ཐོན་མི་སཾ་བྷོ་ཊའི་ལོ་རྒྱུས་ཐུང་ངུ་།

ཐོན་མི་སཾ་བྷོ་ཊ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་ཡིན་ལ། བོད་ལ་ཡི་གེ་མེད་པ་ཡང་ཁོང་གིས་གསར་དུ་བཟོས་པས། མཛངས་བློན་ཞེས་ཕྱི་མའི་མི་ཀུན་གྱིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཞིང་། དེ་མིན་བློན་པོ་མགར་དང་སྟབས་སུ་རྒྱ་བཟའ་བལ་བཟའ་བསུ་རུ་རྒྱ་བལ་དུ་ཆས་ཤིང་། དེ་དུས་ལོ་ཙཱ་བ་མི་ཆུང་བར་དུ་བཞག་ཅེས་པའི་སྒྲོས་ཀྱང་བྱུང་བས། རྒྱ་བལ་གྱི་སྐད་ལ་ཡང་མཁས་པ་ཨེ་ཡིན་སྙམ། གང་ལྟར། ད་ཆ་ཡུ་བུ་ཅག་གིས་བཀོལ་ཡིན་པའི་ཡི་གེ་འདི་ནི་ཁོང་པའི་བཀའ་དྲིན་ལ་བརྟེན་ཏེ་བྱུང་ཞིང་། དེ་དང་ལྷན་ཅིག་བོད་ཀྱི་སྐད་ལ་ཉེ་བར་མཁོ་བའི་བསྟན་བཅོས་བརྒྱད་སོགས་ཀྱང་བརྩམས་པས ། བོད་གངས་ཅན་གྱི་ལྗོངས་སུ་རིག་གནས་སྣ་མང་དར་བའི་སྒོ་དམ་པ་ཡང་ཁོང་གིས་ཕྱེས། དེས་ན་འདིར་ཁོང་གི་རྣམ་པར་ཐར་བ་རང་གི་བློ་ལ་ངེས་ཙམ་ཞིག་བརྗོད་པར་བྱས་ན།

དང་པོ། ཡུལ་གང་དུ་འཁྲུངས་པ།

འདི་ལ་ཟུར་མཁར་བློ་གྲོས་རྒྱལ་བོ་མཆོག་གིས་ལྷོ་གཉལ་དུ་འཁྲུངས་པར་གསུངས་ཤིང་། སྨིན་གྲུབ་ལོ་ཙཱ་བས་ཀྱང་གཉལ་ནས་འཁྲུངས་པར་གསུངས། ཞྭ་ལུ་ལོ་ཆེན་ཞེས་སྔོན་གྱི་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་ཚད་མར་འཛིན་པ་དེ་ཉིད་ཀྱིས་ཀྱང་གཉལ་བ་སྣང་གྲགས་ཀྱི་བུ་ཞེས་གསུངས་ཡོད་པས་གཉལ་ནས་འཁྲུངས་པར་བཞེད་མཁན་མང་ལ། ཡང་ཁ་ཅིག་གིས་སྙེ་མོ་ཐོན་པ་གྲོང་ཚོ་ནས་འཁྲུངས་ཞེས་ཀྱང་མཆིའོ།

གཉིས་པ། ལོ་ག་ཙམ་ལ་རྒྱ་གར་དུ་ཕེབས་པ།

ཐོན་མི་ལོ་ག་ཙམ་བཞེས་པའི་སྟེང་རྒྱ་གར་དུ་ཕེབས་པའི་ཐད་མཁས་པ་ཀུན་ལ་བཞེད་པ་མི་འདྲ་བ་མང་སྟེ། ཉང་ཉི་མ་འོད་ཟེར་གྱིས་ལོ་བཅུ་གཅིག་སྟེང་དུ་ཕེབས་པར་བཞེད་ལ། ཁྱུང་པོ་གཡུ་ཁྲིས་ལོ་བརྒྱད་དུ་བཞེད།སྨན་ལུང་བློ་གྲོས་མཆོག་གི་རྡོ་རྗེས་ལོ་བཅོ་ལྔའི་སྟེང་དུ་བཞེད་ཅིང་། བོད་མཁས་པས་ཀྱང་ལོ་བཅོ་ལྔའི་སྟེང་དུ་ཡིན་པར་བཞེད་ལ། ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་དེ་ཉིད་དག་པར་བཟུང་ཡོད། ལུགས་འདི་དག་ལས་གང་ཞིག་དག་པ་ཐག་གཅོད་རྒྱུ་དཀའ་མོད། དར་ཆེ་བ་ནི་ལོ་བཅོ་ལྔ་ཡིན་པ་འདྲའོ།

