ཕྲན་ནི་དགེ་རྒན་ཞིག་ཡིན། ཆེས་སྤྱིར་བཏང་གི་དགེ་རྒན་ཕལ་བ་ཞིག་ཡིན། ལོ་ཡི་འཁོར་མོ་མི་ཉུང་ཙམ་འགོར་ཟིན་ཡང་། ལས་འདི་བྱས་ཀྱི་ལག་རྗེས་བགྲང་རྒྱུ་མེད་ཅིང་། དོན་འདི་འགྲུབ་ཀྱི་ངོམ་སོ་འཕྱར་རྒྱུ་གང་ཡང་མེད། ཡིན་ནའང་ཕྲན་གྱིས་རང་གི་ལས་རིགས་འདི་ནི་ཕལ་བ་ཞིག་ཏུ་བསམ་གྱིན་མེད་དེ། རང་གིས་མ་འཇོན་པ་མ་གཏོགས། ལས་རིགས་འདིའི་སྟེང་ནས་ཁྱད་དུ་འཕགས་པའི་ལག་རྗེས་འཇོག་རུང་ཞིང་། བླ་ན་འབར་བའི་མཚན་སྙན་ཐོབ་ཐུབ། དགེ་བ་རླབས་ཆེན་གྱི་ཚོགས་རྫོགས་ཆོག་ཅིང་། བྱམས་པ་ཚད་མེད་ཀྱི་སེམས་བསྐྱེད་ཆོག རྒྱལ་ཁབ་ཀྱི་མ་འོངས་བྱ་གཞག་བསྐྲུན་པའི་ལག་ཟུང་། མི་རིགས་ཀྱི་རེ་བའི་ཞིང་ས་བརླན་པའི་གྲུ་ཆར། ཐ་ན་མིའི་རིགས་ཀྱི་འབྱུང་འགྱུར་ལས་དབང་བསྒྱུར་བའི་སྲབ་ཀྱོགས་ཀྱང་ང་ཚོའི་ལག་ན་ཡོད་པར་བཤད་ཆོག

ཇི་སྟེ་ཡུལ་གངས་ཅན་པའི་སྲོལ་རྒྱུན་ལྟར་ནའང་། དགེ་རྒན་ནི་སྒོ་གསུམ་དགེ་བ་ལ་སྒྱུར་བའི་བྱེད་པོ་སྟེ། ཤེས་བྱའི་ནོར་བུ་སྦྱིན་པའི་དེད་དཔོན། ལེགས་ཉེས་བླང་དོར་སྟོན་པའི་ལམ་མཁན། ཡ་རབས་ལམ་ལ་དཀྲི་བའི་དམིགས་བུ་ནི་དགེ་རྒན་ཡིན་ཞེས་གྲགས་ཤིང་གྲུབ་པ་རེད། དགེ་རྒན་ནི༼གཙང་མཁས་གཞན་ལ་ཕན་པ༽ཞིག་ཡིན་དགོས་པ་སྟེ། འདི་ལྟ་བུའི་དགེ་རྒན་གྱི་ལས་རིགས་བྱང་ཚད་དང་། ལས་རིགས་ཀུན་སྤྱོད་ལ་བཏོན་པའི་རེ་བ་ནི་གཞན་ལས་མཐོ་ཞིང་ཀུན་ལས་འཕགས་པའོ།། དེ་བས་ན། བོད་མི་རྣམས་ཀྱིས་ཕ་མ་ལས་ཀྱང་དགེ་རྒན་ལ་བཀུར་བ་དང་། དཔོན་པོ་ལས་ཀྱང་དགེ་རྒན་ལ་བརྩི་བ། ཕྱུག་པོ་ལས་ཀྱང་དགེ་རྒན་ལ་སྨོན་པར་བྱེད་དེ། དགེ་རྒན་ལ་སྨོད་པའི་ཚིག་གཅིག་སྨྲས་པས་ཀྱང་མ་དག་པའི་གནས་སུ་སྐྱེ་བ་དང་། དགེ་རྒན་གྱིས་ཅི་གསུངས་བཀའ་བཞིན་སྒྲུབ་དགོས་པ། དགེ་རྒན་ལ་སློབ་མའི་ལུས་ངག་ཡིད་གསུམ་འབུལ་བ་སོགས་ཡོད་ཅིང་། ད་ལྟའི་འཛམ་གླིང་དུ་སྙན་གྲགས་ཆེ་བའི་ཡ་ཧུ་ད་པའི་མི་རིགས་ཀྱི༼ཁང་ཁྱིམ་མེ་ལ་ཤོར་ན་ཐོག་མར་ཨ་ཕའི་སྔོན་ལ་དགེ་རྒན་བསྐྱབ་དགོས། དངོས་པོའི་ནང་ནས་དཔེ་ཆ་ཁྱེར་ནས་འགྲོ་དགོས༽ཞེས་པའིཤོད་རྒྱུན་གྲགས་ཅན་དེ་ལ་ཡང་ཧ་ལས་མི་དགོས་པའི་ཚོད་ཡིན།

