ཀྲང་ཝེ་ཡེན་གྱིས་བརྩམས།
     མིའི་རིགས་ཀྱི་མཉམ་འབྲེལ་ཁོད་ཇི་ལྟར་ཡངས་པ་དང་རྒྱ་ཇི་ལྟར་ཆེ་ན། མིའི་རིགས་ཀྱི་ཡར་ཐོན་དེ་ལྟར་མྱུར་བ་ཡིན། མཉམའབྲེལ་གྱི་ཆེད་དུ་མིའི་རིགས་ཀྱིས་སྒེར་དབང་ཐོན་དབང་དང་བཅའ་ཁྲིམས། སྤྱི་ཚོགས་ཚད་གཞི་དང་ཀུན་སྤྱོད་སོགས་ལམ་ལུགས་སྣ་ཚོགས་བྲིས་ཡོད། མིའི་རིགས་ལ་སྲིད་གཞུང་མཁོ་བའི་རྒྱུ་མཚན་ནི་བཙོན་པའི་དཀའ་གནསལས་ཐར་ཏེ་སྔར་ལས་ལྷག་པའི་མཉམ་འབྲེལ་བྱེད་ཆེད་ཡིན། འོན་ཏེ། ཕྱོགས་གཞན་དུ། སྲིད་གཞུང་ཡོད་པ་དེ་རང་དབང་དང་མིའི་རིགས་ཀྱི་བདེ་འཇགས། མཉམ་འབྲེལ་ལ་གནོད་པའི་ནུས་སྟོབས་ཤིག་ཏུ་འགྱུར་སྲིད་པ་ཡིན།
     སྲིད་གཞུང་ཅི་ལྟར་གཅུན་པའི་བྱེད་ཐབས་ཉག་གཅིག་ནི་དབང་ཆ་གཟེབ་ནང་དུ་འཇུག་པ་སྟེ། གཟེབ་དེ་ནི་ཁྲིམས་སྲིད་དང་དམངས་གཙོའི་ལམ་ལུགས་ཡིན། མཉམ་འབྲེལ་དཔལ་འབྱོར་གྱིས་ཞིབ་འཇུག་ཅི་བྱེད་པ་དེ་ལས་མིའི་རིགས་ཀྱི་ཡར་ཐོན་ཚང་མ་བྱུང་བ་ཡིན། ཞིབ་འཇུག་དེ་སྲོལ་རྒྱུན་གྱི་ངོས་ནས་བརྗོད་ན། ཐོན་ཁུངས་བཀོད་སྒྲིག་དང་ཁྲོམ་རའི་ཆ་སྙོམས་ཡིན། ངས་བསམ་ན་མཚན་ཉིད་འདི་དག་ཀུན་ལ་འཁྲུལ་སྟོན་གྱི་ཆ་ཡོད་སྲིད་རྒྱུ་རེད། དཔལ་འབྱོར་རིག་པའི་ཞིབ་འཇུག་བྱེད་ཡུལ་ངོ་མ་ནི། རྣམ་དཔྱོད་ཅན་གྱི་མིའི་བར་དུ་ཅི་ལྟར་མཉམ་འབྲེལ་བྱེད་པ་དེ་ཡིན།

     མིའི་རིགས་ཀྱི་ཡར་ཐོན་ཚང་མ་མཉམ་འབྲེལ་ལས་བྱུང་བ་ཡིན་པས། ཞོན་ཙིས་ལོ་ཉིས་སྟོང་ལྷག་གི་སྔོན་ནས“མི་སྟོབས་ནོར་ལས་ཆུང་།། སོང་ན་རྟ་ལས་དལ།། འོན་ཏེ་མི་ཡི་གཡོག །རྟ་ནོར་བྱེད་པ་ཅི།།”ཟེར། དེ་ནི་མི་རྣམས་མཐུན་ཐུབ་པས་དང། ཕན་ཚུན་རོགས་རེས་དང་མཉམ་འབྲེལ་ཐུབ་པས་ཡིན། གྲོག་མ་དང་སྦྲང་མ་སོགས་ལ་ལས་བགོ་དང་མཉམ་འབྲེལ་ཡོད་ཀྱང་། དེ་ནི་རང་ནུས་ལས་བྱུང་བ་མ་གཏོགས་རྣམ་དཔྱོད་ལས་བྱུང་བ་མིན། དེ་བས། ལོ་ངོ་ཁྲི་སྟོང་ལྷག་ལ་སྲོག་ཆགས་ཀྱི་འཚོ་བ་མི་རྣམས་ཀྱིས་འདུལ་གསོ་བྱེད་པ་ལས་འགྱུར་ལྡོག་ཅི་ཡང་མེད་སོང་བ་རེད།  འོན་ཀྱང་། མིའི་རིགས་ཀྱི་མཉམ་འབྲེལ་དེ་གཙོ་བོ་རྣམ་དཔྱོད་ལས་བྱུང་ཞིང་། དམིགས་ཡུལ་ལྡན་པའི་བྱེད་སྒོ་ཞིག་ཡིན། ད་ལྟའི་མི་དང་ལོ་ཁྲི་སྟོང་སྔོན་གྱི་མིའི་འཚོ་བ་རོལ་སྟངས་མི་འདྲ་སྟེ། ལོ་ཁྲི་སྟོང་སྔོན་གྱི་མིས་འཚོལ་བསྡུ་དང་བརྔོན་ལས་ལ་བསྟེན་ནས་འཚོ་བ་དང་ད་ལྟ་ང་ཚོ་ཆ་འཕྲིན་དུས་རབས་སུ་སླེབས་ཟིན་པ་རེད།

