀླགས་ཐུབ་པ་བྱུང་བ་ནི་སྔོན་མའི་བསོད་ནམས་ཤིག་དང་ད་ལྟའི་ཚེ་ནོམ་ཞིག་ཏུ་སྒོམ་བཞིན་ཡོད།

བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་དགུང་ལོ་ཞེ་བཞི་སྤྱི་ལོ ༡༩༤༦ ལོའི་ཧོར་ཟླ་གཉིས་པའི་ནང་རྩོམ་པའི་སྟ་གོན་ལ་ཞུགས་ནས་ལོ་དེའི་ཧོར་ཟླ་བཞི་བའི་བར་རྩོམ་པའི་དུས་ཚོད་བྱུང་། ཡིད་སེམས་རབ་ཏུ་སྐྱོ་བ་ཞིག་ལ་ལོ་དེའི་ཧོར་ཟླ་བཞི་བའི་ཚེས་གཅིག་ཉིན་དེབ་དཀར་མཁན་པོ་ཁོང་དབང་ལྡན་དཔལ་འབར་དུ་འཛིན་བཟུང་བྱས་ནས་སྣང་རྩེ་ཤག་ཏུ་བཙོན་ལ་བཅུག་སྟེ་དེབ་དཀར་རྩོམ་འཕྲོར་ལུས་པ་རེད། འདི་ནི་སུས་ཀྱང་དཔག་དཀའ་བའི་ཆེན་པོ་བོད་ཀྱི་རྒྱལ་ཁམས་འདིའི་གྱོང་གུད་དུ་འཁུམས།

དེབ་དཀར་མཁན་པོ་ཁོང་ནི་གཞུང་ལུགས་ཀུན་ལ་མཁྱེན་རྒྱ་ཡངས་པའི་ཐོག་ནས་བོད་ཁམས་ལ་སྔ་མོ་བོན་ཁམས་ཞེས་འབོད་པ་ནི་དོན་ལ་མི་གནས་པ་ཞིག་མིན་པའི་སྒྲུབ་བྱེད་མང་པོ་བཀོད་འདུག སྒྲུབ་བྱེད་དེ་དག་ནི་གཞན་ཞིག་ལ་བཀོད་བཞིན་ཡོད་པ་ལས་མཁས་དབང་རང་ཉིད་ཀྱིས་རང་ཉིད་ལ་སྒྲུབ་བྱེད་བཀོད་དགོས་དོན་ག་ལ་ཡོད། ངས་འདི་ལྟར་འདོད་པ་ནི་ང་རང་བོན་པོ་ཞིག་ཡིན་པའི་ཆ་ནས་ཕྱོགས་ཞེན་ཆེ་དྲགས་པ་ཡིན་ནམ། ཡང་ན། གཞནཞིག་ཡིན། གང་ལྟར་ང་རང་གིས་དད་སེམས་ཀྱི་ཀློང་ནས་དེ་ལྟར་འདོད། ངས་དེ་ལྟར་དུ་འདོད་པའི་སྐབས་ཐོག་ལ་དེབ་དཀར་མཆན་འགྲེལ་མང་པོ་བཀླགས་པ་ཡིན། མཆན་འགྲེལ་གྱི་སྐོར་ནས་དགེན་གུར་མགོན་སྐྱབས་ཀྱི་དྲིན་གྱི་བུ་ལོན་ལས་གསལ་ཁ་མང་པོ་གནང་བར་མ་ཟད་ཁོང་གི་དེབ་དཀར་གྱི་དཔེ་ཁྲིད་ལ་ཉན་རྗེས་སེམས་ཀྱི་དོགས་པ་སེལ་བར་བྱས་སོང་།

