ནང་ན་ཡོན་ཏན་ཀུན་ལྡན་ཡང་། །
ཆ་ལུགས་ངན་ན་ཀུན་གྱིས་བརྙས། །
པགས་བྱེའུ་མཁས་ཀྱང་སྤུ་མེད་པས། །
འདབ་ཆགས་ཀུན་གྱིས་སྤང་ཞེས་གྲགས། །
—<<ས་སྐྱ་ལེགས་བཤད>>ལས།

ཉེ་ཆར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་སྐབས་བཞི་པའི་བྱ་དགའ་ཐོབ་པའི་དཔྱད་འབྲས་དང་རྩོམ་པ་པོ་སོགས་ཀྱི་མཚན་ཐོ་དེ་དྲ་ལམ་ན་གསལ་བསྒྲགས་བྱས་འདུག་པ་དང་། བོད་རིག་པའི་སྐོར་ལ་དོ་སྣང་བྱེད་མཁན་མང་པོས་ཀྱང་གསར་འགྱུར་དེ་གང་སར་བརྒྱུད་སྤེལ་གྱིས་བཀྲ་ཤིས་རྟེན་འབྲེལ་གྱི་མགུལ་དར་རིང་མོ་ཕུལ་དང་འབུལ་བཞིན་མཆིས།

“ཇོ་མོ་གླང་མའི་བྱ་དགའ”ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཆེས་མཐོའི་གཟེངས་རྟགས་ཡིན་པར་སྨྲ་ཞིང་། ལོ་ངོ་བཞི་རེའི་ནང་ལ་བྱ་དགའ་ཐེངས་རེ་སྩོལ་གྱི་ཡོད་འདུག ད་རེས་ཀྱི་བྱ་དགའ་ནི་བོད་ཡིག་གི་ལམ་ནས་བརྩམས་པའི་ཞིབ་འཇུག་ཆེད་དེབ10དང་། རྒྱ་ཡིག་གི་ལམ་ནས་བརྩམས་པའི་ཞིབ་འཇུག་ཆེད་དེབ11དང་། ཡང་བོད་ཡིག་གི་དཔྱད་རྩོམ12དང་། རྒྱ་ཡིག་གི་དཔྱད་རྩོམ12དང་། ད་དུང་དབྱིན་ཡིག་གི་ལམ་ནས་བྲིས་པའི་དཔྱད་འབྲས3ལ་སོགས་པར་འཐོབ་འདུག་པ་རེད།

བོད་རིག་པ་ཞིབ་འཇུག་གི་གཟེངས་རྟགས་རྩེ་གྲ་མ་ཞེ་ན་ཞིབ་འཇུག་པའམ་ཡོན་ཏན་པ་མང་ཤོས་ཀྱི་ཁྲ་རིལ་མིག་གིས་ལྟ་ས་དང་གངས་དཀར་སེམས་ཀྱིས་གཏོད་ས་ཡིན་ངེས་མོད། ཞིབ་ཏུ་བརྟག་ན་བྱ་དགའ་དེའང་ཕྱོགས་ལངས་འཐེན་རྩོད་དང་རང་དོན་སྦུག་འདྲེན་གྱི“བྱ་དགའ”ཞིག་ཏུ་མཐོང་སྟེ། བོད་ཡིག་གི་ཞིབ་འཇུག་ཆེད་དེབ་ཁྲོད་ཨང་དང་པོ་ཐོབ་པའི<<རྒྱ་གར་འཕགས་པའི་ཡུལ་གྱི་རིག་གནས་བོད་གངས་ཅན་གྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན>>(ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོའི་ཟླ8པའི་པར)ཞེས་པར་མཚོན་ན་བརྗོད་བྱ་རྗོད་བྱེད་གང་ཐད་ནས་དཔྱད་འབྲས་ལེགས་པོ་ཞིག་ཏུ་ལྟ་རུང་ནའང་། དེབ་འདིའི་རྩོམ་པ་པོ་རྒྱ་ཡེ་བཀྲ་བྷོ་ལགས་ནི་ཐེངས་འདིའི་དཔྱད་འདེམ་པ་ཡིན་འདུག་པ་དང་། དེ་བཞིན་དུ་བྱ་དགའ་ཨང་གཉིས་པ་ཐོབ་པའི<<བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག>>(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོའི་ཟླ11པའི་པར)ཅེས་པའི་རྩོམ་པ་པོ་གཅོད་པ་དོན་གྲུབ་ལགས་ཀྱང་ཐེངས་འདིའི་དཔྱད་འདེམ་པ་ཡིན་འདུག་པས་ན། དཔྱད་འདེམ་པས་སོ་སོའི་བརྩམས་ཆོས་དེ་བྱ་དགའ་དཔྱད་འདེམ་གྱི་ཁོངས་སུ་འཇོག་པ་དང་། ཡང་རང་ཉིད་ཀྱི་དཔྱད་འབྲས་ལ་བྱ་དགའ་སྟེར་བ་ནི་མ་གཞི་ནས་གཟེངས་རྟགས་དཔྱད་འདེམ་གྱི་སྒྲིགས་ལམ་དང་འགལ་འདུག་པར་མ་ཟད། རྒྱུ་འབྲས་དྲང་གཞག་གི་ངོས་ཐད་ནས་བཤད་ནའང་ཚུལ་ལས་ལྡོག་ཅིང་ལུགས་དང་མི་མཐུན་པ་ཞིག་གོ།