      མིའི་རིགས་ཀྱི་མཉམ་འབྲེལ་ཁོད་ཇི་ལྟར་ཡངས་པ་དང་རྒྱ་ཇི་ལྟར་ཆེ་ན། མིའི་རིགས་ཀྱི་ཡར་ཐོན་དེ་ལྟར་མྱུར་བ་ཡིན་ལ། ད་ལྟ་ས་སྒང་རིལ་མོ་འདིར་འཚོ་བའི་ང་ཚོ་མིའི་རིགས་དང་འདྲ་བར། འཛམ་གླིང་ཁྱོན་ཡོངས་ནས་མཉམ་འབྲེལ་བྱེད་ཀྱིན་པ་རེད་ཅེས་བཤད་ཀྱང་ཆོག །ད་ལྟའི་དངོས་པོ་གང་ཡིན་ཡང་མིའི་རིགས་མཉམ་འབྲེལ་གྱི་འབྲས་བུ་ཞིག་ཡིན་པ་ལས། ས་ཁུལ་གཅིག་ནས་ཐོན་སྐྱེད་བྱས་པ་མིན་ལ། མི་སྒེར་གཅིག་གིས་ཐོན་སྐྱེད་བྱས་པ་དེ་བས་ཀྱང་མིན། དཔེར་ན། ང་ཚོས་སྤྱོད་ཀྱིན་པའི་སྐུལ་འོད་སྨྱུ་གུ(激光笔)དེ་ཀྲུང་གོས་བཟོས་པ་ཡིན་སྲིད་མོད། དེའི་ལག་རྩལ་ཨ་རི་ནས་ཐོན་པ་ཡིན་སྲིད་པས། སྨྱུ་གུ་འདི་ཐོན་སྐྱེད་བྱེད་པར་མ་གཞི་ནས་ཐོན་སྐྱེད་གོ་རིམ་མང་པོ་ཞིག་ཡོད་ལ། གོ་རིམ་རེ་རེ་རྩིས་འཕྲུལ་གྱིས་ཚོད་འཛིན་དགོས་པ་དང་། རྩིས་འཕྲུལ་གྱི་འདུས་སྙིང(芯片)དེ་ཨ་རིས་ཇུས་འགོད་བྱས་ཏེ་ཐེ་ཝན་ནས་ཐོན་སྐྱེད་བྱས་པ་ཡིན། ལྷུ་ལྷག་གཞན་པ་རྣམས་ཉི་ཧུང་དང་ལྷོ་ཁོ་རེ་ཡ་སོགས་ནས་བྱུང་བ་ཡིན་སྲིད་པས། དེའི་རིན་ཐང་གི་སྦྲེལ་ཐག་དེ་འཛམ་གླིང་གི་ས་ཕྱོགས་ཀུན་ལ་ཁྱབ་ཡོད། འདི་ནི་ང་ཚོ་མིའི་རིགས་ཀྱིས་འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་དེ་འདྲའི་ཡར་ཐོན་ཆེན་པོ་ཡོད་པའི་རྒྱུ་མཚན་ཡང་ཡིན།

     མིའི་རིགས་ཀྱི་མཉམ་འབྲེལ་ལ་དཀའ་ཁག་གཉིས་ཡོད་དེ། དཀའ་ཁག་དང་པོ་དེ་དཔལ་འབྱོར་རིག་པ་བ་ཚོས་བཤད་པའི“བཙོན་པའི་དཀའ་གནས”སམ་སེམས་ཁམས་རིག་པ་བ་ཚོས་བཤད་པའི“མཉམ་འབྲེལ་དཀའ་གནས”ཡིན་ལ། འདིའང་མིའི་སྒེར་ཕན་གྱི་རང་གཤིས་ལས་བྱུང་བའི་གནད་དོན་ཞིག་ཡིན། དཀའ་ཁག་གཞན་ཞིག་ནི་མིའི་རིགས་ཀྱི་མ་ཤེས་པ་ལས་བྱུང་བ་སྟེ། ང་ཚོས་དུས་རྒྱུན་དུ་བྱ་བ་ལེགས་འགྲུབ་དང་གཞན་ལ་རོགས་རམ་འདོད་ནའང་འབྲས་བུ་དེ་འདྲ་བཟང་རྒྱུ་མེད་ལ། ཐ་ན་སྲོག་རྩར་གནོད་པའི་ནོར་འཁྲུལད་ཀྱང་བཟོ་སྲིད། དཔེར་ན། ཕ་མ་རང་གི་བུ་བུ་མོར་ཧ་ཅང་དགའ་བ་མོད་ཀྱང་། བུ་བུ་མོའི་སྐྱོ་གར་མང་པོ་ཞིག་ཕ་མས་བཟོས་པ་ལྟ་བུ། འཚོ་བའི་ཁྲོད་ན་གཏམ་རྒྱུད་དེ་འདྲ་མང་བའི་རྒྱུ་མཚན་ཡང་། མིའི་རིགས་ཀྱི་རང་ཉིད་དང་འཚོ་གནས་ཁོར་ཡུག་གི་ཤེས་རྟོགས་ལ་ཚད་ཆེན་པོ་ཡོད་ཙང་། སྐབས་རེར་རང་གི་ཁེ་ཕན་ངོ་མ་གང་ཡིན་མི་ཤེས་པའང་ཡོད། དོན་དུ་འདིའང་མིའི་རིགས་ཀྱི་མ་ཤེས་པའི་མཚོན་སྟངས་ཤིག་ཡིན། འཆར་ལྡན་དཔལ་འབྱོར་ལམ་ལུགས་ནི་དཔེར་བརྗོད་གསོན་པོ་ཞིག་རེད། དེང་ཐོག་ང་ཚོས་དབང་ཆ་གཅིག་བསྡུས་ཀྱི་ལས་ཁུངས་ཤིག་ཡོད་ཚེ། མི་རེ་རེའི་དགོས་མཁོ་དང་སྤྱི་ཚོགས་ཐོན་ཁུངས་ཀྱི་རང་སྤུས་ཤེས་པར་མ་ཟད། གཅིག་གྱུར་གྱི་ཐོན་སྐྱེད་དང་བཀོད་སྒྲིག་འཆར་གཞི(ཆེས་མཐོ་བའི་ཇུས་འགོད་ཟེར་བ།)བཟོས་ནས་ཁྲོམ་རའི་དཔལ་འབྱོར་གྱི་ཉེས་སྐྱོན་ཟེར་བ་ལས་གྲོལ་ཏེ། མི་རེ་རེའི་འཚོ་བ་སྔར་ལས་ཀྱང་བཟང་བར་བསམས་ཡོད། ད་ལྟ་འདང་རྒྱབ་ན་དྲན་ཚུལ་དེ་བསམ་མ་ཤེས་པའི་བྱིས་བློ་ལྟ་བུ་རེད་མོད་ཀྱང་། ལོ་ངོ་བཅུ་ཕྲག་འགའི་ཡར་སྔོན་དུ་ང་ཚོའི་དྲན་ཚུལ་དེ་འདྲ་རེད། འདི་ནི་ང་ཚོས་དཔལ་འབྱོར་རིག་པའི་སློབ་གསོ་མ་མྱང་བའི་རྒྱུ་མཚན་ཡང་མིན་པར། སྐབས་ཐོག་དེར་འཛམ་གླིང་གི་དཔལ་འབྱོར་རིག་པ་བ་རྩེ་གྲ་རྣམས་ཀྱིས་ཀྱང་འཆར་ལྡན་དཔལ་འབྱོར་ལ་ཡིད་ཆེས་བྱེད་པས་རེད། དུས་རབས༢༠ལོ་རབས༣༠ནང་དུ་ཁྲི་ཁཱ་གྷོ་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་རིག་པ་བ་མིང་གྲགས་ཅན་ལན་ཀིས་འཆར་ལྡན་དཔལ་འབྱོར་ལ་ཡིད་ཆེས་རུང་བ་བདེན་དཔང་བྱས་ཏེ་ཁྱབ་བསྒྲགས་བྱས། དེ་ནས་ཁོའི་གཞུང་ལུགས་ལ་མི་མང་པོས་ཁས་ལེན་བྱས་ཤིང་། ཐ་ན་རླབས་ཆེ་བའི་དཔལ་འབྱོར་རིག་པ་བ་ས་མེར་ཟུན་གྱིས་ཀྱང་ཡིད་ཆེས་རུང་བའི་འཆར་ལྡན་དཔལ་འབྱོར་གྱི་གཞུང་ལུགས་ལ་དོགས་སློང་བྱེད་མ་ཐུབ།

