སྤྱི་ལོ་1991་ལོའི་ཟླ་བ་8་པའི་ཚེས་15ཉིན་ང་རེབ་གོང་ནས་གཅན་ཚར་སོང་།    ཕྱི་ཉིན་བྲག་ཁུང་སྣ་ཁ་ནས་རྐྱལ་གཟིངས་ཐོག་རྨ་ཆུར་བརྒལ།    ཕྱི་དྲོ་བྱ་ཁྱུང་དགོན་པར་བསླེབས།     བྱ་ཁྱུང་དགོན་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ་མཛད།   རྗེ་ཙོང་ཁ་པ་ཆེན་པོ་ཚང་དགུང་ལོ་དྲུག་ནས་བཅུ་དྲུག་བར་འདིར་སློབ་གཉེར་མཛད་དེ་འདི་གའི་གྲྭ་རྒྱུན་ཡིན།    

བྱ་ཁྱུང་དགོན་པར་བྱ་ཁྱུང་གསེར་གདུང་དང་།     ཨ་ར་པ་ཙ་ལྷ་ཁང་།      ཕག་མོའི་ལྷ་ཁང་གསུམ་སྐད་གྲགས་ཆེ།      ཨ་ར་པ་ཙའི་ལྷ་ཁང་ཟེར་བ་ནི་རྗེ་ཙོང་ཁ་པ་བཞུགས་སའི་སྒྲུབ་ཕུག་ལ་ཕྱིས་སུ་ལྷ་ཁང་བཞེངས་པ་དེ་ཡིན།    བྱ་ཁྱུང་གསེར་གདུང་བྱ་བ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་(1309___1385)གྱི་སྐུ་གདུང་ཡིན།   ད་དུང་བྱ་ཁྱུང་དགོན་པའི་རྡོ་རྗེ་ཕག་མོའི་ལྷ་ཁང་ནི་ཨ་མདོ་ན་སྐད་གྲགས་ཆེ་ལ།   སྲི་གཏད་ན་ཚང་མས་འདིར་ཡོང་ནས་སྲི་གཏད་པ་ཡིན་ཕྱིར།       ཨ་མདོ་བ་ཚོའི་མིང་ལ་ཕག་མོ་ཞེས་པའི་མིང་ཅན་མང་པོ་ཡོད་པའི་རྒྱུ་མཚན་དེ་ཡིན་ནོ།།

བླ་མ་རིན་པོ་ཆེ་ཤར་གདོང་ཚང་ནི་བྱ་ཁྱུང་དགོན་པའི་སྤྲུལ་སྐུ་ཞིག་ཡིན་ལ།   མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་པོ་དང་།    པེ་ཅིན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་པོའང་ཡིན།      ཁོང་བཞུགས་སའི་བྱ་ཁྱུང་གི་སྡོད་ཤག་དེ་ས་ཁང་གྲུ་བཞི་མ་ཆུང་ཆུང་ཞིག་རེད།     ས་ཁང་དེའི་བྱང་གི་གྱང་ངོས་སུ་ངས་བྲིས་པའི་སྟོན་སྐུ་ཀེར་བཞེངས་མའི་སྐྱ་རིས་ཤིག་ཡོད་པ་དེ་བཀལ་ཡོད་པ་མཐོང་རྗེས།     ངའི་སེམས་ལ་བརྗོད་པར་དཀའ་བའི་སྤྲོ་སྣང་སྐྱེས།     གཤམ་དུ་བླ་མ་རིན་པོ་ཆེ་དང་ངེད་གཉིས་ཁ་བརྡ་བྱས་པའི་གནས་ཚུལ་སྐོར་ཞིག་ཟིན་བྲིས་སུ་བཏབ་པ་ཡིན་ལ།    ཀ་ནི་བླ་མ་རིན་པོ་ཆེའི་གསུང་ཡིན་ཞིང་།   ཁ་ནི་ང་ཡིན་ལ་དྲི་བ་དྲིས་ལན་བྱས་པའི་གནས་ཚུལ་ཡིན།

      ཡ་དེ་རིང་ཁྱོད་གང་ནས་ཡོང་བ་ཡིན།      

    ང་ཁ་རྩང་རེབ་གོང་ནས་ཡོང་བ་ཡིན་ལགས།    མདང་གཅན་ཚར་བསྡད་དེ་ད་ནངས་བྲག་ཁུང་སྣ་ཁ་ནས་རྨ་ཆུར་བརྒལ་ཏེ་ཡོང་བ་ཡིན།      དེ་སྔོན་རྐྱལ་གཟིངས་ཆུང་ཆུང་ལ་བསྡད་མ་མྱོང་བས་རྨ་ཆུའི་རབ་ཁ་བརྒལ་སྐབས་ཅུང་ཟད་སྐྲག་སྣང་སྐྱེས།

    ད་སྐབས་རེབ་གོང་ཅི་འདྲ་རེད།    གནས་ཚུལ་ཅང་མེད་དམ།    རེབ་གོང་སྐྱབས་མགོན་ཚང་དགུ་པ་ཉེར་གཉིས་ལ་ཁྲི་སྟོན་བྱེད་ཀི་རེད་ཟེར་བ་བདེན་ནམ།

    དེ་འདྲ་ཟེར་ཀིན་འདུག    ངས་གསལ་བོ་ཞིག་མ་ཤེས་ཐལ་ལགས།       བླ་མ་རིན་པོ་ཆེ་ལགས།     ད་ཐེངས་ང་ཡོང་དོན་ནི།

མོག་གྱ་མཁན་སྤྲུལ་གྱིས་མཛད་པའི་༼སྒོ་དམར་གྲུབ་དབང་བློ་བཟང་རྒྱ་མཚོའི་རྟོགས་བརྗོད༽་དང་།     རེབ་གོང་སྐུ་གཞོགས་བློ་བཟང་ལུང་རིགས་རྒྱ་མཚོས་མཛད་པའི་༼གསང་རྣམ་གསོལ་འདེབས་མ༽་དང་།      འཇིགས་མཛད་དཔལ་གྱིས་མཛད་པའི་༼ཤིན་ཏུ་གསང་བའི་རྣམ་ཐར༽་གསུམ་གྱི་དཔེ་ཆ་རྣམས་སུ་ཡིག་ནོར་རེ་འགའ་འདུག་སྙམ་པས་ཞུ་དག་ཅིག་བྱ་རྒྱུ་ཐུགས་ལ་འཛིན་རོགས་ཞུ་ལགས།   

      སྒོ་དམར་གྲུབ་དབང་ཁོང་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་བརྙེས་པའི་སྐྱེས་བུ་ཆེན་པོ་རེད།     ལར་བོད་ལ་ཐུན་མོང་མ་ཡིན་པའི་སྣང་ངོར་ཟུང་འཇུག་བརྙེས་པའི་སྐྱེས་བུ་མང་ནའང་།     ཐུན་མོང་གི་སྣང་ངོར་ཚེ་གཅིག་ལ་ཟུང་འཇུག་གྲུབ་པའི་སྐྱེས་བུ་ནི་དངོས་གནས་མི་ལ་རས་པ་དང་སྒོ་དམར་གྲུབ་དབང་ལྟ་བུ་རེ་གཉིས་ལས་མི་འདུག

སྒོ་དམར་གྲུབ་དབང་ཚང་གི་རྣམ་ཐར་ལ་ཁྱེད་ཅག་དགོན་པའི་བླ་རྒན་ཚོས་ག་རེ་ཤོད་ཀྱིན་འདུག   རྣམ་ཐར་དེ་ང་མ་གཏོགས་གཞན་གང་དུ་ཡོད་ས་མ་རེད།    རེད་ཡ།    མོག་གྱ་མཁན་ཆེན་གྱིས་མཛད་པའི་སྒོ་དམར་གྲུབ་དབང་གི་རྣམ་ཐར་འདི་ང་ལ་གཅན་ཚའི་མི་ཞིག་གིས་བྱིན་པ་ཡིན།       རྣམ་ཐར་རྩོམ་སྟངས་ཧ་ཅང་མཁས་པ་རེད།           མོག་གྱ་ཚང་མཁས་པ་ཆེན་པོ་ཡིན་འདུག         ཁ་བྱང་ལ་རྟོགས་བརྗོད་ཅེས་བྲིས་འདུག་ཀྱང་རྣམ་ཐར་དང་ལམ་གྱི་རིམ་པ་གཉིས་ཀར་གོ་ཆོད་པ་ཞིག་བརྩམས་འདུག      ངས་ལམ་རིམ་ལ་བལྟ་སྐབས་མཚམས་ལ་རེར་རྣམ་ཐར་འདི་ལའང་དམིགས་བསལ་གྱིས་ལྟ་ཀིན་ཡོད།    རྒྱུན་དུའང་རྣམ་ཐར་འདི་ངའི་སྔས་མགོའི་ཀླད་ལ་བཞག་ཡོད།    

ངའི་སེམས་ལ་སྒོ་དམར་གྱི་བྱམས་ཁང་དེ་རེབ་གོང་ན་སྐད་གྲགས་ཆེན་པོ་རེད་ཀྱང་།     བསྟན་པའི་རིན་ཐང་ཐད་ནས་བཤད་ན།    སྒོ་དམར་ལ་མཚོན་ན་རྣམ་ཐར་འདི་ལས་མཛེས་རྒྱན་ཞིག་ཡོད་སྲིད་ཀྱི་མ་རེད།  ཁྱེད་ཅག་དགོན་པའི་བླ་རྒན་ཚོས་ང་ལ་བཀའ་དྲིན་ཞིག་ཀྱང་ཞུ་གི་མེད་དམ།

