ཚིག་མཛོད་རྣམས་སུ་ ཧ་རེ་ཁན་ཞེས་པའི་འགྲེལ་བཤད་བྱེད་སྐབས་མིང་ཚིག་དེ་ནི་ སི་པན་གྱི་སྐད་དུ་ དྲག་ཆར་གྱི་ལྷ་ལ་འབོད་པའི་མིང་ ཧ་ར་ཀན་ [hurakán] ཞེས་པ་ནས་མཆེད་པར་བཤད།

རྒྱ་མཚོའི་རླུང་འཚུབ་ཆེན་པོ་འདི་ལ་ས་ཁུལ་མི་འདྲ་བའི་དབང་གིས་མིང་མི་འདྲ་བ་ཡོད་པ་དང་། ཨེ་ཊི་ལན་ཊིག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཤར་ལྷོའི་ཁུལ་དུ་དེ་ལ་ ཧ་རེ་ཁན་[Hurricanes]ཞེས་འབོད། ཞི་བདེ་རྒྱ་མཚོའི་བྱང་ནུབ་ཁུལ་དུ་དེ་ལ་ ཊེ་ཕོན་[Typhoon] ཞེས་འབོད། རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ལྷོ་ཁུལ་དུ་དེ་ལ་ སེ་ཁི་ལོན་[Cyclone] ཞེས་འབོད།

ཧ་རེ་ཁན་རླུང་འཚུབ་ནི་ ཨེ་ཊི་ལན་ཊིག་རྒྱ་མཚོ་དང་། ཁེ་རི་བྷེན་མཚོ་ཁུག མེག་སི་ཁོའི་མཚོ་ཁུག་བཅས་ནས་འབྱུང་ཞིང་། ཧ་རེ་ཁན་རླུང་འཚུབ་ཀྱི་ནམ་ཟླའམ་དུས་ཚིགས་ནི་ལོ་རེའི་ཕྱི་ཟླ་ ༦ ཚེས་ ༡ ནས་ ཕྱི་ཟླ་ ༡༡ ཚེས་ ༣༠ བར་ཡིན་མོད། ད་དུང་དེ་ལས་མང་བ་ཡང་ཡོང་སྲིད།

ཧ་རེ་ཁན་རླུང་འཚུབ་ནི་རྒྱ་ཆེ་ཞིང་འཚུབ་མར་འཁོར་བའི་རླུང་འཚུབ་ཅིག་ཡིན་ལ།  རླུང་གི་རྒྱུ་བའི་ཚད་ནི་ཆུ་ཚོད་རེ་རེར་སྤྱི་ལེ་ ༡༡༩ ཙམ་མམ་ཡང་ན་དེ་ལས་མགྱོགས་པ་ཡོད།  ངས་མཚམས་རེར་འདི་ལ་རྒྱ་མཚོའི་རླུང་འཚུབ་ཆེན་པོ་ཞེས་ཀྱང་བསྒྱུར་མྱོང་།  འདིའི་རླུང་ཤུགས་ཀྱིས་ནགས་ཚལ་དང་ཁང་བརྩིགས་སོགས་ཀྱང་འཇོམས་པར་བྱེད།

ཧ་རེ་ཁན་རླུང་འཚུབ་ནི་རྒྱ་མཚོའི་ཆུ་ཚན་གྱི་སྟེང་ནས་བསྐྲུན་པར་བྱེད་ཅིང་། མཚམས་རེར་ས་གཞི་ལ་ཕོག་པར་བྱེད།  རླུང་འཚུབ་ཀྱིས་རྒྱ་མཚོའི་ཆུ་དེད་དེ་མཚོ་འགྲམ་དུ་བསྐྱལ་ནས་ཆུའི་འཕེལ་ཁ་རྒྱས་པར་བྱེད།  དྲག་ཆར་དང་རླུང་འཚུབ་ཀྱི་རྐྱེན་ལ་བརྟེན་ནས་ཆུ་ལོག་ཀྱང་བསྐྲུན་པར་བྱེད་དོ།།

ཧ་རེ་ཁན་རླུང་འཚུབ་བསྐྲུན་པའི་སྐབས་སུ་གནམ་གཤིས་སྔོན་བརྡ་བ་རྣམས་ཀྱིས་རླུང་འཚུབ་དེ་གང་དུ་བསྐྱོད་པའི་ཁ་ཕྱོགས་ལ་སྔོན་དཔག་བྱེད་པ་དང་། རླུང་བུ་དེ་དག་གི་ཤུགས་ཚད་ཅི་ཙམ་ཡོད་མེད་ལ་རྟོག་པར་བྱེད།