     མ་ཤེས་པ་དང“བཙོན་པའི་དཀའ་གནས”ཀྱིས་ང་ཚོ་མིའི་རིགས་ཀྱི་མཉམ་འབྲེལ་ལ་དཀའ་ཁག་དང་གནོད་འཚེ་མང་པོ་བཟོས་ཡོད། འོན་ཏེ་མིའི་རིགས་ཀྱང་ལག་ལེན་གྱི་ཁྲོད་ནས་སློབ་སྦྱོང་དང་ཡར་ཐོན་འགྲོ་བཞིན་ཡོད་ལ། མིའི་རིགས་ཀྱིས་བཟོས་པའི་ལམ་ལུགས་བཀོད་སྒྲིག་མང་པོའང་མིའི་རིགས་ཀྱི་མ་ཤེས་པ་ཇེ་ཉུང་དུ་གཏོང་བའི་ཆེད་དང་། མིའི་རིགས་ཀྱི་མཉམ་འབྲེལ་ཁྲོད་ནས་འཕྲད་ཀྱིན་པའི“བཙོན་པའི་དཀའ་གནས”ཐག་གཅོད་བྱེད་པའི་ཆེད་དུ་ཡིན།

     བཙོན་པའི་དཀའ་གནས། རྣམ་དཔྱོད་ཅན་གྱི་མི་སྒེར་དང་ཚོགས་པའི་བར་གྱི་འགལ་བ།

      གཤམ་དུ་ངས་སྟབས་བདེའི་རྩོད་པ་ཞིག་གིས“བཙོན་པའི་དཀའ་གནས”ཀྱི་གནད་དོན་བཤད།

     སྤྱི་ཚོགས་འདི་མི་ཀ་པ་དང་ཁ་པ་གཉིས་ཀྱིས་གྲུབ་པར་བྱས་ན། མི་རེ་ལ་གདམ་གསེས་གཉིས་རེ་ཡོད། གཅིག་ནི་གཞན་གྱི་ཁེ་དབང་དང་ཐོན་དབང་ལ་གུས་བརྩི་བྱེད་པ་དང་། ཅིག་ཤས་ནི་གཞན་གྱི་ཁེ་དབང་ལ་གུས་བརྩི་མི་བྱེད་པ་སྟེ། དཔེར་ན་རྐུན་ཇག་གི་ལས་བྱེད་པ་ལྟ་བུ། འདི་ལྟར་བྱས་ན་སྤྱི་ཚོགས་ལ་མཇུག་འབྲས་བཞི་འབྱུང་སྲིད། གལ་ཏེ་མི་གཉིས་ཀས་ཕན་ཚུན་གྱི་ཐོན་དབང་ལ་གུས་བརྩི་བྱས་ཚེ། སོ་སོར་ཁེ་ཕན་གཉིས་རེ་ཐོབ་པ་རེད། གལ་ཏེ་མི་གཉིས་ཀ་དེ་ལས་ལྡོག་ནས་ཕན་ཚུན་ལ་བརྐུ་བྱས་ཚེ་སོ་སོར་ཁེ་ཕན་ཅི་ཡང་མེད། གལ་ཏེ་ཀ་པས་ཐོན་དབང་ལ་གུས་བརྩི་བྱས་ཀྱང་། ཁ་པས་ཐོན་དབང་ལ་གུས་བརྩི་མི་བྱེད་པར་སྐུན་ཇག་གི་ལས་བྱས་ཚེ། ཀ་པར་གྱོང་རག་པ་ནས་ཁེ་ཕན་གཅིག་ལས་མེད་པ་དང་ཁ་པ་ལ་ཁེ་ཕན་གསུམ་ཐོབ་པ་རེད། མི་སྒེར་བ་རེ་རེར་མཚོན་ན་མཇུག་འབྲས་ཆེས་བཟང་བ་དེ་གཞན་གྱིས་ཐོན་དབང་ལ་གུས་བརྩི་བྱེད་ནའང་རང་གིས་བརྐུ་བྱེད་པ་དེ་ཡིན་ལ། དེ་ནས་ཕན་ཚུན་གཉིས་ཀས་ཐོན་དབང་ལ་གུས་བརྩི་བྱེད་པ་དེ་ཡིན། དེའི་འཕྲོ་ནས་ཕན་ཚུན་གཉིས་ཀས་བརྐུ་བྱེད་པ་དེའོ།། ཆེས་ཐབས་ཆག་གི་ལས་ནི་ཁྱོད་ཀྱིས་གཞན་པའི་ཐོན་དབང་ལ་གུས་བརྩི་བྱས་ནའང་གཞན་པས་ཁྱོད་ཀྱི་ཐོན་དབང་ལ་གུས་བརྩི་མི་བྱེད་པ་ཤེས་ཐུབ། དེ་བས་མི་སྒེར་བ་རེ་རེར་མཚོན་ན། གཞན་གྱིས་ཐོན་དབང་ལ་གུས་བརྩི་བྱེད་མིན་གང་ཡིན་ཡང་རང་གིས་གུས་བརྩི་མི་བྱེད་པ་སྟེ། དེའི་འབྲས་བུར་ཕན་ཚུན་གཉིས་ཀས་གུས་བརྩི་མ་བྱས་པས་ཕན་ཚུན་ལ་ཅི་ཡང་ཐོབ་མེད། དོན་དུ་གལ་ཏེ་ཁོ་གཉིས་ཀས་ཐོན་དབང་ལ་གུས་བརྩི་བྱས་ཚེ། མི་རེ་ལ་གཉིས་རེ་ཐོབ་པ་ཡིན། འདི་ནི“བཙོན་པའི་དཀའ་གནས”སམ་རྣམ་དཔྱོད་ཅན་གྱི་མི་སྒེར་དང་ཚོགས་པའི་འགལ་བ་ཟེར་བ་དེ་ཡིན། དེའང་རྣམ་དཔྱོད་ཅན་གྱི་མི་སྒེར་གྱིས་རྐུན་ཇག་གི་ལས་འདེམས་པ་དང་རྣམ་དཔྱོད་ཅན་གྱི་ཚོགས་པས་ཐོན་དབང་གུས་བརྩི་འདེམས་པ་མཚོན་ཡོད།