      བླ་རྒན་སྐོར་ཞིག་གིས་བཀའ་དྲིན་ཆེ་ཞེས་ཀྱང་ཟེར་གིན་འདུག     འོན་ཏེ།     དམིགས་བསལ་ཞིག་ཡིན་སྣང་དྲན་གིན་ཡོད་ས་མ་རེད།     ཡ་མཚན་པ་ཞིག་ལ།   ང་ཚོའི་ཕ་ཡུལ་སྒོ་དམར་དུ།  ཁོང་ལ་མར་ནང་ཨ་ལགས་ཟེར་བ་ལས།     སྒོ་དམར་གྲུབ་དབང་ཟེར་མཁན་ཉུང་ཉུང་རེད་ལགས།   

    དེ་ཡིན་རྒྱུ་རེད།   ཁོང་སྐུ་ཚེ་གང་བོར་རི་ཁྲོད་པའི་ཚུལ་དུ་བཞུགས་པ་རེད།      ཕྱོགས་ཡར་མར་ཕེབས་དུས་ཀྱང་རྒྱབ་ལ་ཁུར་ཤིང་ཁུར་ཞིང་།    ལག་ན་དབྱུག་པ་བཟུང་ནས་ཨ་སྐྱོ་པའི་ཚུལ་དུ་ཕེབས་ཀི་ཡོད་ས་རེད།   ཐེངས་ཤིག་ལ།      ཡབ་རྗེ་གསེར་ཁང་པ་ཆེན་པོས་དཔའ་རིས་མཆོད་རྟེན་ཐང་དུ་དུས་འཁོར་དབང་ཆེན་གྱི་ཁྲོམ་དབང་ཆེན་པོ་ཞིག་གནང་སྐབས།     དེ་གའི་གྲོང་སྟོང་ཞིག་ལ་མི་མ་ཡིན་གདུག་པ་ཅན་ཞིག་གིས་གནས་དེའི་ཡུལ་བ་རྣམས་ལ་མངོན་སུམ་དུ་གནོད་པ་བྱས་པས།     ཡུལ་བ་རྣམས་ཀྱིས་ཡབ་རྗེ་གསེར་ཁང་པ་ཚང་ལ་གནས་ཚུལ་དེ་ཞུས་པས།       ཁོང་གི་ཞལ་ནས།    སྐྱོན་མེད།   སྐྱོན་མེད།      ཉིན་གཉིས་སྒུག་དང་དེ་འདུལ་མཁན་གྱི་གྲུབ་ཆེན་ཞིག་ཕེབས་ཀིན་ཡོད་གསུངས།     དེ་ནས་ཚང་མས་སུ་ཡིན་ནམ་སྙམ་སྟེ་རེ་སྒུག་གི་ངང་ནས་ཉིན་འགར་འདས་པ་ན།     ཉིན་ཞིག་ལ་གྲྭ་བ་གྲྭ་རྐྱང་རྒྱབ་ལ་ཁུར་ཤིང་དང་ལག་ན་དབྱུག་པ་ཐོགས་པ་ཞིག་ཕེབས།        གསེར་ཁང་རིན་ཕོ་ཆེ་བཞུགས་པའི་ཚོགས་གུར་ཆེན་པོའི་འདབ་རོལ་དེར་ཁ་རོག་གེར་བཞུགས།     ཡབ་རྗེ་གསེར་ཁང་པས་ཁྲི་ཐོག་ནས་ཁོང་ཡིན་པ་མཁྱེན་ནས་ཞབས་ཞུ་པ་ལ་བརྡ་བསྟན་ཏེ།      གྲལ་རྔ་ན་བཞུགས་པའི་རི་ཁྲོད་པ་ཉམ་ཆུང་དེ་ཡར་གདན་འདྲེན་གྱིས་གསུངས་པ་བཞིན་ཡར་གདན་དྲངས།    ཁྲི་ཆུང་ཆུང་ཞིག་བརྒྱབ།   དེ་ལ་འབོལ་གདན་རིམ་པ་གསུམ་བརྩེགས་ཀྱི་སྟེང་ལ་ཅིས་ཀྱང་བཞུགས་དགོས་ཞེས་གསུངས་ནན་མཛད་པས་ཁོང་ཡང་བླ་མའི་བཀའ་ལྟར་དེར་བཞུགས།    དེ་ནས་གསེར་ཁང་ཆེན་པོས་འདི་སྒོ་དམར་རི་ཁྲོད་པ་ཞེས་པ་རྣལ་འབྱོར་མས་ཞལ་གཟིགས་དངོས་སུ་བསྟན་ནས་མི་ལ་མིའི་ཚུལ་དུ་ཁ་བརྡ་བྱེད་མཁན་རྟོགས་ལྡན་ཆེན་པོ་དེ་རེད།   སང་ཉིན་ནས་བཟུང་འདི་གའི་ཡུལ་བར་གནོད་པ་སྐྱེལ་གིན་ཡོད་པ་དེ་འདུལ་བར་ཁོང་ཕེབས་ཀྱིན་རེད་གསུངས།   དེ་ནས་མཚན་ཞིག་ལ་ཁོང་གཅིག་པུ་ཕེབས་ནས་དབང་སྡུད་ཟིལ་གནོན་མཛད་དེ་བཏུལ།      དེ་ནས་བཟུང་ཕྱོགས་དེར་གནོད་པ་གང་ཡང་མ་བྱུང་བར་གྲགས།

      ངས་ཐོས་པ་ཡིན་ན།       སྒོ་དམར་རི་ཁྲོད་པ་ཆུང་དུས་ང་ཚོའི་དགོན་པར་བཞུགས་དུས་ཅུང་གྲབ་རྒྱག་ཅིག་ཡིན་པར་བཤད།   སྣ་དོ་ཡང་བཞེས་ཀི་ཡོད་པ་རེད་ཟེར།      

    ཆུང་དུས་ཁོང་ཚང་ཡང་ང་འདྲ་བ་སྣ་དོ་བཞེས་མཁན་ཞིག་ཡིན་འདུག་གོ།

     ལགས་སོ།།    དེ་འདྲ་ཟེར་གིན་འདུག་ལགས།

  རིན་པོ་ཆེ་ལགས།    ཁྱེད་ཚང་གི་མཚན་ལ་ཤར་གདོང་ཞེས་པའི་ནང་དོན་ཅི་ཡིན་ནམ།

   འོ།   དེ་ནི་ངའི་སྐྱེ་བ་སྔོན་མ་ཞིག་ཤར་གདོང་ཞེས་པའི་རི་གདོང་སྣ་དེའི་འདབས་སུ་སྐྱེས་པས་དེ་ལྟར་ཐོགས་པ་རེད།     བྱ་ཁྱུང་ནས་བལྟས་ན་ཤར་ཕྱོགས་ཡིན་པ་དང་།    རི་གདོང་སྣའི་འདབས་སུ་སྐྱེས་པའི་རྒྱུ་མཚན་གྱིས་སོ།།    ཡིན་པ་ནི་ས་མིང་རེད།     སྐུ་གོང་མ་དེས་ཡུལ་དེར་དགོན་པ་ཆུང་ཆུང་ཞིག་ཀྱང་བཏབ་འདུག         མི་རིང་བར་དགོན་པ་ཉམས་སོང་བ་འདྲ།     དེང་སང་ཡང་དགོན་ཤུལ་གྱི་གྱང་ལྷག་སོགས་མཐོང་རྒྱུ་འདུག      

    ལགས་སོ།།     དེས་ན་ཁྱེད་ཚང་གང་དུ་འཁྲུངས་པ་རེད།     

     ང་ད་ལྟའི་ཧྭ་ལུང་རྫོང་ངམ་བ་ཡན་རྫོང་ཁོངས་ཀྱི་གཅན་ཚ་མ་ཎིའི་ཉེ་འདབས།      དགོན་གསར་བྱ་བའི་གྲོང་སྡེ་དེའི་ཁྱིམ་ཚང་དཀྱུས་མ་ཞིང་པ་དབུལ་བོ་ཞིག་ཏུ་སྐྱེས།        ངའི་ཕ་མ་གཉིས་ནི་མི་ཧ་ཅང་གཉོམ་ཆུང་གཉིས་རེད།    ང་ལོ་བཞི་ཡིན་དུས་ཤར་གདོང་ཚང་གི་སྤྲུལ་སྐུ་ཡིན་པའི་ངོས་འཛིན་བྱས་འདུག་ཀྱང་དགུང་ལོ་བརྒྱད་བར་དུ་ཕ་མ་གཉིས་ཀྱིས་བདག་སྐྱོང་བྱས་པ་རེད།      ང་ལོ་བརྒྱད་ཡིན་དུས་ད་གཟོད་བྱ་ཁྱུང་དགོན་པར་གདན་དྲངས་པ་ཡིན་འདུག     སྐུ་གོང་མ་དེ་མཁན་ཆེན་གྱི་གོ་གནས་ཡོད་པ་དེ་འདྲ་ཞིག་ཡིན་ནའང་ཟང་ཟིང་ལ་གཏན་ནས་མི་དགྱེས་པས་དཔལ་འབྱོར་གྱི་འཁོས་ཀ་ཆུང་བར་བརྟེན།       སྤྲུལ་སྐུ་ཚོའི་ཁྲོད་དུ་ངོ་སོ་དེ་འདྲ་མི་ཆེ་ལ།       ཁྲིར་བཞུགས་སྐབས་ཀྱང་མཛད་སྒོའི་མིང་ཙམ་ལས་གང་ཡང་མི་འདུག་སྐད།