དེབ་དཀར་ནང་དུ། ” གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ།།” འདི་ནི་དེབ་དཀར་མཁན་པོ་ཁོང་གིས་གཡུང་དྲུང་བོན་གྱི་ལོ་རྒྱུས (1)ལ་གཟིགས་རྟོགས་བྱུང་ནས་བོན་གྱི་ལོ་རྒྱུས་ནང་གི་སྡོམ་ཚིག་ཅིག་བཀོད་པ་ཡིན་ལ། ཁོང་གི་སེམས་སུ་གྲུབ་མཐའི་ཕྱོགས་ལྷུང་ཡོད་པའི་ལོ་རྒྱུས་སྨྲ་བ་རྣམ་པ་ལ”བོད་དང་བོན་གཉིས་དོན་གཅིག་གོ་བྱ་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི།” ཁོང་གིས་འུ་ཚོ་སུ་ཡིན་ན་ཡང་ཡ་ཐོག་གི་ལོ་རྒྱུས་ལ”ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡིན་ཏེ།” བསམ་ན་བོད་དང་བོན་གཉིས་དོན་མི་གཅིག་པའི་ངེས་པ་མེད། རྒྱུ་མཚན་གང་ཡོད་ཅེ་ན “དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། ཡུལ་འདི་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས”ཁོང་གིས་བོད་ཡུལ་ལ་བོན་ཡུལ་ཞེས་གྲགས་པ་དོན་མཐུན་ཡིན་པའི་གཏན་ཚིགས་བཀོད་པ་རེད།

ཁོང་གི་སེམས་སུ་ཕྱོགས་ཞེན་ཅན་རེ་འགའ་ལ”མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ།” འུ་ཚོ་སུ་ཡིན་ཡང་ལོ་རྒྱུས་སྔ་ཕྱི་ལ་དཔྱོད་ཤེས་དང་ལྡན་པའི་སྒོ་ནས་ལྟོས་ན་བོད་ཅེས་པ་འདི་བོན་ལས་འགྱུར་བའི་སྒྲུབ་བྱེད་མང་བར་འདུག་པ་ནི”རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་ཅེས་བྱ་བའི་སྒྲ་དང་ཉེ་བས་སོ།།”ཞེས་བཀོད་ཡོད་ལ། ཁོང་གིས་ད་རུང་རིགས་ལམ་གྱི་ཆ་ནས་ཀྱང”དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་ད་ན་གཉིས་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན། བཙན་པོ་དང་བཙད་པོ། ཆུན་པོ་དང་ཆུད་པོ་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ།།”ཞེས་ན་ཡིག་ད་ཡིག་ལ་འགྱུར་བ་ནི་མི་སྲིད་པ་ཞིག་མིན་པའི་དཔེར་བརྗོད་དང་བཅས་པ་བཀོད་འདུག

ད་རུང་ཁོང་གིས”སོག་ཡུལ་འགར་ཡང་བོན་ལུགས་བྱེད་པ་ལ་བོད་དམ་པོ་ཞེས་ཐ་སྙད་ཆགས་པར་འདུག”ཅེས་བཞེད་པ་དང་། ཁོང་གི་དཔེ་དོན་ཟུང་འབྲེལ་གྱི་སྒོ་ནས”འོན་ཀྱང་ཁ་ཆེའི་ཡུལ་དུ་དར་རྒྱ་ཆེ་བའི་ཨི་ས་ལེམ་གྱི་ཆོས་ལུགས་ལ་ཁ་ཆེའི་ཆོས་ཞེས་གྲགས་པ་བཞིན་དུ་བོད་ཀྱི་ཡུལ་ན་གཤེན་རབ་ཀྱི་ཆོས་དར་བའི་རྒྱུ་མཚན་གྱིས”ཡུལ་གྱི་མིང་ལ་བོན་ཡུལ་ཞེ་ན་ཅིའི་མི་འགྲིག ཁོང་གིས”ཡུལ་གྱི་མིང་ཆོས་ལ་ཕར་ཐོགས་པ་ཡིན་ནམ། ཆོས་ཀྱི་མིང་ཡུལ་ལ་ཚུར་བཏགས་པ་ཡིན་སོགས་ནི”འུ་ཚོ་སུ་ཡིན་ཡང་ཞིབ་འཇུག་གི་ཡུལ་རེད། “ལོ་ཉིས་སྟོང་ལོན་པའི་རྒན་པོ་འདྲ་ཡོད་ན་དྲི་བར་ཟད་མོད”ཅེས་འདྲི་སའི་ཡུལ་དུ་གྱུར་བའི་ལོ་ཉིས་སྟོང་ལོན་པའི་རྒན་པོ་ཞིག་མེད་པ་སུ་ཡིས་ཀྱང་རྟོགས་ཐུབ་ལ་གནས་ལུགས་ཅན་གྱི་མཁས་པའི་གསུང་ཚིག་ལ་གོ་རྒྱུ་ལེ་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་དཔེ་གཞུང་དང་གནའ་རྫས་སོགས་ལ་དཔྱད་ན་བོད་ཀྱི་ཐོག་མའི་ལོ་རྒྱུས་དེ་གོ་ནུས་པའི་གསལ་བརྡ་བཏང་བ་རེད། ཕྱོགས་སུ་ལྷུང་ན་བོད་ཀྱི་ཡ་ཐོག་གི་ལོ་རྒྱུས”གཞན་སུ་ཞིག་གིས་ཤེས་ནུས”ཞེས་ལོ་རྒྱུས་པ་ཞིག་ཡིན་ན་ཕྱོགས་ལྷུང་དོར་ནས་དྲང་བདེན་ཅན་ཞིག་ཡིན་པ་བསྟན་ཡོད། དེ་ཡི་ཕྱིར་ན་ཁོང་གིས། ཕྱོགས་ལྷུང་ཞེན་པས་དམར་པོར་མ་བྱས་ཤིང་།། ངོ་བསྲུང་ཚིག་གིས་སྔོན་པོར་མ་བྱས་ལ།། ཕྱིས་འབྱུང་གཏམ་གྱིས་སེར་པོར་མ་བྱས་པ།། དེ་ཕྱིར་འདི་ནི་དེབ་ཐེར་དཀར་པོའོ།། ཞེས་གདམས་སོ།།