འཛམ་གླིང་སྒང་གི་གཟེངས་རྟགས་ཆེ་མ་ཆུང་གསུམ་གང་ལ་མཚོན་ན་དཔྱད་འདེམ་པ་དང་བྱ་དགའ་ཐོབ་མཁན་གཉིས་ཀ་གང་ཟག་གཅིག་ཡིན་པ་ནི་དཔེ་མི་སྲིད་པ་སྟེ། དཔྱད་འདེམ་པ་ཡིན་ན་བྱ་དགའི་གྲས་སུ་མི་འགྲོ་བ་དང་། བྱ་དགའ་འདེམ་པའི་གྲས་སུ་ཚུད་ན་དཔྱད་འདེམ་པ་བྱེད་མི་ཆོག་པ་ནི་རོལ་རྩེད་གང་དེའི་སྒྲིགས་ལམ་མམ་སྒྲིགས་ཁྲིམས་ཡིན་པའོ། །གལ་ཏེ་དཔྱད་འདེམ་པ་དང་བྱ་དགའ་ཐོབ་མཁན་གཉིས་ཀ་གང་ཟག་གཅིག་ཡིན་ན་ནི། རང་འདོད་ཅན་གྱི་མིས་སྒྲིགས་ལམ་དེ་ག་རྩིས་མེད་དུ་བཏང་སྟེ་ཤིང་ཡར་སྐྱེས་ཀྱི་རྩད་བཅད་ཅིང་ཆུ་མར་འབབ་ཀྱི་མགོ་བསྙོགས་པ་ལས་མ་འདས།

ཡང་ད་ཐེངས་ཀྱི་བྱ་དགའི་ཁྲོད་གང་ཟག་གཅིག་ལ་བྱ་དགའ་གཉིས་རེ་ཐོབ་པའང་ཡོད་འདུག་སྟེ། དཔེར་ན་སྒྲུང་རྩོམ་པ་ལྷ་བྱམས་རྒྱལ་དང་འབུམ་རམས་པ་བྲག་གཡབ་བློ་བཟང་བུ་ཁྲིད་ལྟ་བུའོ། །དེ་ཡང་སེམས་ཅན་ལ་གཅིག་སྐལ་ཐེམས་གི་མེད་དུས་ཁྱོད་ཀྱིས་ཉིས་སྐལ་ལེན་པ་ནི་ཤིན་ཏུ་ནས་མི་རུང་བ་ཡིན་ཞིང་། དེ་ནི་མགོ་གཅིག་ལ་ཞྭ་གཉིས་དང་རྟ་གཅིག་ལ་སྒ་གཉིས་ཀྱི་དཔེ་རུ་འགྲོ་བས་བྱ་དགའ་སྩོལ་མཁན་ངོ་མི་ཚ་ནའང་ལེན་མཁན་ནི་ངོ་ལོས་རེ་གནོང་། བརྒྱ་ལ་མི་གང་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཞིབ་འཇུག་གི་ཆུ་ཚད་མངོན་པར་མཐོ་བས་བྱ་དགའ་སྤྲད་པ་ཡིན་ཟེར་ནའང་། དེ་ནི་ཁ་ཡག་ལ་བསྐོར་ནས་མངོན་སུམ་འཛེམ་མེད་ཀྱིས་གཞན་སྐལ་འཕྲོག་པའི་སྤྱང་པོའི་ལས་ཤིག་ཏུ་ཅི་ལ་མི་འགྲོ།