     བླ་མ་རིན་པོ་ཆེ་ལགས།     ཁྱེད་ནས་སློབ་གཉེར་ཅི་ལྟར་བྱས་པ་དང་།    དགེ་རྒན་སུ་སུ་བསྟེན་པ་རེད་ལགས།

        ལོ་བརྒྱད་ནས་སུམ་བཅུའི་བར་ཧ་ལམ་ཞིག་བྱ་ཁྱུང་ནས་བསྡད་དེ་བསྡུས་གྲྭ་ནས་བཟུང་སྟེ་དབུ་མའི་བར་དུ་སྦྱངས་པ་གནད་སྨིན་མཛད།        སྐབས་ཤིག་ལ་དགེ་རྒན་རིན་པོ་ཆེ་(མཚན་གསལ་བོར་མ་གསུངས་པས་སུ་ཡིན་ཤེས་མ་སོང་)ཚང་གསེར་ཁང་རི་ཁྲོད་དུ་བཞུགས་པ་ལ།    དེར་སོང་ནས་པྲ་ཏིའི་སུམ་རྟགས་དང་དག་ཡིག་སོགས་སྦྱངས།   དེ་ནས་བཟུང་མིག་ཕྱེ་པ་ལྟར་གཞུང་གི་དཀའ་གནད་བཅས་ལའང་གོ་བ་ཡག་པོ་ཆགས་ཐུབ་པ་བྱུང་།     སུམ་རྟགས་དག་གསུམ་འདི་ཤིན་ཏུ་གལ་ཆེ།     དགེ་བཤེས་ལ་ལས་རིག་གནས་གལ་མི་ཆེ་བར་གསུངས་པ་ནི་དེའི་གནད་མ་མཁྱེན་པའི་སྐད་ཆ་རེད།       མཚམས་ལ་རེར་མར་ནང་ཡབ་སྲས་ཀྱི་མདུན་ནས་སློབ་གཉེར་བྱས།     ཡང་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཀྱང་གསན་སྦྱོང་མཛད་པ་ཡིན།        སྤྱི་ལོ་1957་ལོར།      ཨ་ལགས་ཚང་(ཚེ་ཏན་ཞབས་དྲུང་རིན་པོ་ཆེ)གིས་མཚམས་སྦྱོར་བྱས་ཏེ་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་དུ་སོང་བ་རེད།    

སྤྱི་ལོ་1958་ལོར་མཚོ་སྔོན་ཕྱོགས་ཀྱི་བླ་མ་མང་ཤོས་འཛིན་བཟུང་བྱས་ཚར་འདུག     སྐུ་འབུམ་གྱི་བླ་མ་རྣམས་ཀྱང་བཟུང་ཡོད།      དེ་དུས་རེབ་གོང་སྐུ་གཞོགས་ལ་སྐྱོན་བརྗོད་བྱེད་དགོས་པའི་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས།     བླ་སྤྲུལ་རྣམས་ལ་རེབ་གོང་སྐུ་གཞོགས་ཇི་ལྟར་ཐག་གཅོད་བྱ་དགོས་པའི་ཐད་ལ་བསམ་ཚུལ་བསྡུ་བཞིན་འདུག           ང་ལའང་འབོད་ཀིན་ཡོད་པས་ཚོགས་འདུའི་སར་སོང་བ་ཡིན།       དེ་ནས་སྐུ་འབུམ་གྱི་བླ་ཆེན་ཞིག་གིས།    སྐུ་གཞོགས་ཚང་གསོད་ལ་ཐོངས་ཞེས་བཤད་པ་རེད།      བླ་མ་དེ་ད་ལྟའང་ཡོད་པ་རེད།     དོན་དུ་བླ་མ་དེས་རེབ་གོང་སྐུ་གཞོགས་ཀྱི་མདུན་ནས་དབང་ལུང་བཀའ་ཆོས་གསན་མྱོང་བ་མ་ཟད།       ཁོ་སྤྲུལ་སྐུར་ངོས་འཛིན་གནང་མཁན་ཡང་སྐུ་གཞོགས་ཚང་རེད།    རྩ་བའི་བླ་མ་རེད།    

     སྐུ་འབུམ་གྱི་བླ་མ་དེ་སུ་ཡིན་པ་རེད་ལགས།     ད་ལྟ་བཞུགས་ཡོད་ན་ངས་ཀྱང་ཤེས་སྲིད་ཀྱི་རེད།

    ད་དེ་དག་བཤད་ན་ཕན་ཐོགས་ཡོད་པ་མ་རེད།   མ་གླེང་ན་བཟང་།      བླ་མ་དེ་དེང་སང་བླ་ཐོབ་དཔོན་ཐོབ་གཉིས་ཀ་ཡོད་པ་དང་གོ་སའང་མཐོན་པོ་རེད།         ང་མིན་ཡང་དེའི་གནས་ཚུལ་ཤེས་མཁན་མང་པོ་ཡོད་པ་རེད།           དེ་དུས་ང་ལའང་རེབ་གོང་སྐུ་གཞོགས་ལ་སྐྱོན་བརྗོད་བྱོས་ཟེར།     ངས་རེབ་གོང་སྐུ་གཞོགས་ཟེར་བ་སུ་རེད།      གོ་ཡང་མ་མྱོང་བས་ན་སྐྱོན་ཅི་ཡོད་ངས་ཅི་ལྟར་ཤེས་ཟེར་བ་ན།      དཔོན་པོ་ཞིག་གིས་ཁྱོད་ཀྱི་ལྟ་ཚུལ་ཡག་པོ་མ་རེད།      རྣམ་འགྱུར་དྲང་མོ་མི་འདུག    རྗེས་མར་རང་གི་སྐྱོན་ཆ་གང་ན་ཡོད་པ་ངེས་ཟིན་ཐོབ་དགོས་ཞེས་སྐྱོན་བརྗོད་བྱས་སོང་།      

      འོ་ན།     ཁྱེད་ཚང་གིས་དེ་དུས་རེབ་གོང་སྐུ་གཞོགས་ཚང་ལ་དངོས་གནས་མཇལ་མྱོང་མེད་པ་ཨེ་རེད་ལགས།

      མ་རེད།    མ་རེད།      ངས་རེབ་གོང་སྐུ་གཞོགས་ལོས་ཤེས།   ངའི་ཚེ་འདིའི་དབང་གི་ཐོག་མའང་ཁོང་གི་མདུན་ནས་ཐོབ་པ་ཡིན།     ཚེ་དབང་ཐོབ་པ་ཡིན།      ཁོང་ནི་ངའི་བླ་མ་རེད།         དེ་དུས་མི་སྐོར་ཞིག་ལ་བླ་མ་ཡིན་མ་ཡིན་ཡང་མེད།       དགེ་བཤེས་ཡིན་མ་ཡིན་ཡང་མེད།      བླ་ཆེན་ཚོས་ང་མིན་སློབ་མ་ཡིན་ཟེར་བ་དང་།     སློབ་མ་ཚོས་ང་མིན་བླ་མ་ཡིན་ཟེར་མཁན་མང་པོ་ཡོད།       གྲོང་གི་སྐྱ་བོའི་ནང་ནས་སངས་རྒྱས་ཀྱི་བསྟན་པ་ཨེ་ཡོད་ཅེས་སྐེ་ལ་གྲི་བཞག་ནའང་ཡོད་ཟེར་མཁན་དཔའ་པོའང་ཡོད།      བླ་སྤྲུལ་ཚོའི་ཁྲོད་ནས་སངས་རྒྱས་བསྟན་པ་ཟེར་བ་ཞིག་ཡོད་ནི་མ་རེད།      སྟོན་པ་ཤཱཀྱ་ཐུབ་པ་ཟེར་བ་དེ་ཤོབ་རྐྱལ་ཞིག་ཡིན་པ་རེད་ཅེས་བཤད་མཁན་ཡང་ཉུང་ཉུང་མ་རེད།       དུས་སྐབས་དེ་འདྲར་བྱུང་ན།    ད་གཟོད་མིའི་བཟང་ངན་ཤེས་ཐུབ་ལ།    དཔའ་པོ་དང་།     བྱང་ཆུབ་སེམས་དཔའ་ཟེར་བའང་གང་ན་ཡོད་པ་ཤེས་ཐུབ་ཀི་རེད།     

     ལགས་སོ།།     དེ་དུས་བླ་མ་རིན་པོ་ཆེ་ཡང་དཀའ་ལས་ཚད་མེད་མྱངས་ཡོད་སྲིད་ཀྱི་རེད།      

    ང་དེ་འདྲའི་དཀའ་ལས་མང་པོ་མ་མྱོང་ཐལ།     གཙོ་བོ་ང་ལོ་ན་ཆུང་བའི་རྐྱེན་གྱིས་རེད།      ཉིན་ཞིག་ལ།    གསེར་གདུང་གཏོར་ནས་ཞིག་གིན་འདུག       ང་ཚོ་བྱ་ཁྱུང་གི་བླ་མ་གཞན་པའང་ཡོད་པ་རེད།     བླ་མ་ཚོ་གསེར་གདུང་ཞིག་པའི་མདུན་ནས་ལྟད་མོ་བལྟ་རུ་བཅུག་པ་རེད།     གསེར་གདུང་ཞིག་པའི་གསེང་ཞིག་ནས་བདུད་རྩི་ཐོད་པ་གང་འདྲ་ཞིག་མཐོང་བྱུང་།       ངས་མཐོང་མ་ཐག་འཕྲལ་དུ་རྩར་རྒྱུགས་ཏེ་བདུད་རྩི་དེ་ཧུབ་ཐེངས་གཅིག་གིས་བཏུང་བ་ཡིན།     འགོ་བ་ཞིག་གིས་ཁྱོད་ཅི་བྱེད་ཀི་ཡོད་ཅེས་བཀྱོན་ཀིན་འདུག།        ངས་སྐོམ་དྲགས་ནས་སྐོམ་ཆུ་འཐུང་བ་ཡིན་ཟེར་བ་ན།       འགོ་བ་དེ་ཡང་ཅང་མི་བཤད་ཀི       དེ་དུས་སྤྲུལ་སྐུ་གཞན་ཞིག་གིས་བདུད་རྩི་ཚང་མ་ཁྱོད་འཐུང་ནས་ང་ཚོ་ལ་ཅུང་ཟད་ཀྱང་ལྷག་ཏུ་མ་བཅུག་ཅེས་ང་ལ་འཁང་རའང་བྱེད་ཀིན་འདུག    འོ་དེ་འདྲ་རེད།      ཁྱོད་རང་ད་རུང་ཅི་ཡང་མཐོང་ཡོད་སྲིད་ཀྱི་མ་རེད།    དུས་སྐབས་དེ་འདྲར་ཐུག་དུས་བུ་ངར་དགོས།      དཔེ་ཆ་ཤེས་མ་ཤེས་མེད།        གཙོ་བོ་སྤོབས་པ་ཡོད་དགོས།     བདེན་པ་སྐྱོང་བ་ལ་དཔའ་དགོས་ཞུམ་མི་ཉན།        

