དེ་རིང་ཉིན་ཟས་ཚར་བའི་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་དུ་དཔེ་དེབ་འདིའི་མཐའ་མའི་ཤོག་ངོས་སུ་ཐོན། ང་རང་ཡང་དཔེ་དེབ་ནང་གི་དགའ་སྐྱོའི་སྣང་བ་ལས་བྲལ་མོད། དེ་ནས་གཉིད་ཀྱི་མལ་དུ་ཉུལ་ཡང་ངའི་རྨི་ལམ་གྱི་ཞིང་དུ་མཇུག་མཐའི་གཏམ་གྱི་གནད་དོན་དང་ཧ་ཅང་མཚུངས་པའི་གཏམ་རྒྱུད་ཅིག་ལ་བློས་བླངས། ང་དང་གྲོགས་པོ་འགའ་ཞིག་གིས་པུར་སྒམ་ཞིག་འཁྱེར་ནས་ས་སྦས་བྱེད་པར་ཕྱིན་ནས་དུས་ཚོད་རིང་ཙམ་བསྒུག་པའི་རྗེས་སུ་སོ་སོར་འབབ་པའི་ལས་འགན་ཞིག་ས་གྲུ་བཞི་ལྗང་དོག་དང་ཟིལ་བས་གནན་པའི་ས་གཞིའི་ནང་དུ་ཁ་ཤས་ཀྱི་ས་དོང་འབྲུས། ལ་ཤས་ཀྱིས་ཤིང་འགྲུག་པ་དང་། རྡོ་ལེན་པ། གཡས་གཡོན་གྱི་ཁོར་ཡུག་ཏུ་སྐྱེས་པའི་རྩྭ་ཤིང་རྣམ་བཅད་པར་རྩོམ་བཞིན་འདུག ངས་ནི་ཤིང་སྐམ་རིང་པོ་ཞིག་འཁྱེར་ནས་ཆུ་འགྲོ་བཟོ་བཞིན་པའི་དུས་སུ་གཉིད་ལས་སད། དེ་ནས་དཔེ་ཀློག་ཟིན་ཐོ་བཀོད་པའི་སྟ་གོན་བྱས་ཡིན།

ཇ་ཤིང་མེ་ཏོག་མ།》རིགས།=བརྩམས་སྒྲུང་།

རྩོམ་པ་པོ།=ཡཱ་ལི་ཧྲན་ཏཱ་ཀྲུང་མ་གཞོན་པ་(1824-1895)ནི་དུས་རབས་བཅུ་དགུའི་པའི་ནང་སྙན་གྲགས་ཤིན་ཏུ་ཆེ་བའི་ཧྥ་རན་སིའི་བརྩམས་སྒྲུང་མཁས་ཅན་དང་ཟློག་གར་མཁས་ཅན་ཞིག་ཡིན། ཁོང་གི་བརྩམས་ཆོས་ལ་བརྩམས་སྒྲུང་《ཇ་ཤིང་མེ་ཏོག་མ་》དང་།གཏམ་བརྗོད་ཟློས་གར་《མཐོ་རིམ་སྤྱི་ཚོགས་ཀྱི་ཕྱེད་ཀ་》《བྱི་ཕྲུག》་སོགས་མཆིས། 《ཇ་ཤིང་མེ་ཏོག་མ་》ནི་སྐད་གྲགས་ཡོངས་སུ་ཆོད་ཅིང་ཧྥ་རན་སིའི་རྩོམ་རིག་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་བའི་བརྩམས་སྒྲུང་ཞིག་ཡིན།
སྒྱུར་པ་པོ།=ཨོ་རྒྱན་རྡོ་རྗེ། དཔེ་སྐྲུན།=བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