     རྣམ་དཔྱོད་ཅན་གྱི་མི་སྒེར་དང་ཚོགས་པའི་འགལ་བ་ལ་བྱ་བའི་སྔ་རྗེས་ཀྱི་རྣམ་དཔྱོད་མ་མཐུན་པ་ཞེས་གོ་ཡང་ཆོག  །གལ་ཏེ་བྱ་བའི་སྔོན་ལ་གཞན་པས་ཁས་ལེན་བྱས་ཚེ། མི་སོ་སོས་ཐོན་དབང་གུས་བརྩི་ཁས་ལེན་པ་རེད་མོད། འོན་ཏེ། བྱ་བའི་མཇུག་ཏུ་སླེབས་པ་ན་མི་སོ་སོ་གོ་སྐབས་རིང་ལུགས་པའི་རྗེས་སུ་འགྲེང་སྟེ། གཞན་པས་ཐོན་དབང་ལ་གུས་བརྩི་བྱས་ཀྱང་ཁས་ལེན་ལག་ཏུ་བསྟར་བར་སྤྲོ་བ་མེད་པར་འགྱུར་བ་ཡིན། ད་ལྟའི་གནད་དོན་ནི་བྱ་བའི་སྔ་རྗེས་ཀྱི་རྣམ་དཔྱོད་འགལ་བའམ་རྣམ་དཔྱོད་ཅན་གྱི་མི་སྒེར་དང་ཚོགས་པའི་འགལ་བ་ཅི་ལྟར་ཐག་གཅོད་བྱེད་པ་དེ་ཡིན། བསམ་གཞིགས་ཞིབ་མོ་ཐོངས་དང་། གལ་ཏེ་རང་གཞན་གཉིས་ཀ་འདྲ་མཉམ་ཡིན་ན། ང་ཚོས་གཞན་ལ་བརྐུ་བྱས་ཏེ་རང་གི་ཁེ་འཚོལ་བ་དེ་ཅི་འདྲས་ཐབས་སྡུག་ཨང་། མི་སོ་སོས་གཞན་གྱི་ཐོན་དབང་ལ་གུས་བརྩི་བྱས་ཚེ། མི་སོ་སོར་ཁེ་ཕན་ཡོད་པས། ལམ་ལུགས་ཀྱི་དགོས་མཁོ་བྱུང་བ་རེད། གལ་ཏེ་ལམ་ལུགས་ཀྱི་ཁག་ཐེག་ལྡན་ཚེ། མི་སོ་སོར་མཚོན་ན། བྱ་བའི་སྔོན་གྱི་རྣམ་དཔྱོད་བདམས་པ་དེ་བྱ་བའི་མཇུག་གི་རྣམ་དཔྱོད་གདམས་པ་ཡིན་ལ། བཙོན་པའི་དཀའ་གནས་ཀྱི་གནད་དོན་ཀྱང་ང་ཚོས་མེད་པ་བཟོས་ཡོད། རྩོད་པའི་རྣམ་བཤད་ཀྱི་སྐད་ཆས་བརྗོད་ན་ལམ་ལུགས་ནི་མི་རྣམས་གྲོས་ཁ་བྱུང་བའི་ཁས་ལེན(commitment)ཞིག་ཡིན།

      མིའི་རིགས་ཀྱིས་ལམ་ལུགས་བཟོས་ཏེ་བཙོན་པའི་དཀའ་གནས་ཅི་ལྟར་ཐག་བཅད་པའི་ཐད་ལ་ཁཱང་ཐིས(Kant)“རྣམ་དཔྱོད་ལྡན་པའི་སྐྱེ་དངོས་སྐོར་ཞིག་གིས་རང་ཉིད་ཉར་ཚགས་བྱེད་པའི་ཆེད་དུ་མཉམ་དུ་ཁྲིམས་ལུགས་དགོས་པའི་རེ་བ་འདོན་མོད་ཀྱང་། ཁོ་ཚོ་མི་སྒེར་རེ་རེའི་བག་ཉལ་གྱི་གསང་ན་རང་ཉིད་ལས་གཞན་པའི་ཁོ་ཚོས་བཀོད་སྒྲིག་འདི་འདྲ་བྱས་ཏེ་ཁོ་ཚོའི་ལམ་ལུགས་གཟུག་དགོས་པར་འདོད་ལ། ཁོ་ཚོ་མི་སྒེར་གྱི་རེ་བ་དེ་ལས་ལྡོག་ཡོད་ནའང་། འདི་ལ་ཕན་ཚུན་སུས་ཀྱང་དོགས་ཟོན་བྱེད་ཀྱི་ཡོད། དེ་ལྟར་ཁོ་ཚོའི་ལག་ལེན་དང་མཇུག་འབྲས་ནི་ཁོ་ཚོར་སྡུག་ཆགས་ཀྱི་རེ་བ་དེ་འདྲ་ཅི་ཡང་མེད་པ་ལྟ་བུ་རེད།”ཟེར།