རིག་གསར་གྱི་སྐབས་སུ།    ང་ལའང་གསར་བརྗེ་ངོ་ལོག་པའི་ཞྭ་མོ་གཡོགས་སོང་།      ཕ་ཡུལ་དུ་ཁྲིད་དེ་ངལ་རྩོལ་བསྒྱུར་བཀོད་བྱེད་དུ་བཅུག     སླེ་བོ་ཁུར་ནས་ཉིན་མཚན་གཉིས་ཀ་ངལ་རྩོལ་བྱེད་དགོས་བྱུང་།      སྐབས་ཤིག་ལ།     བྱ་ཁྱུང་དགོན་པར་ཁྲིད་དེ་ཉིན་མཚན་བདུན་ལ་འཐབ་རྩོད་བྱས།      དེ་ནས་ཕ་ཡུལ་གྱི་མང་ཚོགས་རྣམས་ང་སྡུག་བསྔལ་མི་མྱོང་བའི་ཆེད་དུ།      སྡོང་ར་སྲུང་མཁན་དུ་བསྐོས།     ང་ལ་དད་པའི་མི་སྐྱ་རེ་གཉིས་ཀྱིས་མཚན་མོར་ཁ་རོག་གེར་རྩམ་པ་སོགས་སྐྱེལ་འོང་མཁན་ཡང་འདུག    དེ་འདྲ་རེད།

     ད་ལྟ་ལྷ་སའི་ཕྱོགས་སུ་བདེ་འཇགས་ཡིན་པའི་སྐད་ཆ་རེ་གོ་ཨེ་བྱུང་།    

     ཁེ་ཉིན་ཞིག་ལ།     གླུ་མ་ཟླ་སྒྲོན་གྱི་རྒད་པོ་སོགས་མི་རེ་གཉིས་བཟུང་འདུག་ཅེས་བཤད་ཀྱིན་འདུག     གསལ་བོར་ཞིག་ཤེས་མ་སོང་ལགས།

      ཟླ་སྒྲོན་ཟེར་བ་སུ་རེད།      

      དེ་ལྷ་སའི་ཕྱོགས་ཀྱི་གླུ་མ་གྲགས་ཅན་ཞིག་རེད།       མོའི་གླུ་ཚིག་སྐོར་ཞིག་ཡིད་བཞིན་ནོར་བུ་དང་འབྲེལ་བ་ཡོད་པར་བཤད།      ད་ལྟ་མོའི་གླུ་དབྱངས་མང་ཤོས་ལེན་མི་ཆོག་པ་རེད་ཟེར།

   འོ་ལེ།  བོད་འདི་ལས་ངན་རེད།      མང་ཚོགས་རྣམས་སྙིང་མ་རྗེ།       སྔོན་ང་པེ་ཅིང་ན་ཡོད་དུས།     ལྷ་སར་དོན་རྐྱེན་བྱུང་སོང་།       དེ་ནས་ཉིན་ཞིག་ལ།    གློ་བུར་དུ་ཙུང་ལིས་འབོད་ཀིན་འདུག་ཅེས་ཚོགས་འདུ་ཞིག་འཚོགས་སོང་།    ཚོགས་འདུ་དེར་པེ་ཅིང་ནས་པཎ་ཆེན་རིན་པོ་ཆེ་དང་།    ང་ཕོད།     ཕུན་ཚོགས་དབང་རྒྱལ་སོགས་འདུག    ཀན་སུའུ་ནས་འཇམ་དབྱངས་བཞད་པ་དང་།    ཨ་པ་ཨ་བློ་སོགས་དང་།     མཚོ་སྔོན་ནས་ང་སོགས་ཅིས་ཀྱང་ཞུགས་དགོས་ཞེས་པ་ལྟར་སོང་བ་ཡིན།      ཙུང་ལིས་ལིས་ཕིན་གྱིས་ཚོགས་འདུའི་སྟེང་ཁ་སང་ལྷ་སར་ཟིང་འཁྲུག་ལངས་འདུག       དོན་དག་དེ་ཇི་ལྟར་ཐག་གཅོད་བྱ་དགོས་པའི་ཐད་ནས་ཁྱེད་ཅག་གི་བསམ་ཚུལ་བསྡུ་ལེན་བྱ་རྒྱུ་ཡིན་ཞེས་བཤད་སོང་།     ཐད་ཀར་བལྟས་ན།       ཅུང་ཛ་དྲག་ཡིན་པའི་རྣམ་འགྱུར་སྟོན་གིན་ཡོད་པ་མངོན་སུམ་རེད།      དེ་ནས་ཅང་མ་འགོར་བར།     ཨ་པ་ཨ་བློ་ཚང་གིས་ཚམ་ཚོམ་ཅི་ཡང་མེད་པར།     འོ།    དེ་འདྲའི་གཏོར་བརླག་བྱེད་མཁན་ཡོད་ན་དེའི་རིགས་རྩ་མེད་དུ་གཏོང་དགོས་ཞེས་བཤད་སོང་།    དེ་ནས་སྐད་ཆ་དེར་རིན་ཐང་ཡོད་ཀྱི་མ་རེད་བསམ་པ་ཨེ་ཡིན།       མགྱོགས་པ་ཡི་གེའི་ལམ་ནས་བསམ་ཚུལ་བྲིས་ཏེ་ཁྱེར་ཡོང་ཞེས་ནན་ཏན་གྱིས་བཤད་སོང་།      དེ་ནས་གོང་གི་སྐད་ཆ་དེར་པཎ་ཆེན་རིན་པོ་ཆེས་ཅུང་ཐུགས་མ་དགྱེས་པའི་རྣམ་འགྱུར་བསྟན་སོང།      ཁོང་གིས་ཕྱི་ནས་བལྟས་ན་ཟིང་འཁྲུག་འདྲ་ཞིག་ཡིན་ནའང།   དོན་དུ་ཟིང་འཁྲུག་མ་རེད།     ཡུན་རིང་བཟོད་སྒོམ་བྱས་བྱས་ནས་མཐར་མ་ཆགས་པ་དེ་འདྲ་ཞིག་རེད།     བོད་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་དད་མོས་ལ་བརྩི་བཀུར་མ་བྱས་པའི་མཇུག་འབྲས་ཤིག་རེད་ཅེས་སྐད་གསེང་མཐོན་པོས་གསུངས་སོང་།    དེའི་རྗེས་སུ་ང་ཕོད་ཀྱིས་གསུངས་བྱུང་།    ནང་དོན་ནི་རྒྱ་བོད་གཉིས་ཀ་ལ་མི་གནོད་པར་བར་མ་བར་གྱི་སྐད་ཆ་རིང་བོ་ཞིག་བཤད་ནས་མཇུག་རྫོགས་ཐལ།     དེ་ནས་ཕུན་ཚོགས་དབང་རྒྱལ་གྱིས་བཤད་སོང་།      ད་ཅི་པཎ་ཆེན་རིན་པོ་ཆེས་གསུངས་པ་དེ་ཐུགས་ཧ་ཅང་མད་དེ།     ཏང་གི་རྩ་ཁྲིམས་དང་སྲིད་བྱུས་ཀྱི་ལག་བསྟར་དང་འབྲེལ་ནས་བཤད་ན་བོད་ཡུལ་དུ་ད་དུང་གནད་དོན་མང་པོ་ལྷག་ཡོད་ཚུལ་དང་།     དེའི་མཇུག་འབྲས་པཎ་ཆེན་རིན་པོ་ཆེས་གསུངས་པ་ལྟར་ཡིན་ཚུལ་གྱི་སྐད་ཆ་བཤད་སོང་།       དེ་ནས་ང་ཚོ་རེ་རེ་ནས་པཎ་ཆེན་རིན་པོ་ཆེའི་གསུང་ལྟར་ཡིན་ཚུལ་དང་།      དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་སྐོར་བཤད་དེ་ཅུང་ཛ་དྲག་གི་ངང་ནས་ཚོགས་འདུ་གྲོལ་སོང་།        འོ་དེ་རེད།      ཉིན་དེར་པཎ་ཆེན་རིན་པོ་ཆེས་ཨ་པ་ཨ་བློའི་སྐད་ཆ་ལ་རྩ་བ་ནས་ཐུགས་མ་དགྱེས།      བླ་མ་གཞན་ཞིག་གིས་ཨ་ཕ་ཨ་བློ་གསང་བདག་གི་སྤྲུལ་པ་ཡིན་ཟེར་གིན་ཡོད་པ་རེད།        ད་དེ་རིང་གི་སྐད་ཆར་བལྟས་ན་གསང་བདག་ཧ་ལམ་གོ་ཡང་མ་མྱོང་བ་ཞིག་རེད་འདོད་ཅེས་ཟུར་ཟ་གནང་གིན་འདུག་ཟེར།   