གསུམ་པ། ཐོན་མིའི་མཚན་ལ་དཔྱད་པ།

ཐོན་མིའི་མིང་ལ་སཾ་བྷོ་ཊར་གྲགས་པ་རྒྱ་གར་སྐད་ཡིན་ཞིང་། བོད་སྐད་དུ་བོད་ཡང་དག་པ་འམ་བོད་བསྔགས་པ་ཞེས་པ་ཡིན་པར་ཟུར་མཁར་བློ་གྲོས་རྒྱལ་བོ་གསུངས་ཤིང་། པཎ་ཆེན་ཤཱཀྱ་མཆོག་ལྡན་ལྟར་ན་བོད་ལེགས་ཞེས་གསུངས། གཞན། ས་མནྟ་བྷ་དྲ་ཞེས་པ་སྟེ། ཀུན་ཏུ་བཟང་པོ་ཞེས་རྣམ་གླིང་པཎ་ཆེན་གསུངས། ལུགས་འདི་གཉིས་ལྟར་ན་རྒྱ་གར་སྐད་དུ་བཞེད་མཁན་ཡིན་ལ། སྨིན་གྲུབ་ལོ་ཙཱ་བས་ས་འབོ་ར་ཞེས་བོད་སྐད་དུ་བཞེད། ཨ་ལག་ཤས་ཀྱང་ས་འབོ་ར་ཞེས་པ་རང་གི་དག་ཡིག་ཏུ་དྲངས་ཡོད་པ་ལྟར་ན་ཁོང་ཡང་ལུགས་དེ་འཛིན་མཁན་ཡིན་ནམ་སྙམ། དེ་མིན་སྔོན་གྱི་ཆོས་འབྱུང་རྙིང་བ་འགའ་ཞིག་ཏུ་ཐོན་མི་བྷོ་ཊ་མི་ཆུང་ཞེས་ཀྱང་གྲགས་ལ། དེ་ལྟར་ན་ཐོན་མིའི་གཟུགས་པོ་ཆུང་ཆུང་ཞིག་ཡིན་པ་འམ་ཡང་ན་ཕྲུ་གུ་ཆུང་ཆུང་ཡིན་པས་ཨེ་ཡིན་བརྟགས། གང་ལྟར་ཨ་ནུ་ཞེས་པ་རྒྱ་གར་སྐད་ཡིན་ཞིང་། བོད་སྐད་དུ་་ཆུང་ངུའི་དོན་ཡིན་པར་<< ལི་ཤིའི་གུར་ཁང་>> དུ་བྱུང་ཡོད་པ་དེའོ། ཡང་། ཨ་ནུ་ཐོན་མིའི་ཡབ་ཏུ་བཞེད་མཁན་ཀྱང་རྗེ་བུ་སྟོན་སོགས་ཡོད་དོ།
བཞི་བ།  རྒྱ་གར་ནས་མཁས་པ་སུ་བསྟེན་པ།