འདི་ལྟ་བུའི་སློབ་གསོའི་ལྟ་བ་དང་། དགེ་རྒན་གྱི་ལྟ་བ་དེ་དེང་གི་དུས་འདིར་མཐའ་གཅིག་ཏུ་འཕྲོད་པའི་ངེས་པ་ནི་མ་མཆིས་ཀྱང་། འདི་ལས་རང་ཅག་གི་རིག་གནས་སྲོལ་རྒྱུན་གྱི་སྟེང་དུ་དགེ་རྒན་ལ་གུས་བརྩི་ག་འདྲ་བྱེད་པའི་ཚུལ་ནི་གསལ་ལེར་མཐོང་ཐུབ། གནའ་བོའི་དུས་ལ་མཚོན་ན་མཁས་པ་ལས་མཛངས་པ་མཆོག་ཏུ་འཛིན་པ་དང་། ཤེས་བྱ་ལས་མི་གཤིས་གལ་ཆེར་བསྟོད་པ། གྲུང་བ་ལས་སྒམ་པ་གཙོ་བོར་བྱེད་པ་སྟེ། འདི་ལྟ་བུའི་སློབ་གསོའི་དམིགས་ཡུལ་གྱི་འོག་ཏུ། དགེ་རྒན་གྱི་སྤྱི་ཚོགས་གོ་གནས་ཀྱང་རང་བཞིན་གྱི་མཐོ་བ་སྨྲས་མ་དགོས། ཁོ་བོས་གནའ་སྲོལ་བཟང་ཚུལ་དང་དེང་སྲོལ་ངན་ཚུལ་གྱི་སྨྲེ་ངག་འདོན་འདོད་པ་ནི་ཡེ་ནས་མིན་ཏེ། གནའ་དེང་ཞིབ་ཏུ་བསྡུར་ནས་ད་ལྟའི་རང་ཅག་ལ་བློ་བསྐྱེད་ཅི་འབྱུང་བལྟ་བར་འདོད་པ་ལགས།།

དུས་ཀྱི་འགྱུར་བ་ཟེར་ན་ཆོག སྤྱི་ཚོགས་ཀྱི་སྒྲིག་གཞིའི་དབང་གིས་ཟེར་ནའང་རུང་། ཕྱིས་དང་ཕྱིས་སུ་རང་ཅག་གི་སློབ་གསོ་ནི་ཤེས་བྱ་ཁོ་ན་དོན་དུ་གཉེར་བ། ཐོབ་ཐང་གཅིག་པུ་དམིགས་སུ་འཛིན་པ། ཐ་ན་དཔོན་གནས་རྐྱང་བ་རྩོད་ལེན་བྱ་བའི་ལམ་ལ་ཚབས་ཆེར་དཀྱོགས་མྱོང་ཡོད་དེ། སློབ་གསོའི་ཉིང་དགོས་དེ་ཟ་མ་ཇ་ནེ་གང་ཐོབ་པའི༼吃一口饭༽ཆེད་དུའོ་ཞེས་པའི་ལྟ་ཚུལ་དེ་འདྲ་ཆགས་མགོ་ཚུགས། སྤྱིར་འགྲོ་བ་མི་ཡི་ལུས་སུ་སྐྱེས་པ་ལ་འཚོ་གནས་ཀྱི་དཀའ་ཁག་ཐག་གཅོད་རྒྱུ་ནི་ཐོག་མའི་ཆ་རྐྱེན་ཡིན་མོད། འཚོ་གནས་དེ་ཇི་ལྟར་འཚོ་དང་གང་ལྟར་གནས་པའི་ཚུལ་ལ་མ་རྨོངས་པའི་ཤེས་རབ་བམ་རྟོགས་པ་ཞིག་ནི་ངེས་པར་ཡོད་འོས་ཏེ། དེ་ལྟ་མིན་ཚེ༼བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། སྒྲུབ་པར་ནུས་པ་མ་ཡིན་ནམ།།༽ཞེས་པ་དང་འདྲའོ།།

