དགེ་རྒན་དུས་ཆེན་སང་ཉིན་ཡིན་ཡང་། ཁ་སང་ནས་བཟུང་ས་ཆ་གང་སར་དགེ་རྒན་དུས་ཆེན་དང་འབྲེལ་བའི་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་སོགས་ཀྱིས་པོད་འཕྲིན་དང་སྐད་འཕྲིན་ཡོངས་སུ་གཡོག ང་ཚོའི་མི་རིགས་འདིས་ཀྱང་སློབ་གསོའི་བྱ་གཞག་ལ་དོ་ཁུར་དང་དཔེ་ཁྲིད་མི་སྐྱོང་གི་དགེ་རྒན་དག་གི་དྲིན་ལ་དྲིན་དུ་ཤེས་ཀྱིན་འདུག་བསམ་ནས་དགའ་བ་རྒྱས་ན་ཡང་། རང་ཉིད་ཀྱི་སེམས་པའི་ཕྱི་ནང་ནི་སེམས་ཁྲལ་དང་འགྱོད་གདུང་སོགས་ཚོར་བ་འདྲ་མིན་གྱིས་གཅུན་པར་བྱེད་ཀྱིན་འདུག་པས་དེ་དགོང་ངས་བརྗོད་འདོད་པའི་སྐད་ཆ་རེ་ཟུང་ཡིག་ངོར་བཀོད་ནས་བླ་འབོད་ཅིག་བྱེད་འདོད་སྐྱེས།

འདས་པའི་ལོ་ངོ་བཅུ་གཅིག་གི་རིང་ལ་ངས་དགེ་རྒན་ཞེས་པའི་མིང་བླངས་ཤིང་། དགེ་རྒན་ཞེས་པའི་ལས་རིགས་འདི་འབྲེལ་ལ་བསམ་བློ་བཏང་། བརྩོན་པ་ཧུར་སྐྱེད་ཀྱིས་བྱས། སློབ་མ་མང་པོ་བསྐྱངས། དཔེ་ཆ་ཡང་གང་འཚམས་བཀླགས། རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་མང་པོ་ཞིག་ལ་ལྟ་སྐོར་དང་རྒྱལ་ཁབ་འདྲ་མིན་གྱི་སློབ་གསོའི་ལྟ་བ་དང་མི་རིགས་རང་གི་སློབ་གསོའི་གནས་བབ་སྐོར་ལ་ཉམས་ཞིབ་ཀྱང་གང་འཚམ་བྱས་པའི་ཁུལ་ཡིན། ཡིན་ནའང་ངས་གཉེར་བཞིན་པའི་ལས་གནས་འདི་རང་ཉིད་ལ་འཚམ་མིན་ལ་བསམ་ཞིབ་རྒྱུན་དུ་བཏང་ན་ཡང་། འདི་ནི་ང་ལ་འཚམ་མོ་སྙམ་པའི་ཚོར་བ་ཆིག་རྐྱང་བ་དེ་འགྱུར་བ་མེད་པར་སེམས་སུ་གནས་ཐུབ་པ་ཞིག་གཏན་ནས་མ་རེད། ལན་རེར་འཇིགས་ཤིང་སྐྲག ལན་རེར་དགའ་ཞིང་སྤྲོ། སྐྱོ་བ་དང་འགྱོད་གདུང་སོགས་ཚོར་བ་རིགས་འདྲ་མིན་གྱིས་རང་ཉིད་གཅུན་ཡོང་དུས། ལས་གནས་འདི་དང་ཁ་འབྲལ་འདོད་སྐྱེས་པ་ལན་མང་ཡིན། དེ་ལྟར་ལས་རིགས་གང་འཚམས་ཤིག་ལ་ཚོད་ལྟ་བྱས་ཀྱང་དེ་དག་གིས་ཀྱང་ངའི་རེ་འདུན་ཡོངས་སུ་བསྐང་མ་ཐུབ་པས་དགེ་རྒན་གྱི་ལས་གནས་འདི་ལས་ལྷག་པ་ཞིག་གཉེར་རྒྱུ་རྩ་བ་ནས་རྙེད་མ་བྱུང་ལ། འདི་ལས་དགའ་བའི་ལས་རིགས་ཤིག་ཀྱང་རྙེད་མ་བྱུང་། ཡིན་ན་ཡང་འདི་ཉིད་རང་ལ་ཤིན་ཏུ་རན་པའི་གདེང་ཚོད་རྩ་བ་ནས་མི་འདུག་ཀྱང་། འབད་འབུངས་བྱེད་པ་ལས་ངས་བསམ་བཞིན་དུ་མགོ་གཡོག་མགོ་སྐོར་བྱས་པ་ནི་དྲན་པའི་ཟུར་ན་ཡང་མེད་ཀྱང་། གཞན་གྱི་སྣང་ངོར་ཡོད་པའི་དགེ་རྒན་ང་ནི་ག་འདྲ་ཞིག་ཡིན་པའི་ཐད་ངས་ཞིབ་འཇུག་ཅི་ཡང་བྱེད་མ་ཐུབ་པར་ལུས་ཡོད།

ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན།། ཉེས་ན་དམྱལ་བའི་གཏིང་རྡོ་ལུས་འདི་ཡིན།། དགེ་སྡུག་ཀུན་གྱི་གཡོག་པོ་ལུས་འདི་ཡིན།། ཞེས་གསུངས་པ་ལྟར། མི་ལུས་སྤྱི་དང་སྒོས་དགེ་རྒན་གྱི་ལས་ཀ་འདི་ནི་འཇོན་སོང་ན་དེ་ལས་ལྷག་པའི་ལས་རིགས་རླབས་ཆེན་ཞིག་མེད་ན་ཡང་། མ་འཇོན་དུས་འདི་ལས་ལྷག་པའི་ཉེས་པ་ཚབས་ཆེན་ཞིག་གཏན་ནས་མེད་པས། དོན་དམ་དགེ་རྒན་གྱི་ལས་གནས་འདི་ནས་རང་ཉིད་ལ་གཙང་བཤེར་བྱེད་དགོས་པ་མ་ཟད། རང་ཉིད་སློབ་སྦྱོང་གི་གོ་རིམ་དངོས་ལ་ཞུགས་པའི་འདུ་ཤེས་མ་བོར་བའི་སྟེང་ནས་ཁ་བརྒྱ་མིག་སྟོང་གིས་ཅེར་ནས་ཡོད་པའི་མདུན་གྱི་སློབ་བུ་དག་གི་རེ་བའི་འདུན་མ་འགྲུབ་པར་བྱེད་པའི་མཐུ་དང་ནུས་པ་རང་ཉིད་ལ་ཡོད་མེད་བརྟག་ཅིང་དཔྱད་དགོས་པ་ནི་དགེ་རྒན་གྱི་ཉམས་ལེན་དངོས་རེད། གལ་སྲིད་མི་འཇོན་ན་ལས་གནས་འདི་དང་ཁ་འབྲལ་དགོས་པ་ལས་རང་ཉིད་ཀྱི་ལྟོ་རྒྱབ་ཀྱི་ཆེད་དུ་སློབ་མ་མང་པོ་ཞིག་གི་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་བ་ནི་ཧམ་པ་ཆེ་ལ་ཁྲེལ་གཞུང་མེད་པའི་ལས་ཀ་རང་རེད་བསམ་ན་རང་ཉིད་ལ་ཡང་ཤ་འདར་རྒྱག་གིན་འདུག

དུས་ཆེན་ནི་དྲན་པ་གསོ་བའི་ཉིན་མོ་ཞིག་ཡིན་པས། དུས་ཆེན་གྱི་ཉིན་མོར་བཟང་བོར་བྱ་དགའ་སྤྲོད་པ་དང་མཉམ་དུ་ཤ་ཆང་ལ་རོལ་བ་སོགས་ལེགས་པོ་ཡིན་ཡང་དེ་ཙམ་དུ་བྱས་ན་འགྲིག་ཐབས་ག་ལ་ཡོད། དུས་ཆེན་གྱི་ཉིན་མོ་འདིར་རྟེན་འབྲེལ་གྱི་ཤིས་ཚིག་རེ་རེ་ཡང་ཁྱེད་ལ་བསམ་གཞིགས་ཀྱི་གོ་སྐབས་རེ་རེ་དང་། ཕུགས་འདུན་དང་འཆར་གཞི་ལ་དྲན་པ་སློང་བའི་གོ་སྐབས་ཤིག་ཡིན་པ་ལས། རང་ཉིད་ལ་རྟེན་འབྲེལ་གྱི་ཤིས་ཚིག་དང་ལེགས་སྐྱེས་དག་ལོས་འབབ་འདོད་པའི་ཀུན་སློང་གིས་སོ་སོ་རྨོངས་པར་བྱེད་པའི་དུས་ཚོད་ཅིག་གཞར་ཡང་མ་རེད། སློབ་མ་སུ་ཞིག་གིས་བསྐུར་ཡོང་བའི་ཁུག་མར་སོགས་ས་བསྒྲག་གནམ་བསྒྲག་བྱས་ཏེ་རྙེད་པའི་རྙེད་པ་འཚོལ་བའི་ལས་སོགས་ནི་བསམ་བློ་མ་སྨིན་པའི་དགེ་རྒན་སྐོར་ཞིག་གི་སློང་མོ་རྒྱག་སྟངས་ལས་དུས་ཆེན་ལ་རོལ་སྟངས་ཤིག་ག་ནས་ཡིན།