འདི་ལ་<< བཀའ་ཆེམས་ཀ་ཁོལ་མ>> རུ། བྲམ་ཟེ་ལི་བྱིན་ཏི་ཀ་ཞེས་པ་ཙམ་གྱི་མིང་བྱུང་ཞིང་། བུ་སྟོན་རིན་པོ་ཆེས་ལྷ་རིག་པའི་སེང་གེ་ཙམ་ཞིག་གསུངས། འགོས་ལོ་མཆོག་གིས་ཀྱང་ལྷ་རིག་པའི་སེང་གེ་ཙམ་ཞིག་གསུངས། དེ་མིན། དབུས་པ་བློ་གསལ་མཆོག་གིས་ཀྱང་སློབ་དཔོན་གཅིག་གི་མིང་ལས་མ་གསུངས་ཤིང་། << རྒྱལ་རབས་གསལ་མེ>> སོགས་སུ་གསལ་བའི་ཐོན་མིའི་ང་རྒྱལ་གྱི་གླུ་རུ་ཡང་བྲམ་ཟེ་ལི་བྱིན་ཙམ་ཞིག་གི་མིང་བྱུང་བས། ཉེ་དུས་ཀྱི་མཁས་པའི་མཁས་པ་ཚེ་ཏན་ཞབས་དྲུང་ལགས་ཀྱིས་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེང་གེ་གཉིས་མི་གཅིག་གི་མིང་དུ་གསུངས་པ་དེ་ཉིད་ཧ་ཅང་བློ་ལ་འཐད་པའི་གཏམ་མོ།

ལྔ་བ། དགོན་པ་གང་དུ་སློབ་གཉེར་བྱས་པ།

ཐོན་མི་རྒྱ་གར་ལ་ཕེབས་པའི་ཐད་སོར་ཁོང་གིས་སློབ་གཉེར་བྱེད་སའི་དགོན་པ་ནི་དཔལ་ན་ལེནྡྲ་སྟེ་མི་ཡི་དབང་བོའི་གཙུག་ལག་ཁང་ཡིན་པར་ཉང་རལ་བ་ཅན་གྱི་ཆོས་འབྱུང་དུ་ཡང་གསལ་ཞིང་། ཕྱིས་ཀྱི་སྨན་ལུང་བློ་མཆོག་རྡོ་རྗེ་དང་ཨ་ལག་ཤ་སོགས་ཀྱིས་ཀྱང་དཔལ་ན་ལེནྡྲ་ཡིན་པར་གསུངས་ཡོད་དོ།

དྲུག་པ།  རྒྱ་གར་དུ་ལོ་ག་ཙམ་བཞུགས་པ།

འདི་ལ་ཆོས་འབྱུང་གྲགས་ཆེ་བ་རྣམས་སུ་ཞལ་མི་གསལ་བ་འདྲ། གང་ལྟར་ཁོ་བོས་དྲན་མ་སོང་། ཡིན་ཡང་། སྨན་ལུང་བློ་མཆོག་རྡོ་རྗེའི་སུམ་འགྲེལ་དུ་ལོ་བདུན་བཞུགས་པར་གསུངས་ཤིང་། བོད་མཁས་པས་ལོ་བདུན་བཞུགས་པར་གསུངས་པ་ཡང་སྨན་ལུང་བློ་མཆོག་རྡོ་རྗེའི་སུམ་འགྲེལ་ལས་དྲངས་པ་འདྲ། གང་ལྟར་ལོ་བདུན་དུ་བཞུགས་པ་གྲགས་ཆེ་བ་འདྲའོ།

བདུན་པ། ཕྱིར་ཆགས་ཕེབས་ཏེ་བོད་ཡིག་བཟོས་པ།

འཇམ་དབྱངས་ཐུགས་ཀྱི་རྣམ་འཕྲུལ་གང་དེ་ཉིད་རྒྱ་གར་ནས་ཕྱིར་བོད་ཡུལ་དུ་ཕེབས་ཏེ་སྐུ་མཁར་མ་རུར་བཞུགས་ཏེ་བོད་ཡིག་བཟོས་ཤིང་། དཔེ་བལྟ་སའི་ཡི་གེའི་ཐད་བུ་སྟོན་མཆོག་གིས་ཁ་ཆེའི་ཡི་གེར་དཔེ་བལྟས་ཏེ་བཟོས་པར་གསུངས་ཤིང་། ན་ག་རའི་ཡི་གེར་དཔེ་བལྟས་ཞེས་གསུངས་མཁན་ཡང་བྱུང་ལ། ཞྭ་ལུ་ལོ་ཆེན་མཆོག་གིས་ལན་ཛའི་ཡི་གེར་དཔེ་བལྟས་ཏེ་བོད་ཡིག་བཟོས་གསུངས་ཤིང་། རྒྱལ་དབང་ལྔ་བས་ལཉྫ་ལ་དཔེ་བལྟས་ཏེ་དབུ་ཅན་དང་ཝརྟུ་ལ་དཔེ་བལྟས་ཏེ་གཤར་མ་བཟོས་པར་གསུངས། དིང་སང་ལུགས་ཕྱི་མ་འདི་ཉིད་དར་ཆེ་བ་འདྲའོ། མཁས་དབང་དགེ་ཆོས་ལྟར་ན་གུཔྟའི་ཡི་གེ་ཡིན་པར་གསུངས་སོ། ལོ་ག་ཙམ་བཞུགས་པའི་ཐད་དུ་ཡང་བཀའ་ཆེམས་ཀྱི་ལུགས་ལ་ལོ་བཞི་དང་། རྒྱ་བོད་ཡིག་ཚང་ཆེན་མོའི་ལུགས་སུ་ཡང་ལོ་བཞི། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་ལུགས་སུ་གསུམ་ལགས་ཤིང་། དེ་ལས་གཞན་པའི་ལུགས་ནི་མ་བྱུང་བ་འདྲའོ།