སློབ་གསོ་ལ་བཟུང་བའི་ལྟ་ཚུལ་འགྱུར་བ་དང་བསྟུན་ནས་དགེ་རྒན་ལ་བཟུང་བའི་ལྟ་ཚུལ་ཡང་འགྱུར་འགྲོ་བ་ནི་ཆོས་ཉིད་ཡིན་ཏེ། སྤྱི་ཚོགས་ཀྱི་ངོས་ནས་དགེ་རྒན་ནི་སློབ་ཁྲིད་ལ་བརྟེན་ནས་ཕོགས་བླངས་ཏེ་ཁ་གསོ་བའི་ལས་རིགས་སྤྱིར་བཏང་བ་ཞིག་ཏུ་བརྩི་བ་དང་། སློབ་མའི་ངོས་ནས་དགེ་རྒན་ནི་སློབ་རིམ་འཕར་བའི་ཡིག་ཚད་ལོངས་པར་རམ་འདེགས་བྱེད་མཁན་ཞིག་ཏུ་སྙམ་པ། དགེ་རྒན་རང་གི་ངོས་ནས་ཀྱང་ལས་རིགས་འདི་གཞུང་ཞབས་པ་ལས་ངོ་སོ་ཆུང་བ། ཚོང་བ་ལས་ཡོང་སྒོ་ཉུང་བ་ཞིག་སྟེ། དེ་ལས་གཞན་པའི་རིན་ཐང་ཅི་ཡོད་ལ་བསམ་མཁན་ཉུང་དུ་གྱུར།

དེའང་ལོས་ཡིན་ཏེ། དགེ་རྒན་སུ་ཡིན་རུང༼ཕལ་བའི་མི༽ཡིན་ལ། སོ་སོས་ཐོག་མར་རང་རང་གི་འཚོ་གནས་ཀྱི་གནད་དོན་ཐག་གཅོད་དགོས། དེ་ནས་ལས་རིགས་སྟེང་གི་འདྲ་མཉམ་དང་འདྲ་མཉམ་མ་ཡིན་པའི་འགྲན་རྩོད་སྣ་ཚོགས་ལ་གདོང་གཏོད་དགོས། སྤྱི་ཚོགས་ཧྲིལ་བོ་དབང་ཆ་ལ་རབ་ཏུ་བཀུར། དངུལ་ལོར་ལ་ཤིན་ཏུ་དད་པར་གྱུར་བའི་ཚེ་ན། གང་ཞིག་རང་ཚུགས་བརྟན་པོས་ཀ་བ་བཞིན་འགྲེངས་ནས་སྡོད་དཀའ་བ་ནི་འགྲོ་བ་མི་ཡི་རང་བཞིན་ལགས་པས་ཡ་མཚན་ཅི། མཐོན་པོའི་གོ་སར་སྡོད་པ་དག་གིས་ལག་བསྙོབ་གཅིག་གིས་དུང་ཕྱུར་དུ་མ་ཟ་བར་བྱེད་ཅིང་། ཆོས་ཀྱི་ཁྲི་ལ་འགྱིང་བ་དག་ཀྱང་ཟབ་མོ་ཟང་ཟིང་ལ་བའི་བརྗེ་བའི་ལས་ལ་བྲེལ། ལས་སྒོ་གང་ལའང་རུལ་དྲི་སྐྱུར་དྲི་སྣ་ཚོགས་འཐུལ་བའི་དུས་ན། ཁྱོད་ཅག༼རླབས་ཆེན་རེད༽ཅེས་པའི་ཟོལ་བསྟོད་བྱས་པ་ཙམ་གྱིས་ཚིམས་ནས་བསྡད་ན་ནི་གླེན་རྟགས་སུ་བརྩི་མཁན་ཡང་མེད་མི་སྲིད།