     སྤྱི་ཚོགས་མཉམ་འབྲེལ་ལ་རྩེད་མོའི་སྒྲིག་ལམ་མཁོ།

     མིའི་རིགས་ཀྱིས་དངོས་ཡོད་འཚོ་བའི་ཁྲོད་དུ་ཁོ་ཚོའི་མཉམ་འབྲེལ་གྱི་དཀའ་གནས་ཤེས་པ་དང་། དཀའ་གནས་དེར་བསྟུན་གྱི་རྩེད་མོའི་སྒྲིག་ལམ་ལྟ་བུའི་ལམ་ལུགས་དང་བྱེད་ཐབས་བཟོས་པ་རེད། དེ་ཡང་། ཧེ་ཁུས(Hayek)བསྟན་པ་ཇི་བཞིན། ལམ་ལུགས་དང་བྱེད་ཐབས་འདི་དག་ནི་ཕྱོགས་བསྡུས་བྱས་ནས་བཟོས་པ་མིན་པར་ཡུན་རིང་བའི་ལོ་རྒྱུས་ཀྱི་ཁྲོད་ནས་བྱུང་བ་ཡིན་ལ། རིགས་དང་རྣམ་པ་མང་པོར་དབྱེ་ཆོག །ངས་འདི་ནས་གལ་ཆེ་བའི་རིགས་འགའ་གླེང་ན།

      དང་པོ། སྒེར་དབང་རྒྱུ་ནོར་ལམ་ལུགས། འདི་ནི་མིའི་རིགས་ཀྱིས་བཙོན་པའི་དཀའ་གནས་སེལ་བའི་ལམ་ལུགས་གལ་ཆེན་ཞིག་ཡིན། རྡེ་བེས་ཧུ་མེས(David Hume)དེ་ནི་རང་བྱུང་ཁྲིམས་སྲོལ་ཆེན་མོ་གསུམ་ལས་དང་པོ་སྟེ། སྒེར་དབང་རྒྱུ་ནོར་ལམ་ལུགས་ཡོད་ན་ཐོན་དབང་ལ་སྲུང་སྐྱོབ་ཡོད་པས། རྩོད་པ་འདི་ལ་འགྱུར་ལྡོག་བྱུང་བ་ཡིན། ཐོན་དབང་ནི་རང་བྱུང་ཁེ་དབང་ཞིག་སྟེ། རྒྱལ་ཁབ་དང་སྲིད་གཞུང་ལས་ཀྱང་ལྷག་པ་ཞིག་ཡིན། དོན་དུ་ཐོན་དབང་ལམ་ལུགས་ནི་རྒྱལ་ཁབ་དང་སྲིད་གཞུང་མ་ཡོད་པའི་ཡར་སྔོན་དུ་གནས་པ་ཞིག་ཡིན། ད་ལྟ་ངས་ཚང་མ་ལ་དོན་སྙིང་ལྡན་པའི་དཔེར་བརྗོད་གསོན་པོ་གཉིས་འཇོག

      དབྱིན་ཇིའི་ཡོ་ཁུ་རྫོང་སྡེའི་མཚོ་འགྲམ་དུ་ཉ་པའི་སྡེ་བ་ཞིག་ཡོད། མཚོ་རླབས་འཕེལ་བའི་སྐབས་སུ་ས་ཆ་གཞན་གྱི་ཤིང་སྡོང་མང་པོ་འདིར་ཁུར་ནས་ཡོང་བ་དང་། མཚོ་རླངས་འགྲིབ་པ་ན་ཤིང་སྡོང་དེ་དག་བདག་པོ་མེད་པའི་རྒྱུ་ནོར་དུ་གྱུར་བ་རེད། ས་དེའི་ཉ་པ་རྣམས་ཀྱིས་ཤིང་སྡོང་དག་ཇི་ལྟར་བགོ་བཤའ་རྒྱག་པ་ནི་ཐོན་དབང་བཅད་མཚམས་ཀྱི་གནད་དོན་ཞིག་ཡིན། ས་དེའི་མི་རབས་ནས་མི་རབས་ལ་འགྲོ་ལུགས་ཤིག་ཡོད་པ་ནི། སུ་སྔོན་ལ་ཕྱེ་ཐང་དུ་ཐོན་ནས་བདག་མེད་ཀྱི་ཤིང་སྡོང་ལ་རྟགས་བརྒྱབས་ཚེ། ཤིང་སྡོང་དེ་ལ་དབང་སོང་བ་ཡིན། རྗེས་སུ་ཐོན་པའི་མི་རྣམས་ཀྱིས་གང་འདོད་དུ་འཁྱེར་མི་ཆོག །འདི་ནི་རྒྱལ་ཁབ་ཀྱིས་ལག་བསྟར་བྱེད་ཀྱིན་པའི་ཁྲིམས་སྲོལ་སྒྲིག་ལམ་མིན་མོད། སྡེ་དམངས་སུས་ཀྱང་སྒྲིག་ལམ་འདི་བརྩི་བཞིན་ཡོད།

     ངའི་ཕ་ཡུལ་ཧྲའན་ཞིའི་བྱང་རྒྱུད་ཀྱི་བོའུ་པུ་རྫོང་གི་རྨ་ཆུའི་ཁ་རུ་གྲོང་སྡེ་ཞིག་ཡོད། སྔོན་ཆད་ལོ་རེར་རྨ་ཆུ་བྲུག་སྐབས་སྟོད་རྒྱུད་ཀྱི་སོལ་བག(煤块)མང་པོ་ཁུར་ནས་ཡོང་བ་དེར་ས་དེའི་མི་རྣམས་ཀྱིས“ཆུ་སོལ(河煤)”ཟེར། ཤྭ་འོད་འགྲིབ་སྐབས་གཙང་འགྲམ་དུ་ཆུ་སོལ་མང་པོ་ཡོད་ལ། སྡེ་དམངས་རྣམས་གཅིག་ལས་གཅིག་མགྱོགས་ཆུ་སོལ་ལེན་པར་རྒྱུག་པ་དང་། འདི་ནི་ཁོ་ཚོའི་འཚོ་བའི་ཡོང་ཁུངས་གལ་ཆེན་ཞིག་ཀྱང་ཡིན། ཁོ་ཚོས་བརྩི་བཞིན་པའི་སྒྲིག་ལམ་འདིའང་ཡོ་ཁུ་རྫོང་སྡེ་དང་ཡོངས་སུ་གཅིག་པ་སྟེ། སུ་སྔོན་ལ་སོང་ནས་བདག་མེད་ཀྱི་ཆུ་སོལ་སྟེང་དུ་རང་གི་ཅ་དངོས་ཤིག་བཞག་ཚེ་དེ་ལ་དབང་སོང་བ་ཡིན་པས་རྩོད་གཞི་ཅི་ཡང་མེད། ཅ་དངོས་དེ་ཞྭ་མོ་དང་ལྭ་བ། འཁུར་ཤིང་དང་རྩྭ་སྒྱེ་སོགས་ཅི་ཡང་ཡིན་ཆོག །ལ་ལས་གཙང་འགྲམ་གྱི་ཆུ་སོལ་ཆེད་དུ་གསང་དོར་ཕུད་ཀྱང་ངོ་མི་ཚ་བ་རེད།