 

ཟུར་མཆན།

(1)མཁས་དབང་ཁོང་གིས་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་མང་པོ་བྱས་པའི་དཔྱད་འབྲས་ཁྲོད་ནས་འདི་ལྟར་བྲིས་པ་ཞིག་ཡིན་པ་ནི《 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཟིན་བྲིས་ཕྱག་བསྟར་མའི》ཤོག་གྲངས་༡༤༡ ན། ཏ་ར་ན་ཐ་དང་དུས་མཉམ་པའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བོན་རབས( 一 ! བཙན་པོ་བནྡྷེ་རྣམས་བོན་སྣུབས་ནས་ཆོས་སྤེལ་བའི་མནའ་བོར་བ་དང་། བོན་པོ་ནི་ཁོག་པ་ཡངས། བནྡྷེ་ཕྲག་དོག་ཆེ། རྗེའི་སྙན་སྲབ། བཙུན་པ་དང་བཙུན་མོ་རྣམས་མཆུ་རྣོ། བློན་རྣམས་ཕྲ་མ་ལ་མཁས། བོད་འབངས་རྣམས་གསར་འགྲོགས། སེམས་ཅན་གྱི་བསོད་ནམས་འགྲིབ་པས་རྒྱལ་པོ་ཐུགས་འགྱུར་ཏེ་བོན་རྣམས་དོར་ནས་ཡུལ་གཞན་དུ་འགྲོ་བ་དང་། ཆོས་བྱེད་པ་དང་། ཁྲལ་འཇལ་བ་གསུམ་འདོར་དུ་བཅུག་པས། བོན་དྲན་པས( དྲག་སྔགས་ཀྱིས་རྒྱལ་པོ་འཁོར་བཅས་རླག་པར་སླ་ཡང་། སེམས་ཞི་བར་བྱས། བོན་རྒྱུན་ཆད་པའི་དུས་ལ་བབས་པ་མཁྱེན )རྗེ་ཆབ་སྲིད་བརྟན་ཅིང་སྐུ་ཚེ་མི་ཐུང་ན། བདག་རབ་ཏུ་བྱུང་བས་ཆོག་ཅེས་རབ་བྱུང་བྱས། འོན་ཀྱང་གཡུང་དྲུང་བོན་ཡབ་མེས་ཀྱི་ཆོས་ཡིན་པས། གཏེར་དུ་སྦ་ཆོག་པར་ཞུས་པས་གནང་སྟེ་གཏེར་ཆེན་དུ་སྦས། གཏོར་ཕྲན་ལྔར་བྱས་ན། བོན་པོ་མང་པོ་གཙང་པོར་བསྒྱུར། གསས་ཁང་ཞིག་ཅིང་འགའ་ཞིག་ཆོས་ཁང་དུ་བསྒྱུར། མིང་སྤོར་དེར་འབངས་རྣམས་ལུས་ཆོས་སུ་བྱེད། སེམས་ལ་བོན་བསམ་སྟེ་བསྡད་ / དེར་བསྒྲགས་བྱང་དྲངས་པར། ལྷ་སྲས་དར་མའི་སྐབས། དབུ་ཁྱུང་གཡོན་ཏུ་ཆད། ཡུམ་བརྟན་འབྲོང་ཁམ་བུས་བཀྲོངས་འབངས་ངོ་ལོག དེར་དར་མས་བནྡྷེ་རྣམས་ལ་ལ་བཀའ་བཀྱོན། རལ་བ་ཅན་ཆོས་ཀྱིས་འཕུང་། ཐན་ལྟོས་ངན་པ་བྱུང་། མུ་ནེ་བཙན་པོ་ཞང་དྲུག་གིས་བསད། ཆེ་བོ་སྤོ་བཟང་རྗེ་ལ་མཐུ་བཏང་ནས་འདས། རྗེ་སྲོང་བཙན་སྒམ་པོ་ཡན་ཆོད་དུ་ལྟས་ངན་འདི་འདྲ་བྱུང་བ་མེདཟེར་ན། རྒྱ་ནག་གི་རྩིས་པ་བོས་ཏེ་རྩིས་རྒྱག་པར ཁོས རྒྱ་གར་བས་གཡོ་བྱས་ཏེ་ཆོས་དར་བ་འདིས་མ་རུང་། བོད་ལ་བཀྲ་ཤིས་བོན་སྣུབ། ལྷ་ཁང་ཕར་ཆེར་ས་ངན་ལ་བརྩིགས་པས་བཤིག་རྒྱ་གར་བནྡྷེ་རྣམས་ཡོང་དུ་མཇུག་ཟེར། བཙན་པོས་རྩིས་པ་བདེན་ཟེར(རྒྱུགས་ཡིག་འགའ་ཞིག་ཤེས་དཀའ་བས་དག་བཅོས་བཟོ་རོགས)། ཞེས་བཞེད་ཡོད་འདི་ལ་གཞིག་ན་ཁོང་གིས་བོན་གྱི་ལོ་རྒྱུས་སོགས་ལ་སློབ་སྦྱོང་ཧ་ཅང་གི་གཟབ་ནན་བྱས་པ་མཚོན་ཐུབ།