ལོ་རེ་རེའི་དུས་ཆེན་ནི་ཁྱེད་ཀྱི་ཤེས་ཚད་འཕེལ་བར་བསམ་གཞིགས་དང་བཅས་སློབ་མ་དག་གི་རྒྱུད་ལ་ཤེས་བྱ་ཅི་ཙམ་ཞིག་འཇོག་ཐུབ་ཡོད་མེད་ལ་དྲི་བ་འདྲི་བའི་གོ་སྐབས་གལ་ཆེན་ཞིག་ཏུ་འགྱུར་ཐུབ་ན། ད་བཟོད་ཁྱེད་ཀྱིས་བསྐྱངས་པའི་སློབ་མ་དག་ལའང་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཡོད་པར་གདོན་མི་ཟ། དེ་དུས་ཁོང་ཚོས་ཀྱང་དགེ་རྒན་དུས་ཆེན་རེ་རེར་དྲན་ཡོང་བ་ནི་དགེ་རྒན་མང་པོའི་ཁྲོད་ཀྱི་ཁྱོད་ཁོ་ན་ཡིན་ངེས། དུས་དེར་ཁྱེད་ཀྱིས་ཀྱང་ང་རྒྱལ་དེ་སེམས་ལ་ཉར་ཆོག སྤོབས་པ་དེ་གཟེངས་སུ་བསྟད་ཆོག

སྤྱིར་ན་དགེ་རྒན་གྱི་ལས་ཀས་སློབ་ཁྲིད་དང་འབྲེལ་ནས་རང་ཉིད་ཀྱི་ཤེས་ཚད་ཡར་རྒྱས་དང་། སློབ་མའི་རྒྱུད་ཀྱི་ཤེས་བྱ་གོང་འཕེལ། བསམ་བློའི་སྤུས་ཚད་ཇེ་བཟང་དུ་འགྲོ་བ་སོགས་ལ་མཐུན་རྐྱེན་བླ་མེད་སྦྱར་ནས་དགེ་རྒན་ནི་མཁས་པ་དང་ཞིབ་འཇུག་པར་འགྱུར་དགོས་པ་དང་། སློབ་མ་མང་པོ་ཞིག་གི་བསམ་ཕྱོགས་དང་དྲན་ཕྱོགས་དགེ་རྒན་རང་ཉིད་ལས་འགོང་ཐུབ་པ་ཞིག་ཏུ་བརྩོན་དགོས་པ་ལས། སློབ་དེབ་ཙམ་པོ་པ་ཞིག་གིས་སློབ་མ་བསྐྱངས་ཤིང་། སློབ་དེབ་ཙམ་པ་པོ་ཞིག་གིས་མི་ཚེ་ཕུད་རྒྱག་བྱས་ཡོང་དུས། ལས་འཁྱུར་ངལ་གསོ་བྱས་པ་དང་བྱེད་ལ་ཉེ་བའི་དགེ་རྒན་མང་པོ་ཞིག་ལ་བྱིས་པ་ཚོའི་ཤན་ཤུགས་ཐེབས་ནས་བཤད་སྟངས་དང་ལས་སྟངས་མང་པོ་ཞིག་བྱིས་པའི་ཀྱལ་ག་ལྟ་བུར་འགྱུར་འགྲོ་བ་ནི་དོན་དངོས་ཡིན།

རང་ཉིད་ཀྱི་འཇོན་ཐང་སོགས་ལ་བསམ་བློ་གཏོང་བའི་བསམ་པ་ཐེད་དུ་བོར་ནས་དགེ་རྒན་གྱི་ལས་ཀ་ལ་བརྟེན་ནས་ལྟོ་རྒྱབ་གསོ་བར་འདོད་པ་ནི་ཤེས་ཡོན་པ་ཞིག་གི་བསམ་པར་རིག་པ་དང་གཉེར་བར་བྱ་བའི་ལས་ཤིག་ག་ལ་ཡིན་ཏེ་གཏན་ནས་མིན། ཁ་ཙམ་གསོ་བ་ལ་ལས་རིགས་ཤིན་ཏུ་མང་བར་བསམ་བློ་མི་གཏོང་བར་སློབ་མ་གྲངས་མེད་པ་ཞིག་འཆི་ལམ་དུ་འདེད་བཞིན་རང་གི་ཁ་ཡི་བུ་ག་ཙམ་པོ་བ་གསོ་འདོད་པའི་བསམ་བློ་ཉི་ཚེ་ཅན་དག་གིས་ནི་དུས་ཆེན་དང་འབྲེལ་ནས་བསམ་བློ་བཏང་། དུས་ཆེན་དང་འབྲེལ་ནས་རང་ཉིད་ཡར་རྒྱས་ལ་བརྩོན་ཐུབ་ན་ནི་དོན་གྱི་དགེ་རྒན་ཞིག་ཏུ་འགྱུར་རྒྱུའི་ལམ་ཁ་བླ་ན་མེད་པ་དེ་ཡིན།