ནང་དོན།

རྩོམ་པ་པོས་གྲོངས་ཚར་བའི་མིའི་འཚོ་བ་ཞིག་ལ་བལྟས་ཀྱིན་རང་དང་ཉེ་བར་ཤར་བའི་སྣང་བརྙན་མང་པོའི་ནང་དུ་བུད་མེད་ཀྱི་གཏམ་རྒྱུད་དུམ་བུ་ཤིག་ཐད་བྲིས་ཐད་བཤད་ཀྱིས་ཚུལ་དུ་བཀོད་པ་ཡིན། ཁོས་ཁྲོམ་གཞུང་ཉུལ་བའི་རྗེས་སུ་ཕམ་ཚོང་གི་བརྡ་ཁྱབ་ཅིག་དང་འཕྲད་པས་འདིའི་འབྱུང་ཁུངས་ལ་བརྟག་དཔྱད་བྱས་པའི་འབྲས་བུར་འདིའི་ནང་གི་མི་སྣ་གཙོ་བོ་སྡུག་བསྔལ་གྱིས་མནར་བའི་ཨར་མའང་ལ་འཕྲད་དུ་ཕྱིན་པ་ན་ཁོང་གཉིས་ཀྱིས་གྲོངས་ནས་ཡུན་ཙམ་སོང་ཟིན་པའི་མཱ་ཀེ་ལི་ཐེ་(ཇ་ཤིང་མེ་ཏོག་མ།)པུར་སྒམ་དེ་གནས་གཞན་དུ་སྤོ་བའི་ཉིན་མོ་ཚར་རྗེས་ནང་དུ་ཡོང་ནས་ཨར་མའང་གི་གཏམ་རྒྱུད་འདི་བཤད་པའི་འགོ་བརྩམས་པ་ན། ཨར་མངའ་དང་མོའི་བར་གྱི་བརྩེ་དུང་གི་བགེགས་བར་ཞིབ་བརྗོད་བྱས་པ་བརྒྱུད་མ་རྩ་རིང་ལུགས་ཀྱི་བསམ་བློའི་རུལ་བསླད་འོག་གི་མི་གཤིས་རྡོག་པས་བརྫི་ཚུལ། འདྲ་མཉམ་རྒྱབ་ཏུ་བསྐྱུར་བ། བརྩེ་དུང་ལ་གཏོར་བཤིག་ཐེབ་པའི་ནང་དུ་ཁོང་གཉིས་ཀྱི་སྡུག་བསྔལ་གྱི་མཆི་མ་ལྷུང་ལྷུང་དུ་ཟག་པའི་རྒྱུད་རིམ་ནང་གི་མི་ལ་ཤས་སུ་རེ་བའི་ཉི་ཟེར་དང་ལ་ཤས་མུན་པའི་འོད་སྣང་གི་སྣང་བརྙན་བསྐྲུན་པའི་འཇུག་ཏུ་ཨར་མའང་གི་ཁོག་གི་སྡུག་བསྔལ་ལས་ཐར་བའི་གཏམ་རྒྱུད་རིང་ལ་དུས་རབས་ཀྱི་ཁོག་ཁ་ཞིག་ཏུ་སེམས་ནས་བྲིས་པར་བྱས་ཡོད་དོ།།

ཐོས་མྱོང་གི་གཏམ་ཐོར་བུ་ནི།

བརྩམས་སྒྲུང་འདི་ནི་ངས་ཟླ་ངོ་གཅིག་ལྷག་ནང་དུ་ཚར་ཙམ་བྱུང་། (ཇ་ཤིང་མེ་ཏོག་མ།)ནི་དོན་དངོས་སུ་བརྩམས་སྒྲུང་ནང་གི་མི་སྣ་གཙོ་བའི་མིང་ཞིག་ཡིན་འདུག ཧྥ་རན་སའི་སྐད་ཀྱི་མཱ་ཀི་ལི་ཐེ་ཞེས་པ་བསྒྱུར་བ་ན་བོད་ཡིག་ཏུ་ཇ་ཤིང་མེ་ཏོག་མ་ཟེར་བ་ཞིག་ཏུ་བྲིས་འདུག ངར་དཔེ་ཆ་འདི་ནི་དགེ་རྒན་ལགས་ཤིག་ཕྱི་རུ་ཕྱིན་ནས་འཁྱེར་ཡོང་བའི་བརྔན་པ་ཞིག་ཏུ་བརྩིས་ན་འགྲིག་པ་ཡིན། སྒྲུང་འདིའི་ནང་དུ་མི་གཙོ་བོ་ཨར་མའང་དང་མ་ཀི་ལི་ཐོའི་བར་གྱི་བརྩེ་དུང་གི་གཏམ་རྒྱུད་མངར་ལ་སྐྱོ་བ་ཞིག་གིས། སྐབས་འདིའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་ཁོང་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ནི་དངོས་ནས་སྐྱོ་སྣང་གི་རིང་ལུགས་ཀྱི་དུས་ཚོད་ཅིག་ཏུ་བརྩིས་ན་འགྲིག་པ་འདྲ། ན་གཞོན་ཡིན་ཡང་མི་སྣའི་གནས་འབབ་མི་འདྲ་བའི་དབང་གི་བར་ཆད་ཀྱི་ཀློང་ནས་བརྩེ་བ་དང་དུང་བའི་ངོ་བོ་བྲིས་པ་ཞིག་ཡིན་ལ། མ་ཀི་ལི་ཐེ་ནི་སྨད་ཚོང་མའི་རིགས་ཀྱི་གཞོན་ནུ་མ་སྤྱི་ཚོགས་ནང་དུ་མིང་གྲགས་ཡོད་པ་ཅིག་ཡིན་ལ། མོར་མཐོ་རིམ་མི་དྲག་ཁ་ཤས་ཀྱི་དགའ་བོ་དང་དཔལ་འབྱོར་གྱི་ཐོན་ཁུངས་ཡོད་མཁན་ཞིག་ཡིན། ཨར་མའང་ནི་མི་སྣ་དཀྱུས་མ་ཞིག་ཡིན་ལ་ལས་ཀ་ལོ་གཅིག་ལ་དངུལ་ལོར་ཁྲི་གཅིག་ལྷག་ལས་མེད་པའི་འཚོ་བ་སྐྱེལ་མཁན་ཞིག་ཡིན། ད་དུང་ཨར་མའང་གི་ཨ་ཕ་ནི་མི་སྣ་དྲང་བདེན་དང་རང་གི་བུར་བརྩེ་བ་དང་མ་འོངས་པར་རེ་མཁན་གྱི་ཨ་ཕ་ཞིག་ཏུ་བྲིས་ལ་མཐར་ཨར་མའང་དང་མ་ཀི་ལི་ཐེ་གཉིས་ཁ་བྲལ་དུ་བཅུག་པའི་རྒྱུད་རིམ་དུ་ཁོང་ཚོའི་སྤྱི་ཚོགས་ཀྱི་འཚོ་བའི་སྣང་བརྙན་དགའ་སྐྱོ་དུང་གསུམ་དུ་བཤད་ཡོད།