   ལགས་སོ།།     སྒོ་དམར་གྲུབ་དབང་ཚང་གི་དངོས་སློབ་ཁྲོད་ན།     བདེ་ཡངས་ཞབས་དྲུང་ཚང་ཟེར་བ་དེ་བྱ་ཁྱུང་གི་བླ་མ་ཨེ་རེད་ལགས།

  རེད།      བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུ་ཚང་ཡིན་ནི་རེད།      ཁོང་རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་རེད།    ཞྭ་དམར་པཎྚི་ཏ་དང་ཁོང་གཉིས་ཀྱི་མདུན་ནས་རྒྱལ་དབང་བཅུ་གསུམ་པས་བཀའ་ཆོས་མང་པོ་གསན་པ་སོ་སོའི་རྣམ་ཐར་དུ་གསལ་ལོ།།     

    རྒྱལ་དབང་བཅུ་གསུམ་པ་བྱ་ཁྱུང་དུ་ཕེབས་མྱོང་བ་ཨེ་རེད་ལགས།     

      ཕེབས་མྱོང་བ་རེད།      གསང་སྟབས་ཀྱིས་ཕེབས་འོངས་པ་རེད།       ཅི་ཞིག་ལ་གསང་སྟབས་ཀྱིས་ཕེབས་འོངས་དགོས་པ་རེད་ཅེ་ན།      དེ་ལ་གནས་ཚུལ་རྙོག་དྲ་ཞེ་དྲག་ཡོད་པ་ཞིག་རེད།       རྒྱལ་དབང་བཅུ་གསུམ་པ་ལྷ་སར་བཞུགས་དུས་དབྱིན་ཇིས་བཙན་འཛུལ་བྱས་པས་ཁོང་བྲོས་བྱོལ་དུ་ཕེབས་དགོས་པ་ཐུག་འདུག       དང་ཐོག་སོག་པོར་བརྒྱུད་དེ་ཨུ་རུ་སིའི་རྒྱལ་པོ་ཧྲ་ཧོང་གོང་མར་ཐུག་ཡོད་དམ་སྙམ།      ཧྲ་ཧོང་གོང་མས་ཁ་ནས་ཡག་པོ་རྐྱང་རྐྱང་བཤད།       དོན་དུ་རོགས་རམ་ཅི་ཡང་གནང་མི་འདུག        དོན་དངོས་དབྱིན་ཇི་དང་ཧྲ་ཧོང་གོང་མས་སྔོན་ཞིག་ནས་ལྐོག་ཏུ་ཕན་ཚུན་ལ་ཐེ་གཏོགས་མི་བྱེད་པའི་གན་རྒྱ་བཞག་ཡོད་ས་རེད།     སོག་པོ་དང་བོད་ཀྱིས་གནས་ཚུལ་དེ་ཤེས་ཡོད་ས་མ་རེད།        དེ་ནས་རྒྱལ་དབང་བཅུ་གསུམ་པས་བློ་ཕམ་འདྲ་སྐྱེས་ནས་སོག་ཡུལ་དུ་བཞུགས་པ་ལ་ཧལ་ཧ་རྗེ་བཙུན་དམ་པས་ཕྲག་དོག་བྱས་ཏེ་བཞུགས་དཀའ་བའི་གནས་ཚུལ་བྱུང་བར་བརྟེན་ནང་ལོག་ཏུ་ཕེབས་པ་ཨེ་ཡིན།    ནམ་ཞིག་ལ་ཕེབས་པ་གསལ་བོར་ཤེས་མ་སོང་།       ཁོང་པེ་ཅིང་དུ་ཕེབས་དུས་ཚི་ཤིས་ཐེ་ཧུག་གིས་རྒྱལ་དབང་ཚང་ལ་ཞེ་དྲག་མཐོང་ཆུང་བྱས་འདུག       ཧ་ལམ་བཟང་བཙོན་གྱི་ཚུལ་དུ་བཞུགས་པ་ཡིན་ཐག་རེད།      རྒྱལ་དབང་བཅུ་གསུམ་པས་མི་འདོད་ནའང་ཙི་ཤིས་ཐེ་ཧུག་ལ་ཕྱག་འཚལ་དགོས་པ་སོགས་བརྙས་བཅོས་ཚད་མེད་བྱས་པས།        ག་ཤེད་ཅིག་ལ་རྒྱལ་དབང་བཅུ་གསུམ་པས་ཐར་ཐབས་ཙམ་བྱས་ནས་བྲོས་འོངས་པ་རེད་འདུག       གནས་ཚུལ་དེ་ཚི་ཤིས་ཐེ་ཧུག་གིས་ཤེས་རྗེས་འཕྲལ་དུ་མན་ཇི་སྲིད་གཞུང་གིས་ད་ནས་བཟུང་རྒྱལ་དབང་བཅུ་གསུམ་པའི་མཚན་གནས་”ཏཱ་ལའི་བླ་མ་”ཞེས་པའི་གོ་ས་བླངས་ཟིན་པ་ཡིན་ཞེས་ཕྱོགས་སུ་བསྒྲགས་པ་རེད།      ཡིན་ནའང་།      བོད་དང་སོག་པོའི་ཡུལ་དུ་མན་ཇུ་སྲིད་གཞུང་གིས་བསྒྲགས་པའི་བཀའ་ཡིག་ལྟར་ངོས་ལེན་བྱེད་མཁན་གཅིག་ཀྱང་བྱུང་མི་འདུག     དང་ཐོག་མན་ཇུ་སྲིད་གཞུང་གི་སེམས་ལ།     མན་ཇུ་སྲིད་གཞུང་གིས་མངའ་འོག་གི་བློན་ཆེན་དང་།     དཔོན་ཆེན་ཚོའི་གོ་གནས་ལེན་པ་གནང་བཞིན་གསལ་བསྒྲགས་བྱས་ཚར་རྗེས་རྒྱལ་དབང་བཅུ་གསུམ་པ་ལའང་ཐོབ་ཐང་གང་ཡང་ཡོད་རྒྱུ་མ་རེད་བསམ་ཡོད་ས་རེད།      ཕྱིས་སུ་བཀའ་ཡིག་དེས་རྒྱལ་དབང་བཅུ་གསུམ་པ་ལ་ཐེ་གཏོགས་གང་ཡང་ཐོན་གྱིན་མེད་པ་ཤེས་རྗེས།     མན་ཇུ་སྲིད་གཞུང་གིས་ཡང་བསྐྱར་རྒྱལ་དབང་བཅུ་གསུམ་པ་ལྐོག་ནས་བགྲོང་རྒྱུའི་ལས་གཞི་ཞིག་ཆེད་དུ་རྩ་འཛུགས་བྱས།         ལས་གཞི་དེ་འགན་ཁུར་མཁན་གཙོ་བོ་ནི།    ཟི་ལིང་ཨམ་བྷན་དང་སྐུ་འབུམ་གྱི་བླ་མ་གཉིས་རེད་འདུག     ༼འདིར་བླ་མ་དེའི་མཚན་མི་བཤད་པ་ཡིན།     ཡིན་ནའང་།    བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུའི་གསང་རྣམ་དུ་བླ་མ་དེའི་མཚན་གསལ་བོར་འཁོད་ཡོད་པར་བཤད་དོ།༽        རྒྱལ་དབང་བཅུ་གསུམ་པ་སྐུ་འབུམ་དུ་བཞུགས་སྐབས་མཚན་ཞིག་ལ་གློ་བུར་དུ་སྐུ་འབུམ་དགོན་པའི་སྐོར་ལམ་ཡོངས་རྫོགས་དམག་གིས་བསྐོར་བའི་གནས་ཚུལ་བྱུང་བས།       རྒྱལ་དབང་བཅུ་གསུམ་པ་གཙོས་དྲུང་འཁོར་དང་བླ་སྤྲུལ་སོགས་ཀྱིས་འཇིགས་སྣང་ཆེན་པོ་སྐྱེས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར།        དེ་ནས་རྒྱལ་དབང་ཚང་གིས་བླ་མ་རྣམས་ལ་ད་ནི་དངོས་གནས་མཐུ་སྟོབས་དང་ནུས་པ་ཅན་ཡོད་ན་བཀོལ་རན་རེད་གསུངས་པས།      ཚང་མས་ཁ་གྲག་རྒྱུ་མེད་པར་ཁ་རོག་གེར་བཞུགས་པ་ལ།    བདེ་ཡངས་བློ་བཟང་བསྟན་འཛིན་ནོར་བུས་ཡར་བཞེངས་ཏེ།         འདི་བཟློག་པ་ལ་དེ་འདྲའི་དཀའ་བ་མིན་གསུངས་ནས་གཏོར་མ་མཐོ་གང་བཟོས་ནས་དམིགས་སྒོམ་དང་བཅས་འཕངས་པ་ན།       གང་མཚམས་ཤིག་ནས་དགོན་པའི་ཕྱི་སྐོར་ནས་དམག་མི་མང་པོས་འུར་ལངས་པ་བྱུང་།       མཚམས་ཤིག་ལ་ཅི་ཡིན་འདི་ཡིན་མེད་པར་སྐུ་འབུམ་གྱི་བླ་མ་དམག་དཔོན་དེ་བཀྲོངས་སོང་ཞེས་ཚང་མས་སྐད་བརྒྱབ་པ་ཐོས།    དེའི་བར་ནས་རྒྱལ་དབང་བཅུ་གསུམ་པ་སྐུ་འཁོར་ཉུང་ཤོས་ཤིག་ཕྱི་ལོག་ལ་ཐར་ཙམ་བྱས།     དེ་ནས་གསང་སྟབས་ཀྱིས་བྱ་ཁྱུང་དུ་མཚན་བརྒྱབ་ནས་ཕེབས་འོངས་པ་རེད་ཟེར།       