དགེ་རྒན་ནི་ལྟ་རྒྱ་མཐོང་རྒྱ་ཤིན་ཏུ་ནས་ཆེ་དགོས་པའི་གང་ཟག་ཁྱད་པར་བ་ཞིག་ཡིན་དགོས་པའི་ཁར་སྤྱོད་པ་ཞི་དུལ་དང་བག་ཡོད། འགྲོ་ལས་འདུག་སྟངས་གང་ལ་ཡང་གཞན་གྱི་ཡིད་སྨོན་བྱེད་དགོས་པ་ཞིག་ཡིན་དགོས་པ་ལས། ཁྲིད་སྟེགས་སྟེང་ནས་ཁ་ལྕེ་བདེ་ཡིན་པ་གཅིག་པུས་འགྲིག་ཐབས་ཤིག་ག་ནས་ཡོད། ང་ཚོའི་དགེ་རྒན་དག་གི་གྲས་སུ་ཤོ་རྩེད་རྒྱན་འཇོག་ལ་གོམས་པ། དུ་ཆང་ལ་བག་མེད་དུ་སྤྱོད་པ། གོན་པ་དང་བྱད་བཞིན་བཟོ་སྟངས་ཡང་མི་རིགས་རིག་གནས་དང་ཡུལ་དུས་གནས་བབ་ལས་བརྒལ་བའི་དགེ་རྒན་ཧ་ཅང་མང་པས་དུས་ཆེན་གྱིས་གསོས་པའི་དྲན་པའི་ཀློང་ནས་རང་ཉིད་ལ་གཤགས་བཅོས་ལེགས་པོ་ཞིག་བྱེད་དགོས་པ་འདི་ཡང་དགེ་རྒན་གྱི་བླངས་བྱ་གལ་ཆེན་ཞིག་ཡིན།

རྒྱལ་དར་དམངས་ཕྱུག་གི་རྩ་བ་སློབ་གསོ་ཡིན་པ་དང་། སློབ་གསོ་འཕེལ་རྒྱས་ཀྱི་རྩ་བ་དགེ་རྒན་ཡིན་པས། དགེ་རྒན་དག་གིས་དུས་ཆེན་ལ་ཤ་ཆང་ཚོད་མེད་དུ་སྤྱོད་པ་ལས་བསམ་གཞིགས་གཏིང་ཟབ་ཅིག་གཏོང་དགོས་པར་འདོད་པ་ནི་ངས་སེམས་ཀྱི་གཏིང་ནས་འབུལ་བར་འདོད་པའི་དགེ་རྒན་དུས་ཆེན་གྱི་ལེགས་སྐྱེས་དང་བླ་འབོད། ཤིས་ཚིག་བླ་ན་མེད་པ་དེ་ཡིན་ནོ།།

མཇུག་མཐར་ཉི་མ་འཁྱོལ་ཐབས་ཙམ་གྱིས་དགེ་རྒན་གྱི་ལས་གནས་ལ་ཆགས་པ་དག་སློབ་གསོའི་ལས་གནས་དང་རིང་དུ་འབྲལ་བར་ཤོག སློབ་མས་རྒྱུགས་འབྲས་ཀྱིས་དགེ་རྒན་གྱི་འཇོན་ནུས་འཇལ་སྐབས་འདིར་རིག་རྩལ་དམན་པའི་སློབ་མ་སློབ་གྲྭ་ནས་གཏན་འབུལ་བྱས་དང་བྱེད་ཀྱིན་པའི་དགེ་རྒན་སྒེར་གཅོད་པ་དག་ང་ཚོ་དང་རིང་དུ་གྱེས་པར་ཤོག སློབ་མ་ཚོའི་ཆེད་དུ་ཡོད་ཚད་འབུལ་གྱིན་པའི་དགེ་རྒན་བཀའ་དྲིན་ཅན་དག་གི་མཛད་འཕྲིན་རྒྱས་ཤིང་རླུང་རྟ་དར་བར་ཤོག ཁོང་ཚོས་བསྐྱངས་པའི་སློབ་མ་མཐའ་དག་གི་བསླབ་འབྲས་གཡུར་དུ་ཟ་བར་ཤོག ཡོད་ཚད་བཀྲ་ཤིས་བར་ཤོག ཕུན་སུམ་ཚོགས་པར་ཤོག