ད་དུང་དགོད་བྲོ་བ་ཞིག་ལ། “ཇོ་མོ་གླང་མའི་བྱ་དགའ”འདེམ་པ་ལ་རྩོམ་པ་པོ་སོ་སོས་བདག་གི་བརྩམས་དེབ་ནི་སྟོབས། ཁོ་བོའི་དཔྱད་རྩོམ་ནི་ཡག་ཅེས་རང་ངོས་ནས་འོས་སྦྱོར་ཞུ་ཡིག་འབུལ་བ་དེ་རེད། ཁ་དཔེ་ལ་བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད་ཟེར་བ་བཞིན་དཔྱད་འབྲས་ལེགས་པོ་ཡིན་ན་སྤྱི་ཚོགས་ཀྱི་ངོས་ནས་གདེང་འཇོག་འཐོབ་ཅིང་། ཀློག་མཁན་དག་གིས་ཁ་གྲག་ངེས་ན་ངའི་བུ་དཔའ་འོ། ། ངའི་བུ་ལ་དཔའ་དར་འཐེན་དགོས་སོ་ཞེས་རང་མི་རང་གིས་བསྟོད་པ་ནི་མཚང་ལས་རྒྱན་དུ་ག་ལ་འགྱུར།

“ཇོ་མོ་གླང་མ”དང“ཇོ་མོ་གླང་མ”ལྟ་བུའི་གཟེངས་རྟགས་ནི་སྤྱི་དོན་ཁ་ཁྱེར་དང་རང་དོན་ཁོག་བཅུག་གི“ཨ་མ་ནང་སྐོར”གྱི་རིག་གནས་བྱེད་སྒོ་ཞིག་ཏུ་གྱུར་འདུག་པས་འདི་ལ་ཡིད་མི་སྐྱོ་གང་ལ་སྐྱོ་ཨང་།

“ཇོ་མོ་གླང་མ”དང“ཇོ་མོ་གླང་མ”ལྟ་བུའི་བྱ་དགའ་ནི་རང་མཁས་རང་རློམ་དང་རང་ཆེ་རང་བསྟོད་ལ་བྱང་བའི་ཡོན་ཏན་པ་སྐོར་ཞིག་གི་བདག་ཉིད་སྒྲོག་པའི་ལག་ཆ་རུ་གྱུར་འདུག་པས་འདི་ལ་བློ་མི་ཕམ་གང་ལ་ཕམ་ཨང་།

“ཇོ་མོ་གླང་མ”དང“ཇོ་མོ་གླང་མ”ལྟ་བུའི་གཟིགས་བཟོས་ནི་ངོ་ཚའི་གདོང་བ་བསྒྲིབས་པའི་རིག་གནས་པའི་སྡེ་ཡི་དཔེ་ངན་ཀུན་གནོད་དང་ཆུ་ངན་ལམ་ཞུགས་ཀྱི“གསོལ་སྟོན”དུ་གྱུར་འདུག་པས་འདི་ལ་ཞེ་མི་སྡུག་གང་ལ་སྡུག་ཨང་།

  སྤྱི་ལོ2017ལོའི་ཟླ9པའི་ཚེས5ལ།