མཐའ་འཇུག་ཏུ་རྩོམ་པ་པོས་”ང་ལ་གཏམ་རྒྱུད་འདིའི་ནང་ནས་མཱ་ཀེ་ལི་ཐེ་དང་འདྲ་བའི་གཞོན་ནུ་མ་ཚང་མས་ཁོང་མོ་ལྟར་མི་ཆོས་དང་ལྡན་པ་ཞིག་བྱེད་དགོས་པའི་སྡོམ་ཚིག་འདི་འདྲ་ཞིག་རྩ་བ་ནས་ཐོབ་མ་བྱུང་། འོན་ཀྱང་ཁོང་མོ་ཚོའི་དཀྱིལ་དུ་བུ་མོ་ཞིག་ཡོད་པ་དེར་ཁོང་མོའི་མི་ཚེའི་རིང་དོ་ནན་པའི་བརྩེ་དུང་ཞིག་སྐྱེ་མྱོང་ཞིང་། བརྩེ་དུང་དེའི་ཆེད་དུ་ཁོང་མོས་རང་ཉིད་མི་ཡུལ་ལས་མ་བྲལ་བར་དུ་སྡུག་བསྔལ་ཆེན་པོ་མྱངས་པ་ངས་ཤེས་རྟོགས་བྱུང་། ངས་རང་ཉིད་ཀྱིས་གོ་ཐོས་བྱུང་བའི་གནས་ཚུལ་རྣམས་ཀློག་པ་པོར་བརྗོད་ཡོད། དེ་ནི་ངའི་འགན་འཁྲི་ཡིན།” “ངས་སླར་ཐེངས་གཅིག་བརྗོད་རྒྱུར། མཱ་ཀེ་ལི་ཐེའི་གཏམ་རྒྱུད་ནི་ཧ་ཅང་དཀོན་པོ་རེད།འོན་ཀྱང་གལ་ཏེ་གཏམ་རྒྱུད་འདིར་ཡོངས་ཁྱབ་ཀྱི་རང་བཞིན་ལྡན་ཡོད་ན་ཕལ་ཆེར་ཡིག་ཐོག་ཏུ་འགོད་རྒྱུའི་དགོས་པ་གང་ཡང་མེད།”ཅེས་བྲིས་པའི་དགོས་པ་དང་རྩོམ་རིག་ལ་འཛིན་པའི་ལྟ་བའི་ཆ་ཞིག་ཀྱང་བཤད་ཡོད། རྩོམ་པ་པོ་ཞིག་ཡིན་ན་རང་ལ་འགན་འཁྲི་ཞིག་ཡོད་པར་བསྟན་འདུག་གོ།

2017/08/24ཚར།