བརྒྱད་པ། བསྟན་བཅོས་ག་ཚོད་བརྩམས་པ།

ཐོན་མིའི་བསྟན་བཅོས་བརྒྱད་མཛད་ཅེས་<< མ་ཎི་བཀའ་འབུམ>> དུ་བྱུང་ཞིང་། རྗེ་བུ་སྟོན་གྱིས་ཀྱང་བསྟན་བཅོས་བརྒྱད་མཛད་པར་གསུངས། ཕྱིས་ཀྱི་ཞྭ་ལུ་ལོ་ཆེན་སོགས་ཀྱིས་ཐོན་མིས་བོད་ཀྱི་སྐད་ལ་ཉེ་བར་མཁོ་བའི་བརྡ་སྤྲོད་པའི་གཞུང་བརྒྱད་མཛད་པར་གྲགས་ཀྱང་དིང་སང་སུམ་ཅུ་བ་རྟགས་འཇུག་གཉིས་ལས་མི་བཞུགས་ཞེས་གསུངས་ལ། རྣམ་གླིང་པཎ་ཆེན་སོགས་ཀྱིས་ཀྱང་བསྟན་བཅོས་བརྒྱད་མཛད་ཅེས་གསུངས་ལ། སུམ་རྟགས་གཉིས་ནི་དེ་དག་གི་བྱེ་བྲག་གི་ཡིན་པར་བཞེད་མཁན་དང་། བྱེ་བྲག་གི་ནང་ཚན་ཡིན་པར་བཞེད་མཁན་གཉིས་བྱུང་། ལུགས་དེ་གཉིས་ཀྱི་ཁུངས་ཡང་སུམ་འགྲེལ་བསྟན་པའི་སྒྲོན་མེ་དང་རྟགས་འགྲེལ་མཁས་པའི་རྒྱན་གཉིས་ཀྱི་རྗེས་སུ་ཡོད་པའི་དང་པོའི་སྐབས་ཏེ་ལྔ་བ་དང་གཉིས་པའི་སྐབས་ཏེ་དྲུག་པ་ཞེས་པའི་ཚིག་ཟིན་ལ་བརྟེན་པ་ཡིན་ནོ། སྔ་མ་ལྟར་ན་དང་པོའི་སྐབས་དེ་ལྔ་བ་ཟེར་ཙ་ན་གཞུང་ལྔ་བ་དང་། གཉིས་པའི་སྐབས་ཏེ་དྲུག་པ་ཟེར་ཙ་ན་གཞུང་དྲུག་པ་ཡིན་པར་བཞེད་མོད། དེ་ལ་མཁས་པ་པྲ་སྟི་སོགས་ཀྱིས་གཞུང་ཆེན་པོ་ཞིག་གི་བྱེ་བྲག་ཡིན་པར་གསུངས་པ་དེ་ཉིད་དོན་ལ་གནས་པ་ཡིན་ནོ།

རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས། 
ཕྱི་ལོ་༢༠༡༧ལོའི་ཟླ་༩བའི་ཚེས་༩ཉིན་བློ་ལ་ངེས་པ་ཙམ་བྲིས་ཏེ་སྤེལ་བ་དགེའོ།