འོན་ཏེ་མིག་རྒྱང་ཅུང་ཟད་རིང་དུ་བསྲིངས། བློ་རྒྱ་ཅུང་ཟད་ཆེ་རུ་བསྐྱེད་ནས་བསམ་ཞིང་གཞིགས་ཚེ། ཁྱོད་ཚོས་རང་གི་ལས་རིགས་འདིའི་ཁྱད་འཕགས་རང་བཞིན་མཐོང་ཐུབ་ངེས་ཡིན། ཁྱོད་ཅག་གིས་བསྐྱངས་དང་སྐྱོང་གིན་པའི་སློབ་མ་དེ་དག་ལས་མང་པོ་ཞིག་གིས༼དགེ་རྒན་ལགས༽ཞེས་ཁ་ཞེ་གཉིས་མེད་ཀྱི་གུས་བརྩི་བྱེད་ཅིང་། ༼དགེ་རྒན་གྱི་བཀའ་དྲིན༽ཞེས་མི་ཚེ་གཅིག་གི་དྲིན་ཆེན་དུ་བཟུང་ནས། ས་གར་སོང་དང་གནས་གར་བསྡད་ས་ནས་ལྷག་བསམ་ཟོལ་མེད་དང་ཁ་ཞེ་གཉིས་མེད་ཀྱིས་གུས་ཉམས་སྟོན་པར་བྱེད་མཁན་ཡོད། གལ་ཏེ་ཁྱོད་རང་ངོ་སོ་ལ་དགའ་ན་འདི་ལས་ལྷག་པའི་ངོ་སོ་ཅི་ཞིག་ཡོད་དམ། མཐོ་ས་ན་བསྡོད་དུས་ཟོལ་བསྟོད་འུར་འུར། ཁེ་ཕན་གྱི་ཆེད་དུ་གཡོ་འཛུམ་ཤིག་ཤིག་བྱེད་སའི༼དཔོན་པོ༽དག་ལ་འདི་ལྟ་བུའི་ཁ་ཞེ་གཉིས་མེད་ཀྱི་གོང་བཀུར་ནམ་ཡང་ཐོབ་དཀའ། དེ་བས། ཁྱོད་ཚོས་རང་གི་ལས་རིགས་འདི་ངོ་སོ་ཆེ་བར་མཐོང་འོས།

ཁྱེད་ཅག་གི་རྒྱུད་ན་ཡོད་པའི་ཤེས་བྱ། གཤིས་སུ་གྲུབ་པའི་གོམས་པ། ཐ་ན་འགྲོ་འདུག་གི་སྤྱོད་ལམ་ཕྲ་མོ་རེའང་སློབ་མ་ཚོའི་ལུས་ངག་ཡིད་གསུམ་ལ་སིམ་ཞིང་འཐིམ་བཞིན་ཡོད་ལ། མ་འོངས་པའི་མི་རབས་ཤིག་གི་སྟེང་ནས་ཁྱོད་ཚོའི༼རྒྱུད་རྒྱུ༽༼基因༽འདི་ཀོ་སྔར་བཞིན་གསོན་སྟོབས་ལྡན་པར་མངོན་སྲིད་པས་ན། ཁྱོད་ཚོ་ནི་མི་རབས་ཤིག་གི་བླ་སྲོག་གི་ཡབ་ཆེན་དུ་གྱུར་བ་ལགས་པས། གལ་ཏེ་ཁྱོད་རང་ལག་རྗེས་འཇོག་པར་དགའ་ན། འདི་ལས་ལྷག་པའི་བྱས་པ་རླབས་ཆེན་སུ་ལ་ཡོད་དམ།།

ནམ་རྒྱུན་སྒོ་སམ་དུ་བརྡར་བའི་ཁྱོད་ཚོའི་ལག་གི་ས་སྨྱུག་དང་འདྲ་བར། ཁྱོད་ཚོས་རང་ཉིད་ཀྱི་དུས་ཚོད་དང་སེམས་ཤུགས་ཡོད་རྒུ་གཞན་དོན་དུ་ཕུལ་ཅིང་། ཤེས་ཚད་དང་འཇོན་ཚད་སློབ་མའི་དོན་དུ་འཛད་པར་བྱས། འདི་ལས་ལྷག་པའི་གཞན་དོན་བསྒྲུབ་པར་བྱ་བ་ཅི་ཞིག་ཡོད་དེ། སྦྱིན་པ་ཀུན་ལས་ཆོས་ཀྱི་སྦྱིན་པ་མཆོག་ཅེས་པའི་དཔེ་ལྟར། དངུལ་དངོས་ཀྱི་ཚབ་བྱེད་མི་ཐུབ་པ་ཁྱོད་ཚོའི་སྦྱིན་པ་འདི་ཡིན་པས། ཤོག་སྒོར་གྱི་གྲངས་ཀས་བཞག་པའི་དེང་གི་ཕྱུག་བདག་ཡིན་ནོ་ལོ་དག་ལ་སྨོན་པ་སྐྱེ་དོན་ག་རེ་ཡོད།།