       དབྱིན་ཇིའི་མཚོ་འགྲམ་གྱི་སྡེ་བ་ཞིག་དང་ཀྲུང་གོའི་རྨ་ཆུའི་འགྲམ་གྱི་སྡེ་བ་འདི་གཉིས། བར་ཐག་ལེ་དབར་སྟོང་ཕྲག་དུ་མས་བཅད་ནས་སྔོན་ཆད་འབྲེལ་འདྲིས་བྱེད་མ་མྱོང་ནའང་། ཁོ་ཚོའི་རྩེད་མོའི་སྒྲིག་ལམ་ཡོངས་སུ་གཅིག་པ་རེད། འདི་ནི་ཐོན་དབང་གི“སྔོན་བཟུང་སྒྲིག་ལམ”(先占规则)སྟེ། སུས་སྔོན་ལ་བཟུང་ན་དེ་ལ་དབང་། དེ་ལ་ཡོངས་ཁྱབ་རིན་ཐང་ཡོད་དམ། ངས་བསམ་ན་འདི་ནི་ཡོངས་ཁྱབ་རིན་ཐང་རེད། འགྲོ་བ་མི་ཚང་མས་བརྩི་བཞིན་པའི་ཡོངས་ཁྱབ་རིན་ཐང་སྟེ། འདི་ནི་མི་དང་མིའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་ཚད་ཐིག་ཡིན་པར་མ་ཟད། རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་ཚད་ཐིག་ཀྱང་ཡིན། ད་ལྟ་ང་ཚོས་རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་བཤད་ཀྱིན་པ་རེད། སྤྱིར་ན་རྒྱལ་ཁབ་ལས་བརྒལ་བའི་འཛམ་གླིང་གི་སྲིད་གཞུང་ཞིག་མེད་ནའང་། རྒྱལ་ཁབ་སོ་སོས་ཕན་ཚུན་གྱི་མངའ་ཁོངས་བདག་དབང་ཁས་ལེན་དང་གུས་བརྩི་བྱེད་པ་ནི། མིའི་རིགས་ལ་འདི་འདྲའི་ཡོངས་ཁྱབ་རིན་ཐང་ཞིག་ཡོད་པས་ཡིན། ཀྲུང་གོ་བས་ཏིའོ་ཡུས་གླིང་ཕྲན་ང་ཚོའི་ཡིན་ཟེར་དོན་ནི། ཐོག་མ་ཉིད་ནས་ང་ཚོའི་ཡིན་ཟེར་བ་སྟེ། གླིང་ཕྲན་དེ་སྔོན་ལ་ང་ཚོས་བཟུང་བའི་ནང་དོན་རེད། གལ་ཏེ་ང་ཚོས་ཡོངས་ཁྱབ་རིན་ཐང་ཁས་ལེན་མ་བྱས་ཚེ། རྒྱལ་སྤྱིའི་སྟེང་གི་མངལ་ཁོངས་རྩོད་གཞི་སེལ་ཐབས་མེད་ལ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཉམ་འབྲེལ་ལའང་རེ་བ་མེད། ངས་ཡང་བསྐྱར་ནན་བཤད་ཅིག་བྱས་ན། སྒེར་དབང་རྒྱུ་ནོར་ལམ་ལུགས་ནི་མིའི་རིགས་ཀྱིས་བཙོན་པའི་དཀའ་གནས་སེལ་བའི་ལམ་ལུགས་གལ་ཆེན་ཞིག་ཡིན་པས། ལམ་ལུགས་འདི་མེད་ན། འགྲོ་བ་མི་རྣམས་ཧོ་བྷོ་སིས(Thomas Hobbes)བཤད་ཀྱིན་པའི་མི་ཚང་མའི་དམག་འཁྲིག་གི་ནང་དུ་ལྷུང་འགྲོ་བ་ཡིན། དེང་རབས་སྤྱི་ཚོགས་སུ་རྒྱལ་ཁབ་ཁྲིམས་ལུགས་ཀྱིས་ཐོན་དབང་ལ་སྲུང་སྐྱོབ་བྱས་ཡོད། ཁྲིམས་ལུགས་ནི་མ་གཞི་ནས་མཐུན་འགྲིག་སྔོན་དཔག་དང་མཉམ་འབྲེལ་སྐུལ་འདེད་ཀྱི་ཆེད་དུ་བཟོས་པ་ཡིན། ཉོ་ཚོང་ཞིག་ཡིན་ན་ཕན་ཚུན་གཉིས་ཀར་ཕན་པ་ཡོད་མོད། ཕྱོགས་གཅིག་ནས་གོ་སྐབས་རིང་ལུགས་ཀྱི་རྗེས་སུ་འགྲེང་སྟེ་རིན་དངུལ་མི་སྤྲོད་པའམ་ཐོན་རྫས་རྫུན་མ་ཐོན་སྐྱེད་བྱས་ཚེ་ཅི་བྱེད་དམ། གན་རྒྱ་བཞག་པ་ནི་ཕྱོགས་གཉིས་ཀས་མཉམ་འབྲེལ་ལ་ཁས་ལེན་བྱས་པ་ཡིན། དཔེར་ན། སྤྱི་གཉེར་ཁང་ཁྲོམ་འགྲེམ་དང་རྐང་དབང་འགྲེམ་སྤེལ་བྱས་པ་ནི་ཁེ་ཕན་ལ་འབྲེལ་ཡོད་ཚང་མའི་འདེམས་གསེས་བཟང་བོ་ཞིག་སྟེ། འདི་བྱས་ན་ཐོན་ཁུངས་ལེགས་སྒྲིག་སྔར་ལས་བཟང་ཞིང་། མི་མང་པོས་མཉམ་འབྲེལ་ལས་བྱུང་བའི་རྒྱུ་ནོར་མཉམ་སྤྱོད་བྱས་ཆོག །མཉམ་འབྲེལ་འདི་ལྟ་བུས་ཀུན་གྱིས་ཐོན་དབང་ལ་གུས་བརྩི་བྱེད་པའི་རེ་བ་འཛིན་གྱི་ཡོད། ཡིན་ནའང་། གལ་ཏེ། ལྐོག་ཟ་རུལ་སུངས་དང་མང་ཟ་མང་འཛིན་ཡོད་ཚེ་ཅི་བྱེད་དམ་ཟེར་ན། ང་ཚོར་སྤྱི་གཉེར་ཁང་བདག་སྐྱོང་སྒྲོམ་གཞིའི་ཁྲིམས་ལུགས་མ་ལག་ཅིག་ཡོད་ལ། ཁྲིམས་ལུགས་མ་ལག་འདིས་དོ་བདག་ཕན་ཚུན་དབར་གྱི་བཙོན་པའི་དཀའ་གནས་ཐག་གཅོད་བྱེད་ཐུབ། གལ་སྲིད། ཁྱོད་ཀྱིས་ཁེ་ལས་ཤིག་དོ་དམ་བྱས་ཏེ་སྐོག་ཟ་བྱས་པའམ་ཅི་ནུས་གང་ཐུབ་ཀྱིས་མ་བདག་གི་ཁེ་ཕན་ལ་ཞབས་ཞུ་མ་བྱས་ཚེ། མ་བདག་ཚོས་ཁྱོད་རང་ཁྲིམས་སྦྱོར་བྱས་ཆོག །ཁྱོད་ཀྱང་ཁྲིམས་སྦྱོར་དེ་ལ་སྐྲག་པས་ནན་ཏན་གྱིས་ལས་ཀ་བྱེད་པ་རེད། དེ་བས། ཁྲིམས་ལུགས་ནི་མ་གཞི་ནས“བཙོན་པའི་དཀའ་གནས”ཐག་གཅོད་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་ཡིན།