ཧ་རེ་ཁན་རླུང་འཚུབ་ལ་རིམ་པ་ལྔ་ཕྱེས་ཡོད་པ་ནི་རླུང་གི་རྒྱུ་བའི་མགྱོགས་ཚད་ལ་གཞི་བཅོལ་ཡོད།  དེ་དག་ལས་རིམ་པ་དང་པོ་ནི་རླུང་གི་རྒྱུ་ཤུགས་ ཆུ་ཚོད་གཅིག་ལ་སྤྱི་ལེ་ ༡༡༩ ནས་ ༡༥༣ བར་ཡིན་པ་ནས་ རིམ་པ་ལྔ་པ་དེ་ནི་ཆུ་ཚོད་གཅིག་ལ་སྤྱི་ལེ་ ༢༥༢ ལས་མང་བ་ཡིན་པ་རེད། ཧ་རེ་ཁན་རླུང་འཚུབ་དེ་ས་གཞིའི་ངོས་ལ་བབ་སྐབས་སྲིད་དུ་ཁྲུ་ ཉི་ཤུ་ཙམ་དང་། ཞེང་དུ་སྤྱི་ལེ་ ༡༦༠ ཙམ་རེ་ཡོང་།

ཚན་རིག་པ་རྣམས་ཀྱིས་རྒྱུ་རྐྱེན་ཅི་ཞིག་གིས་ཧ་རེ་ཁན་རླུང་འཚུབ་བསྐྲུན་གྱི་ཡོད་པའི་སྐོར་ཏག་ཏག་ཅིག་ཤེས་ཀྱི་མེད་མོད། དེའི་མ་ལག་གཉིས་ཡོད་པ་དེ་ཤེས་ཀྱི་ཡོད། མ་ལག་གཅིག་ནི་ཆུ་ཚན་རེད། རྒྱ་མཚོའི་ཆུ་ཚན་གྱིས་ཧ་རེ་ཁན་རླུང་འཚུབ་ཆགས་པའི་ངར་ཤུགས་དེ་སྦྱིན་གྱི་ཡོད། སྤྱིའི་ཆ་ནས་རྒྱ་མཚོའི་ངོས་ཀྱི་དྲོད་ཚད་དེ་ནི་ དྲོད་ཚད་(Celsius) ༢༦ དང་དེ་ལས་མཐོ་བ་ཡིན་དགོས། མ་ལག་གཞན་པ་དེ་ནི་ ནམ་མཁའ་ལ་ཐད་ཀར་ཡར་རྒྱུ་བའི་རླུང་སྟེ། དེའི་རྒྱུ་ཤུགས་དང་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་མེད་པའི་རླུང་དེ་ཡིན།

ཕྱི་ལོ་ ༡༩༥༣ ལོ་ནས་བཟུང་ཨ་རིའི་རྒྱལ་ཡོངས་ཧ་རེ་ཁན་རླུང་འཚུབ་ལྟེ་གནས་ཀྱིས་ལོ་རེའི་རླུང་འཚུབ་རྣམས་ལ་མིང་འདོགས་པའི་མགོ་ཚུགས་ཤིང་། དེ་ནི་དབྱིན་ཡིག་གི་གསལ་བྱེད་རྣམས་ཀྱི་གོ་རིམ་བཞིན་ལོ་རེར་རླུང་འཚུབ་རྣམས་ལ་མིང་རེ་བཏགས་པ་ཞིག་རེད།

༢༠༡༧ ལོར་ཨ་མི་རི་ཀའི་ཁུལ་དུ་ཧ་རེ་ཁན་རླུང་འཚུབ་བྱུང་བའི་ཁྲོད་ཀྱི་གཅིག་ ཨ་རིའི་མངའ་སྡེ་ ཊེག་སེ་སི་[Texas]ལ་ཕོག་པ་དེའི་མིང་ལ་ ཧར་ཝེ་[Harvery]ཞེས་འབོད། རླུང་འཚུབ་འདིས་མངའ་སྡེ་ལ་ཆུ་ལོག་གི་གནོད་པ་དང་། ཁང་པ་ལ་གཏོར་བཅོམ་ཕོག་པ་སོགས་ཕོན་ཆེ་བའི་གྱོང་གུད་ཕོག་པ་དངུལ་འབོར་ལ་བབ་ཚེ་ཨ་སྒོར་དུང་ཕྱུར་ ༡༩༠༠ཙམ་ཡིན་པའི་ཚོད་དཔག་བྱས་འདུག་ལ། མ་ཟད་མི་ ༤༧ གྱི་ཚེ་སྲོག་ཤོར་བར་བཤད། ད་ལྟ་རླུང་འཚུབ་ཧ་རེ་ཁན་ ཨིར་མ་[Irma]ཞེས་འབོད་པ་དེ་ཨ་རིའི་ལྷོ་ཁུལ་གྱི་མངའ་སྡེ་ཧྥི་ལོ་ཪེ་ཌ་[Florida]ཁུལ་དུ་ཕོག་བཞིན་ཡོད།

 

གོང་གསལ་ནི་དྲ་བ་འགའ་ཞིག་ལས་བཏུས་ཏེ་སྒྱུར་སྒྲིག་བྱས་པའོ།།