      ལགས་སོ།།         དེས་ན་སྐུ་འབུམ་གྱི་བླ་མ་དམག་དཔོན་དེ་བདེ་ཡངས་ཚང་གིས་བསྒྲལ་སོང་བ་ཨེ་རེད།     

     བཤད་ཚུལ་ལ་བདེ་ཡངས་ཚང་གིས་བསྒྲལ་བར་བཤད།        ལ་ལས་དེའི་དགོང་མོ་བོད་ཀྱི་དམག་དཔོན་ཞིག་ཡོད་པ་དེས་གནས་ཚུལ་ངོ་མ་ཤེས་ནས་ལྐོག་ཏུ་བགྲོངས་པ་རེད་ཅེས་ཟེར།      ཡང་སྐོར་ཞིག་གིས་བླ་མ་དམག་དཔོན་དེའི་ཞབས་ཕྱི་པ་ཞིག་གིས་བགྲོངས་ཀྱང་ཟེར།        གང་ལྟར་དགོང་མོ་དེ་གནས་ཚུལ་དེ་འདྲ་ཞིག་གི་ངང་ནས་རྒྱལ་དབང་བཅུ་གསུམ་པ་སྲོག་ཉེན་ལས་ཐར་ཐུབ་པ་བྱུང་འདུག

    དེའི་རྗེས་སུ་བྱ་ཁྱུང་དགོན་ལ་ཉེན་ཁ་འདྲ་བྱུང་མེད་པ་ཨེ་རེད་ལགས།

  བྱུང་ཡོད་པ་མ་རེད།      བྱ་ཁྱུང་དགོན་པ་སྔ་མོ་ནས་བྱ་ཉུང་དོན་ཉུང་རེད།     ལོ་རྒྱུས་ཐོག་ཆབ་སྲིད་དང་འབྲེལ་བ་བྱུང་བ་རྒྱལ་དབང་བཅུ་གསུམ་པའི་དོན་རྐྱེན་དེ་གཅིག་པུ་ཡིན་འདུག      སྔོན་དམག་དཔོན་ཉན་གོང་ཡོ་ཡིས་བྱང་གི་དགོན་ཆེན་བཞི་རྣམས་སྲེག་བཅོམ་བྱེད་དུས་ཀྱང་བྱ་ཁྱུང་དགོན་ལ་དོན་དག་གང་ཡང་བྱུང་ཡོད་ས་མ་རེད།    

   བླ་མ་རིན་པོ་ཆེ་ལགས།     སྔོན་ཆད་མཱ་པོའུ་ཧྥང་གིས་སྐུ་འབུམ་དགོན་པའི་བླ་ཆེན་ཞིག་གི་དབུ་བླངས་པ་རེད་ཟེར་བ་དེ་སུ་ཡིན་པ་རེད།      

      དེ་སྐུ་འབུམ་དགོན་པའི་བླ་མ་མ་རེད།     འོ།     རེད་རེད།      ཡིན་པ་ནི་ལ་མོ་བདེ་ཆེན་དགོན་པའི་བླ་མ་རེད།      ཁྲི་ཆེན་བློ་གྲོས་རྒྱ་མཚོའི་སྤྲུལ་སྐུ་ཡོངས་གྲགས་སུ་གསེར་ཁྲི་སྤྲུལ་སྐུ་བྱ་བ་དེ་རེད།      མཱ་པོའུ་ཧྥང་གིས་ནམ་རྒྱུན་ཨ་མདོའི་དགོན་པ་དང་ཡུལ་བ་རྣམས་ལ་འཕྲོག་བཅོམ་བྱས་པ་མ་བཟོད་ནས་ནན་ཅིང་སྲིད་གཞུང་ལ་གཏུག་བཤེར་བྱེད་དུ་ཕེབས་པ་ཡིན་འདུག         མཱ་པོའུ་ཧྥང་གིས་གནས་ཚུལ་དེ་ཤེས་རྗེས་སྐུ་འབུམ་གྱི་གྲྭ་བ་ཡིན་པའི་བརྩོན་འགྲུས་ཞ་ར་ཟེར་བ་དེ་གསང་མྱུལ་དུ་མངགས་པ་རེད།     དེས་གསེར་ཁྲི་ཚང་གིས་ནན་ཅིང་དུ་མི་སུ་ལ་ཐུག་པ་དང་།    དོན་དག་ག་རེ་སྒྲུབ་ཀིན་ཡོད་མེད་རེ་རེ་ནས་མཱ་པོའུ་ཧྥང་ལ་སྐད་འཕྲིན་མངགས་ཡོད་འདུག        གསེར་ཁྲི་ཚང་ཕྱིར་ཕ་ཡུལ་དུ་ལོག་སྐབས།     མཱ་པོའུ་ཧྤང་གིས་ལྐོག་གསོད་དམག་མི་མངགས་ཏེ་ལམ་ཁར་སྒུག་ཏུ་བཅུག       ཀན་སུའུ་དང་ཧྲན་ཞིས་ས་ཆའི་ས་མཚམས་ཤིག་ལ།     གསེར་ཁྲི་སྤྲུལ་སྐུ་དང་།    ཞབས་ཕྱི་པ་རེ་གཉིས་དང་བཅས་ཉུང་ཤོས་ཤིག་ལྷ་ཁང་སྟོང་པ་ཞིག་ཡོད་པ་དེའི་ར་སྐོར་ནང་གཟིམ་བཞུགས་གནང་བ་དང་།     སྲུང་དམག་རྣམས་དེ་དང་ཅུང་ཐག་རིང་གི་སར་དམག་སྒར་བརྒྱབ་སྟེ་བསྡད་ཡོད་པའི་གནས་ཚུལ་མཱ་པོའུ་ཧྤང་གིས་མངགས་འོངས་པའི་ལྐོག་གསོད་དམག་མི་རྣམས་ཀྱིས་རྩད་གཅོད་བྱས་ནས་ཤེས་རྗེས་མཚན་མོ་གསོད་དུ་འོངས།     ཞབས་ཕྱི་པ་ཚོས་བྲོས་པའི་ཤུལ་ཏུ་གསེར་ཁྲི་ཚང་གི་དབུ་བཅད་དེ་བགྲོངས།    ཞབས་ཕྱི་པ་ཚོས་སྐད་འབོད་བརྒྱབ་ནས་སྲུང་དམག་རྣམས་རྩར་ཐོན་དུས་གསེར་ཁྲི་ཚང་གི་དབུ་བླངས་ནས་ཁྱེར་ཟིན།      དེ་དུས་གསེར་ཁྲི་ཚང་ཧ་ལམ་དགུང་ལོ་ཉི་ཤུ་ལྷག་ཡིན་འདུག      སུམ་ཅུལའང་ཐོན་ཡོད་ས་མ་རེད།         ཞབས་ཕྱི་པ་ཚོས་ཅི་ཡིན་འདི་ཡིན་མ་ཤེས་ཏེ།     བླ་མ་རིན་པོ་ཆེ་ཕ་ཡུལ་དུ་ཕེབས་པའི་ལམ་བར་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་གཤེགས་པ་ལྟར་བློ་བུར་དུ་སྐུ་གཤེགས་སོང་ཞེས་ཕ་ཡུལ་ཕྱོགས་སུ་ཡིག་འཕྲིན་མངགས་པས།        ཕ་ཡུལ་གྱི་མི་ཚོས་གནས་ཚུལ་དངོས་ཅི་ཡིན་མ་ཤེས་པས་དམིགས་བསལ་གྱི་སེམས་སྡུག་དང་མྱ་ངན་གང་ཡང་བྱས་མི་འདུག         གསེར་ཁྲིའི་དབུ་དེ་དམག་དཔོན་ཞིག་མཱ་པོའུ་ཧྤང་གི་རྩར་ཁྱེར་འོངས་ནས་བརྩོན་འགྲུས་ཞ་ར་ལ་ངོས་འཛིན་བྱེད་དུ་བཅུག     དེ་ནས་མཱ་པོའུ་ཧྥང་གིས་གསང་བ་བརྟོལ་བར་སྐྲགས་ནས་ཁོས་མངགས་པའི་དམག་མི་ཚང་མ་ཆབས་ཅིག་ཏུ་བསད།     དེའི་གྲས་ནས་དམག་དཔོན་ཞིག་རང་ཉིད་ཀྱི་གསོད་རྩིས་ཡོད་པ་ཤེས་ནས་བྲོས་པས་ཐར།    དེས་ཕྱིས་སུ་གནས་ཚུལ་ངོ་མ་བོད་ཀྱི་བླ་མ་ཞིག་ལ་བཤད་རྗེས་ད་གཟོད་དོན་དག་ངོ་མ་དེ་གསལ་རྟོགས་བྱུང་བ་རེད་སྐད།   མཱ་པོའུ་ཧྥང་གིས་གསེར་ཁྲི་ཚང་བགྲོངས་རྗེས་ནན་ཅིན་སྲིད་གཞུང་ལ་མི་མངགས་ཏེ།     ང་ཚོའི་མཚོ་སྔོན་ལ་མི་རླབས་ཆེན་གཅིག་ཡོད་པ་དེ་ཁྱེད་ཅག་གིས་སྲུང་སྐྱོབ་མ་བྱས་པར་ལམ་ཁར་གསོད་དུ་བཅུག་སོང་བས།      ངས་བོད་ཀྱི་བླ་མ་དེའི་ལྷ་སྡེ་ལ་དངུལ་ཚབ་སྤྲོད་དགོས་པས།     ང་ལ་དངུལ་སྐྱིན་དགོས་ཞེས་སྲིད་གཞུང་གི་ལག་ནས་དངུལ་མང་པོ་བླངས་པ་རེད་ཟེར།