       མི་དང་མིའི་བར་གྱི་མཉམ་འབྲེལ་ལ་སྐུལ་འདེད་བྱེད་པའི་ལམ་ལུགས་གཞན་དེ་ནི་སྤྱི་ཚོགས་ཚད་གཞི་ཡིན། ཁྲིམས་ལུགས་ནི་དབང་གྲགས་ལྡན་པའི་ཕྱོགས་བསྡུས་ལས་ཁུངས་ཤིག་གིས་བཟོས་ཤིང་། རྒྱལ་ཁབ་ཀྱི་དམག་ཤུགས་ལ་བསྟེན་ནས་བཙན་གྱིས་ལག་བསྟར་བྱེད་ཀྱིན་ཡོད། གལ་ཏེ་ཁྲིམས་ཁང་ནས་ཁྱོད་ལ་ཉེས་པ་ཡོད་པར་ཐག་བཅད་ནའང་ཁྱོད་ཀྱིས་ཁས་ལེན་མ་བྱས་ཚེ། ཁྲིམས་ཁང་ནས་བཙན་གྱིས་ལག་བསྟར་བྱེད་ཆོག །དེར་མི་འདྲ་བ་ཞིག་ལ། སྤྱི་ཚོགས་ཚད་གཞི་ལ་ཕྱོགས་བསྡུས་ཀྱི་བཟོ་བཅོས་ལས་ཁུངས་དང་ལག་བསྟར་ལས་ཁུངས་མེད་པར། དེ་ནི་མི་གྲངས་མེད་ཅིག་གིས་ཡང་དང་བསྐྱར་དུ་རྩོད་གཞི་བྱས་ནས་བྱུང་བ་ཞིག་སྟེ། ང་ཚོ་ཚང་མ་དེའི་ལག་བསྟར་པ་ཡིན། དཔེར་ན། མི་ཞིག་གིས་སྤྱི་གནས་སུ་ཁ་ལུད་གཏོར་ཚེ་སྤྱི་ཚོགས་ཚད་གཞིར་འགལ་བ་ཡིན་པས། སྤྱོད་པ་འདི་ལྟ་བུ་འགོས་པར་ང་ཚོ་སུ་ལའང་དབང་ཆ་ཡོད། འདིར་གནད་དོན་ཞིག་ཡོད་པ་ནི། ཁྱོད་ཀྱིས་མི་ཞིག་གིས་ཁ་ལུད་གཏོར་བར་བཀག་པ་དེར་འཁོན་ལན་མི་སློག་པའི་ཆེད་དུ། མི་མང་པོས་མིག་ཡས་ཞ་ར་དང་རྣ་ཡས་འོན་པ་བྱས་ནས་བསྡད་ཡོད། སྤྱི་ཚོགས་ཚད་གཞི་ལ་རྒྱལ་ཁབ་དབང་ཤུགས་ཀྱི་རྒྱབ་རྟེན་མེད་མོད། ཀུན་གྱིས་ཁས་ལེན་པའི་འགྲོ་ལུགས་ཤིག་ཡིན་ཚེ། ཚང་མས་བརྩི་འོས་པར་འདོད་པ་ལས། གཞན་པའི་སུན་འབྱིན་ཡོད་པའི་སྐབས་སུ་ལག་ཏུ་བསྟར་བ་ཞིག་མིན། མི་མང་པོར་མཚོན་ན། བརྩི་སྲུང་གཏན་དུ་འཁེལ་བ་ནི་རང་གི་འདེམས་གསེས་བཟང་བོ་དེ་ཡིན་པར་མ་ཟད། སུན་འབྱིན་དང་བཀའ་ཆད་མི་བརྩི་བའི་མི་ལའང་ཆེས་བཟང་བོ་དེ་ཡིན་པས། ང་ཚོས་སྤྱི་ཚོགས་ཚད་གཞི་དེ་ནཱ་ཧྲིན་ཆ་སྙོམ(纳什均衡)གྱི་ཚད་དུ་སླེབས་འདུག་ཅེས་བཤད་ཀྱང་ཆོག །གལ་ཏེ་མི་མང་པོས་གཞན་གྱིས་སྤྱི་ཚོགས་ཚད་གཞི་བརྩི་བར་སྔོན་དཔག་བྱས་པ་ཡིན་ན། སྤྱི་ཚོགས་ཚད་གཞིར་འགལ་བའི་སྤྱོད་པ་ལའང་མི་མང་པོས་སུན་འབྱིན་བྱེད་པས། མི་ཉུང་ཤས་ཀྱི་སྒྲིག་འགལ་གྱིས་སྤྱི་ཚོགས་ཚད་གཞིར་ཚོད་འཛིན་བྱེད་མི་ཐུབ།