གུར་མགོན་སྐྱབས་ཀྱིས་བརྩམས་པའི《དྲིན་གྱི་བུ་ལོན》གྱི་ཤོག་གྲངས ༧༥ ན། དེབ་དཀར་མཁན་པོའི་རྩོམ་གཞན་དུ། འོན་ཀྱང་རྣམ་རྟོག་འདི་ཙམ་མཆིས་ཏེ། འདི་ལྟར་གཡུང་དྲུང་བོན་འདི་རང་རེའི་ཕ་མེས་ཀྱི་སྔ་མོའི་ཆོས་ལུགས་ཡིན་འདུག་ལ། དེ་དུས་ཙ་ན་བོད་ཡུལ་གྲུ་གང་པོའི་མིང་ཆོས་འདི་གཅིག་པུ་བྱེད་པར་གོར་མ་ཆག་པས། ཆོས་དེ་བྱེད་པའི་ཡུལ་ལ་བོན་ཡུལ་ཞེས་གྲགས་པ་མིན་ནམ་སྙམ་སྟེ་ཁྱེད་བཞད་གད་ཀྱང་མཛོད་ཅིག ཅེས་པ་དང་། ཐ་ན་བོན་གྱི་ངག་སྒྲོས་ཚུན་ཆད་བླངས། ཟེར་བ་ལ་བརྟག་ན། བོན་གྱི་སྒྲོས་འདི་ཡང་མཐའ་གཅིག་ཏུ་དོར་བྱ་མ་ཡིན་པར་བསྟན་ཅིང་། ཆོས་ལུགས་ཀྱི་མིང་ཡུལ་ལ་ཐོགས་པ་ནི་དཔེར་ན། རྒྱ་ནག་པས། བྲམ་ཟེ་ཆོས་ལུགས་སྤྱོད་པའི་རྒྱ་གར་གྱི་ཡུལ་ལ་བྲམ་ཟེ་ཡུལ་ཟེར་བ་མ་ཟད། སྔོན་བོད་ཀྱི་རྒྱལ་རབས་དག་ནའང་། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་གཏུགས་སོགས་ཟེར་བ་བཞིན་ནོ།། ཞེས་པ་འདིས་བཞད་གད་བྱེད་མཁན་དེ་གཞན་ཞིག་ཡིན་པ་གསལ་བོར་བསྟན་ཡོད།

 

༢༠༡༧ . ༧ . ༡༡ ཉིན་བྲིས