    མཱ་པོའུ་ཧྥང་དེ་མི་དེ་འདྲའི་སྡིག་ཅན་ཞིག་ཡིན་འདུག་ཨང་།       

   མཱ་པོའུ་ཧྥང་ཁོ་ཆབ་སྲིད་པ་རེད།     གཡོ་སྒྱུ་ཚ་པོ་ལྡན་པ་དེ་འདྲ་ཞིག་ཡིན་ནི་རེད།      སྔོན་ང་ཚོའི་བྱ་ཁྱུང་དགོན་པའི་ལྷ་སྡེ་ཡིན་པའི་ཁྱིམ་ཚང་རྒན་རྒོན་གཉིས་ཡོད་པ་ལ།    ཁྱིམ་མཚེས་སུ་ཧེས་ཁྱིམ་ཞིག་ཡོད་པ་རེད།    ཧེས་ཁྱིམ་ཚང་གི་ཟོག་ལུག་གིས་ཁྱིམ་མཚེས་རྒན་རྒོན་གཉིས་ཀྱི་ཞིང་ཟོས་པ་ལ།      རྒན་རྒོན་གཉིས་ཀྱིས་སྐྱིན་ཚབ་སྤྲད་དགོས་ཞེས་གྱོད་རྒྱག་པ་རེད།     ཧེས་ཧེས་ཁྱིམ་ཚང་གིས་སྐྱིན་ཚབ་གང་ཡང་མ་སྤྲད་པས།     རྒན་རྒོན་གཉིས་ཀྱིས་བྱ་ཁྱུང་ལ་ཡོང་ནས་གནས་ཚུལ་དེ་བཤད།       ཕྱིས་སུ་བྱ་ཁྱུང་གི་བླ་མ་ཞིག་གིས་གནས་ཚུལ་དེ་མཱ་པོའུ་ཧྥང་ལ་བཤད་པས།   མཱ་པོའུ་ཧྥང་གིས་མི་མངགས་ཏེ་རྒན་རྒོན་གཉིས་ལ་སྐྱིན་ཚབ་སྤྲད་པ་མ་ཟད།     ད་དུང་ཁྱིམ་ཚང་དེས་ལོ་གསུམ་ལ་རྒན་རྒོན་གཉིས་ཞིང་འདེབས་སྐབས་རོགས་བྱེད་དགོས་པའི་ཆད་པ་བཅད་པ་རེད། དོན་དག་དེ་ལས་ཅི་ཞིག་ཤེས་ཐུབ་པ་རེད་ཅེ་ན།    མཱ་པོའུ་ཧྥང་གིས་དངོས་གནས་རྒན་རྒོན་དེ་གཉིས་ལ་བྱམས་སྐྱོང་བྱས་པ་དང་།      ཡང་ན།     དྲང་བདེན་སྐྱོང་མཁན་དེ་འདྲ་ཨེ་རེད་ཟེར་ན་མ་རེད།      གཙོ་བོ་བྱ་ཁྱུང་དགོན་པ་ལ་ང་མཱ་པོའུ་ཧྥང་མི་འདི་འདྲ་དྲང་བདེན་སྐྱོང་མཁན་ཡིན་ཞེས་འཁྲབ་སྟོན་བྱས་པ་རེད།

   ཕ་ཡུལ་གྱི་བླ་རྒན་ཚོས་བཤད་ན།     མཱ་པོའུ་ཧྥང་གིས་རེབ་གོང་ལ་གསོད་འཕྲོག་བྱས་པའི་ལོ་རྒྱུས་ནི་གེ་སར་གྱི་སྒྲུང་འདྲ་ཞིག་བཤད་རྒྱུ་འདུག      ལྷག་པར་དུ་སེང་གཤོང་མ་འགོ་དང་།   འཕྲང་ཡར་ནང་གཉིས་ཀྱི་མི་བསད་ནས་སྲང་ལམ་དུ་ཁྲག་བཞུར་སོང་བ་རེད་ཅེས་ཟེར་སྲོལ་འདུག       

    མཱ་པོའུ་ཧྥང་གིས་གསོད་འཕྲོག་བྱས་པ་ནི་རེབ་གོང་གཅིག་པུ་ག་ལ་ཡིན།      དེས་མགོ་ལོག་གི་མི་བསད་པ་རེབ་གོང་ལས་ལྡབ་འགྱུར་གྱིས་སྡིག་རྩུབ་ཆེ་བ་རེད།     སྒ་སྐྱེ་དགུ་མདོ་ལའང་དེ་བཞིན་རེད།    གལ་སྲིད་གུང་ཁྲན་ཏང་མ་ཡོང་བར་ད་དུང་ལོ་བརྒྱར་མཱ་པོའུ་ཧྥང་གིས་བཟུང་ཡོད་ན།    མཚོ་སྔོན་གྱི་བོད་རིགས་ཚང་མ་ཁ་ཆེ་ཡིན་རྒྱུ་རེད།         འུ་གཉིས་ཀྱང་ད་སྐབས་མགོ་དཀར་ཡིན་ཡང་སྲིད།    (ཧ་ཧ་ཧ།    སྐབས་འདིར་ངས་བསྲན་མ་ཐུབ་པར་ཧབ་ཆ་ཤོར)     མཱ་པོའུ་ཧྥང་གི་ཞི་ལིས་(ཨ་མདོའི་སྐད་དུ་ཞི་ལི་ནི།  བུ་ཞེས་པའི་དོན་ནོ།།)  ཨ་ཁུ་གསུང་རབ་རྒྱ་མཚོ་ཚང་གདན་དྲངས་ཏེ་ཁོའི་མི་སྒེར་གྱི་བོད་ཡིག་གི་དགེ་རྒན་བྱས་པ་ལ།         བོད་མི་ཚང་མས་མཱ་པོའུ་ཧྥང་གི་ཞི་ལི་བོད་ལ་དགའ་མཁན་ཞིག་ཡིན་ནི་རེད་ཅེས་གྲགས་སོང་བ་རེད།       དོན་དངོས་ཁོས་བོད་ཡིག་སྦྱང་དོན་ནི་ཕྱིས་སུ་བོད་ལྗོངས་ལ་དབང་བསྒྱུར་བྱ་རྒྱུའི་འཆར་བཀོད་ནང་གི་གཅིག་ཡིན་ཞིང་།       དམིགས་ཡུལ་ངོ་མ་ནི་བོད་ལྗོངས་ཀྱི་ཀྲུའུ་ཞིར་འདུག་རྒྱུ་དེ་རེད།     

    ལགས་སོ།།         དངོས་གནས་སྐྲག་སྣང་འོང་གིན་འདུག

   རྒྱལ་དབང་བཅུ་གསུམ་པ་ཆེན་པོ་ལྟ་བུ་སྐྱེས་ཆེན་དེ་འདྲ་ཞིག་ལའང་སྐུ་སྲོག་གི་ཉེན་ཁ་དང་དེ་འདྲའི་དཀའ་ངལ་མང་པོ་བྱུང་ཡོད་ན།      བོད་ཀྱི་བླ་མ་གཞན་དག་ལ་བཤད་དགོས་ཀྱི་མ་རེད།       དེ་ཅི་ཡིན་ནམ།    ང་ལ་མཚོན་ན།     དངོས་གནས་འདང་མི་དཔོག་པ་ཞིག་རེད་ལགས།

   ལོས་ཡིན།    ཁྱོད་ད་རུང་ཅི་ཡང་མཐོང་ཡོད་ནི་མ་རེད།         རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་དོན་ལ་དངོས་གནས་དཀའ་ལས་མང་པོ་མྱངས་པ་རེད།      ཡིན་ནའང་སྐབས་དེར་ཁོང་གི་དགོངས་བཞེད་ག་རེ་ཡིན་པ་ཤེས་མཁན་མེད་སོང་བ་འདྲ།     ཁ་ཅིག་གིས་ད་དུང་ལྐོག་ཏུ་རྒྱལ་དབང་བཅུ་གསུམ་པ་ལ་ངན་བཤད་སྣ་ཚོགས་དང་།   མི་ལས་དགུ་ལས་བྱས་པ་རེད།         དེ་དག་གི་གྲས་སུ་བོད་ཀྱི་མི་དྲག་མང་པོ་ཡང་ཐེ་ཡོད་པ་རེད།       ཁོང་ཇི་ལྟར་སྐུ་གཤེགས་པ་ལའང་བཤད་ཚུལ་ཅི་རིགས་ཡོད་དེ།    ལ་ལས་དུག་དྲངས་ནས་བགྲོངས་པ་རེད་ཀྱང་ཟེར།     ཤེས་སྲིད་ཀྱི་མ་རེད།     སྐབས་དེའི་གནས་ཚུལ་ལ་བལྟས་ན་བདེན་ནམ་སྙམ།       