གང་ལྟར། ཁ་ཉེ་གཉིས་མེད། ལྷག་བསམ་ཟོལ་མེད། བརྩོན་པ་ལྷོད་མེད་ཀྱིས་དགེ་རྒན་གྱི་ལས་ཀར་འབད་མཁས་དག་ནི་དངོས་ནས་གོང་དུ་བཤད་པ་འདི་འདྲ་ཡིན་ཏེ། ལས་ཀ་འདི་ལྟར་འཁྱོངས་དང་མི་འཁྱོངས། གྲུབ་འབྲས་འདི་ལྟར་ལོན་དང་མི་ལོན་ནི་སོ་སོ་རང་ལ་རག་ལས་པས་སོ།།

མཇུག་ཏུ། ཁོ་བོས་ཐེངས་འདིའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་ལགས་ཏེ། ནམ་ཞིག་སློབ་གསོའི་ལས་གནས་སུ་མི་ལོ་བཅུའམ་ཉི་ཤུ། སུམ་ཅུ་ལ་དཔེ་ཁྲིད་མི་སྐྱོང་གི་ལས་ལ་འབད་པའི་དགེ་རྒན་དག་གིས། སློབ་གསོ་ཉིན་གཅིག་བསྒྲུབས་མ་མྱོང་བའི་མགོ་བ་ཆེན་མོའི་སློབ་གསོ་བསྒྲུབ་སྟངས་ཀྱི༼བཀའ་སློབ༽ལ་ཉན་མི་དགོས་པའི་ཚེ་ན། ནམ་ཞིག་ལག་ལེན་གྱི་མྱོང་བ་ཉིན་གཅིག་མེད་པའི་ཆེད་མཁས་པ་དག་གིས་དཔེ་ཆ་དང་ལུང་ཚིག་དམ་དུམ་རེ་འཕྱར་ནས་སློབ་གསོའི་རྩ་དོན་ལ་སྡོམ་ཚིག་འཇོག་མཁན་ཉུང་དུ་གྱུར་བའི་ཚེ་ན། ནམ་ཞིག་མི་ཤེས་ཤེས་མདོག་དང་མི་འཇོན་འཇོན་མདོག་གི༼ནང་རྒྱུས་མི་ཤེས་པའི་སློབ་གསོའི་དཔྱད་བརྗོད་པ༽དག་གི་འུར་ཟིང་ཉུང་དུ་གྱུར་བའི་ཚེ་ན། ནམ་ཞིག་ཁོ་བོ་ལྟ་བུའི་དགེ་རྒན་ཕལ་བ་དག་གིས་ལས་རིགས་འདི་ཡི་རིན་ཐང་རྟོགས། རིན་ཐང་རྟོགས་པས་དགའ་བ་སྐྱེས། དགའ་བ་སྐྱེས་པས་ཁ་ཞེ་གཉིས་མེད་ཀྱི་འབད་པ་བསྐྱེད་པའི་ལམ་ལ་ཞུགས་པའི་དུས་དེ་ན། ངེས་དོན་སློབ་གསོའི་ཉི་གཞོན་མཁའ་རུ་བསུ་བར་རེ་བའི་སྐྱ་རེངས་བུ་མོ་མཐའ་ནས་ཚེས་པ་ལགས་ཏེ། རླབས་ཆེ་བའི་དགེ་རྒན་དག་གི་མཛད་པ་གངས་ཀྱི་ལྷུན་པོའི་གཟི་འོད་ཆེས་ཆེར་འབར་ཞིང་། སྤྱི་ཚོགས་ཡོངས་ནས་ལས་རིགས་འདིར་ཡོད་འོས་ཀྱི་གདེངས་འཇོག་དང་དགོས་ངེས་ཀྱི་གོ་ཐང་སྤྲོད་པའི་དུས་བཟང་ཡང་ཤར་བ་ལགས་ན། འདི་ནི་དགེ་རྒན་དག་གི་ཉིན་གཅིག་གི་དུས་ཆེན་ཙམ་མ་ཡིན་ཏེ། ཚེ་གང་གི་དུས་བཟང་ཤར་བའི་སྐབས་ཀྱང་ཡིན་པས་ན། དེ་འདྲའི་དུས་དེ་རིང་མིན་ཚེས་པར་སྨོན་ཞིང་། དེ་འདྲའི་དུས་དེ་རྟག་ཏུ་བརྟན་པར་བརྩོན་ནོ།།

༢༠༡༧ལོའི་ཟླ༩ཚེས༩དགོང་མོར།