   བླ་མ་རིན་པོ་ཆེ་ལགས།     དེ་རིང་ང་ཕྱི་སྐོར་ལ་སོང་བ་ན།     (བྱ་ཁྱུང་)དགོན་པའི་རྒྱབ་རིའི་ས་ནས་དམུ་དག་འདྲ་འཐེན་འདུག་པ་དང་།     གྱོ་མོག་བསྲེག་ས་ཡིན་ནམ་སྙམ་པ་དེ་ན་སྔོན་ཅི་ཞིག་ཡོད་པ་མིན་འགྲོ།

     འོ།    རེད་རེད།    ངག་རྒྱུན་ལ་ཆོས་རྗེ་དོན་རིན་པོ་ཆེ་གནས་འདིར་མ་ཕེབས་སྔོན་དུ།    ད་ཅི་ཁྱོད་ཀྱིས་བཤད་པ་དེའི་ཤུལ་ན་བོན་དགོན་ཆུང་ཆུང་ཞིག་ཡོད་པ་རེད་ཟེར།      ཕྱིས་སུ་བོན་དགོན་དེའི་བླ་མ་ཆེ་བ་སྐུ་གཤེགས་རྗེས།    ཤུལ་ན་ཡོད་པ་རྣམས་རང་ཤུགས་ནས་ཐོར་སོང་བར་བཤད།     

    ལགས་སོ།།      བླ་མ་རིན་པོ་ཆེ་ལགས།      ངའི་སེམས་ལ་བྱ་ཁྱུང་ན་སྔོན་ཆོས་རྗེ་དོན་རིན་པོ་ཆེ་དང་རྗེ་ཙོང་ཁ་པ་ཆེན་པོ་སོགས་བྱོན་པའི་རྗེས་སུ་མཁས་པ་དེ་འདྲའི་སྐད་གྲགས་ཅན་བྱོན་མ་མྱོང་པ་ཞིག་རེད་བསམ།    དེ་ལྟར་ཡིན་ནམ།

    བྱོན་མྱོང་བ་རེད།       ཁྲི་ཆེན་ངག་དབང་མཆོག་ལྡན་(1677—1751)ནི་བྱ་ཁྱུང་གི་གྲྭ་བ་རེད།      འཁྲུངས་ཡུལ་ཡང་བྱ་ཁྱུང་གི་ལྷ་སྡེ་ཡིན་པ་དང་།      དགའ་ལྡན་གསེར་ཁྲི་དང་།      རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་།      ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱི་ཡོངས་འཛིན་གཙོ་བོ་རེད།     རྭ་སྒྲེང་སྐུ་ཕྲེང་དང་པོ་ཡིན་པ་དང་།      དེ་ནས་བཟུང་རྭ་སྒྲེང་སྤྲུལ་སྐུ་ཞེས་པ་བྱུང་བ་རེད།        རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སླར་ལྷ་སར་ཕེབས་ཐུབ་པ་བྱུང་བ་ནི།    ངོ་མ་བཤད་ན།      ཁྲི་ཆེན་ངག་དབང་མཆོག་ལྡན་དང་།    ལྕང་སྐྱ་རོལ་པའི་རྡོ་རྗེའི་བཀའ་དྲིན་དང་མཛད་རྗེས་རེད།       དེ་མིན་ཕོ་ལྷ་བས་རྒྱལ་མཆོག་ཚང་ལྷ་སར་ཕེབས་པ་ལ་འགོག་རྐྱེན་མང་པོ་བཟོས་ཡོད་འདུག         གཞན་བྱ་ཁྱུང་ངག་དབང་ཆོས་གྲགས་ཀྱང་དགའ་ལྡན་གསེར་ཁྲི་རེད།    བྱ་ཁྱུང་ནས་དགའ་ལྡན་གསེར་ཁྲི་ལ་བཞུགས་མཁན་གསུམ་ཡིན་ནམ་ཅིག་བྱོན་ཡོད་པ་རེད།      དགེ་ལུགས་པ་ལ་མཚོན་ན།      མཁས་གྲུབ་ཀྱི་སྐྱེས་བུ་ཡིན་མིན་དེ་གཙོ་བོ་དགའ་ལྡན་གསེར་ཁྲིའི་ཚད་ནས་བལྟ་དགོས་པ་རེད།     དགའ་ལྡན་གསེར་ཁྲི་དེ་གསེར་བུམ་དཀྲུགས་ནས་སྤྲུལ་སྐུ་འཚོལ་བ་ལྟ་བུ་མ་རེད།     ལུང་རྟོགས་ཀྱི་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་འདྲར་གྱུར་ནས་བསྟན་པའི་བདག་པོར་ཕེབས་པ་དེ་འདྲ་རེད།     

ངག་རྒྱུན་དུའང་།      ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།     དགའ་ལྡན་ཁྲི་ལ་བདག་པོ་མེད།།     ཅེས་པ་ལྟར་རོ།།      ཡིན་ནའང།     བྱ་ཁྱུང་བ་ཚོས་ཁ་རོག་གེར་བསྡད་པ་ལས།     དེ་དག་དཔུང་བསྒྲིགས་ནས་བསྟན་པའི་ལ་རྒྱ་རྩོད་མཁན་དེ་འདྲ་མ་རེད།       རེབ་གོང་དང་།  བླ་བྲང་གཉིས་ལ་དེའི་སྐྱོན་ཆ་འདུག        དགོན་པ་དེ་གཉིས་ཀྱི་གདན་རབས་དཀར་ཆག་དང་བླ་མ་ཚོའི་རྣམ་ཐར་ལ་བལྟས་ན།     སོ་སོའི་ས་ནས་དགོན་ལག་བཤད་དེ།     ཧ་ལམ་ཞིག་མདོ་སྨད་ཡོངས་རྫོགས་དགོན་དེ་གཉིས་ཀྱི་དགོན་ལག་ཡིན་འདྲ་ཞིག་བཤད་ཡོད་པ་རེད།       དེ་འདྲ་ཞིག་ག་ལ་ཡིན།      སྲིད་ཀྱི་དམིགས་ཡུལ་ཆེ་དྲགས་པ་རེད།   གལ་ཏེ་དེ་ལྟར་ཡིན་ན།      དགོན་ལུང་པ་ཚོས་ཧ་ལམ་མདོ་སྨད་དང་སོག་པོ་ཡོངས་རྫོགས་དགོན་ལུང་གི་དགོན་ལག་ཡིན་ཟེར་ཆོག་ས་རེད།       དེ་ཅི་ཡིན་ཞེ་ན།      དུས་སྐབས་དེར་དགེ་ལུགས་པ་ལ་མཚོན་ན་ལྕང་སྐྱ་རོལ་པའི་རྡོ་རྗེ་ལ་ཆོས་འབྲེལ་མ་བཞག་པའི་བླ་ཆེན་ཞིག་ཡོད་པ་མ་རེད།      དེས་ཚད་ཀི་མ་རེད།     སྐབས་དེར་དགོན་པ་དང་ལྷ་ཁང་བཞེངས་ན་དེའི་མཚན་ཕལ་ཆེར་བ་ཁོང་གིས་བཏགས་པ་དང་།     བླ་མ་མང་ཤོས་ཀྱི་ཐོབ་མིང་མཚན་བྱང་ཡང་ཁོང་གིས་བསྩལ་པ་རེད།      གོང་མའི་ཞབས་བརྟན་དགོན་པའི་མཚན་གྲས་སུ་འཇོག་དགོས་ནའང་ཁོང་གིས་གནང་བ་སོགས་དགོན་པ་ཆེ་ཆུང་མ་ལུས་པ་ཁོང་དང་མ་འབྲེལ་བ་ཞིག་ཧ་ལམ་ཡོད་སྲིད་མ་རེད།    ཡིན་ནའང་།     དགོན་ལུང་པ་ཚོས་དེ་འདྲ་ཡིན་ཞེས་བཤད་ཀིན་མི་འདུག      བྲིས་མི་འདུག      དེ་དངོས་གནས་རླབས་ཆེན་རེད།       

       ལགས་སོ།།     ལགས་སོ།།        ཨ་ར་པ་ཙ་ལྷ་ཁང་གི་སྐུ་འདྲ་རྣམས་དང་གྱན་ཐང་རྣམས་སུས་བཞེངས་པ་རེད་ལགས།

       སྐུ་འདྲ་རྣམས་ཁྱེད་ཅག་རེབ་གོང་གི་ལྷ་བཟོ་ཤེས་རབ་ཟེར་བ་ཁོང་གིས་བཞེངས་པ་རེད།    ལྷ་བཟོ་ཤེས་རབ་དེ་ཨ་ལགས་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་དང་རྒྱུས་ཡོད་བཟང་ས་རེད།     ངས་ཀྱང་ངོ་ཤེས་ཀིན་ཡོད།      ལྷ་བཟོ་ཤེས་རབ་ཀྱི་དགེ་རྒན་དེ་སེང་གཤོང་དགེ་སློང་བསྟན་འཛིན་ཞེས་སྐད་གྲགས་ཡོད་པ།    རེབ་གོང་སྐུ་གཞོགས་ཚང་གི་ལྷ་བཟོ་དེ་རེད།       གྱན་ཐང་ཡང་སེང་གཤོང་གི་ལྷ་བཟོ་སྐལ་བཟང་སྤུན་མཆེད་ཀྱིས་བཞེངས་པ་ཡིན་འདྲ་ཞིག་ཡིན།     ཨ་ཁུ་བློ་བཟང་དང་།     ཨ་ཁུ་སྐལ་བཟང་ཁོ་ཚོ་ལ་དྲིས་དང་ཁོ་ཚོས་གསལ་བོར་ཤེས་སྲིད་ཀྱི་རེད་སྙམ།།

    ལགས་སོ།།           ཐུགས་རྗེ་ཆེ་ལགས།།

                            ཚངས་དབང་གིས།