      ཁྲིམས་ལུགས་དང་སྤྱི་ཚོགས་ཚད་གཞི་ལ་བཅད་མཚམས་གསལ་བོ་ཞིག་མེད། རང་རྒྱལ་གྱི་སྲོལ་རྒྱུན་ཐོག་ནས་བཤད་པའི”གུས་ཞབས”ནི་ཁྲིམས་ལུགས་དང་སྤྱི་ཚོགས་ཚད་གཞི་མཉམ་བསྲེས་ཤིག་སྟེ། ཀྲུང་གོ་བའི་མཉམ་འབྲེལ་དཀའ་གནས་ཐག་གཅོད་བྱེད་པའི་ལམ་ལུགས་གལ་ཆེན་ཡིན། གུས་ཞབས་མང་པོ་དམངས་ཁྲོད་དུ་བྱུང་ཞིང་དམངས་ཁྲོད་དུ་ལག་བསྟར་བྱེད་ཀྱིན་ཡོད་མོད། གུས་ཞབས་ཀྱི་ཆ་ཤས་རེ་འགའ་སྲིད་གཞུང་བརྒྱུད་ནས་ལག་བསྟར་བྱེད་ཀྱིན་ཡོད། དཔེར་ན། གནའ་སྔ་མོར་གུས་ཞབས་མེད་མཁན་ལ་སྲིད་གཞུང་ནས་ལྕག་གིས་བྲབས་པ་ལྟ་བུ།

      མི་ཆོས་ཀུན་སྤྱོད་ཀྱང་སྤྱི་ཚོགས་མཉམ་འབྲེལ་སྐུལ་འདེད་ཀྱི་ལམ་ལུགས་གལ་ཆེན་ཞིག་ཡིན། སྐབས་རེ་འགར་མི་ཆོས་ཀུན་སྤྱོད་ནི་ཁྲིམས་ལུགས་དང་སྤྱི་ཚོགས་ཚད་གཞི་ནང་གནས་ཅན་དུ་བསྒྱུར་བ་སྟེ། ཆུང་དུས་ནས་སློབ་གསོ་མྱང་བའི་མཇུག་འབྲས་ཡིན། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་མགོ་གཡོགས་ཀྱི་གོ་སྐབས་ཡོད་མོད། ང་ཚོས་མགོ་གཡོགས་མི་བྱེད་པ་ནི་ཁྲིམས་ལུགས་ཀྱི་ཉེས་ཆད་ལ་སྐྲག་པས་སམ་སུན་འབྱིན་གྱི་མྱི་ཁར་སྐྲག་པས་ཡིན་མོད། འོན་ཀྱང་། སྐབས་རེ་འགར་མགོ་གཡོགས་བྱས་ཀྱང་ང་ཚོའི་སེམས་ཁམས་བདེ་པོ་མེད་པ་དེ་ཀུན་སྤྱོད་ཀྱི་ནུས་པ་རེད། ཀུན་སྤྱོད་ནི་མ་གཞི་ནས་རྣམ་དཔྱོད་ལས་བྱུང་བ་ཡིན་པས། ཀུན་སྤྱོད་ལྟར་དུ་བྱ་བ་བྱས་ན་རྣམ་དཔྱོད་མེད་པ་ཆགས་མི་སྲིད་དེ། རྣམ་དཔྱོད་མེད་པའི་མི་ཞིག་ལ་ཀུན་སྤྱོད་ལེགས་པོ་ཞིག་ཡེ་ནས་ཡོད་མི་སྲིད།

     མིའི་རིགས་ཀྱི་མཉམ་འབྲེལ་ཆེད་སྲིད་གཞུང་ལ་ངེས་པར་ཚོད་འཛིན་བྱེད་དགོས།

     མིའི་རིགས་ལ་སྲིད་གཞུང་དགོས་དོན་ནི་བཙོན་པའི་དཀའ་གནས་སེལ་བ་དང་མཉམ་འབྲེལ་བཟང་བོ་བྱེད་པའི་ཆེད་དུ་དང། སྲིད་གཞུང་གི་རྩ་བའི་ནུས་པའང་མི་སྒེར་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། འདྲ་མཉམ་དང་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། དེའང་བདེ་འཇགས་དང་རང་དབང་ལ་ནུས་ལྡན་གྱི་ཁག་ཐེག་བྱུང་ཚེ། མིའི་རིགས་ཀྱིས་ད་གཟོད་མཉམ་འབྲེལ་བྱེད་པ་ཡིན། ཕྱོགས་གཞན་དུ། སྲིད་གཞུང་ཡོད་པ་དེ་རང་དབང་དང་མིའི་རིགས་ཀྱི་བདེ་འཇགས། མཉམ་འབྲེལ་ལ་གནོད་པའི་ནུས་སྟོབས་ཤིག་ཏུ་འགྱུར་སྲིད་པ་ཡིན། དེའི་རྒྱུ་མཚན་ནི་སྲིད་གཞུང་ཡང་མིས་དོ་དམ་བྱས་པ་དང་། མི་སྤྱིར་བཏང་བར་མི་འདྲ་བ་ཞིག་ནི་སྲིད་གཞུང་ལ་དོ་དམ་བྱེད་མཁན་གྱི་མི་ལ་ཁྲིམས་མཐུན་གྱིས་དྲག་ཤུགས་སྤྱོད་པའི་སྒེར་སྡེམ་དབང་ཆ་ཡོད།

     ཀྲུང་གོ་བས་སྲིད་གཞུང་ཟེར་བ་དཀོན་མཆོག་ལྟ་བུའི་སྒེར་སེམས་མེད་ལ། མི་ཤེས་མི་ནུས་པ་མེད་པའི་མི་འགྲན་མེད་ཅིག་གི་ཚད་དུ་བཟུང་ཡོད་མོད། དོན་དུ་འཛམ་གླིང་ས་ཆ་གང་དུའང་སྲིད་གཞུང་དེ་འདྲ་ཞིག་མེད། རྒྱལ་ཁབ་སོ་སོའི་སྲིད་གཞུང་ཚང་མ་མིས་ཁ་ལོ་སྒྱུར་བ་ཡིན་ལ། མི་འདི་དག་ལ་རྒྱལ་བོ་དང་གོང་མ། ཙུང་ཏུའུ་དང་ཆབ་སྲིད་པའམ་སྲིད་གཞུང་དཔོན་པོ་ཞེས་པའི་ཆོ་ལོ་ཡོད་ཀྱང་། ཁོ་ཚོ་ཡང་ང་ཚོ་དང་འདྲ་བར་རང་ཕན་གྱི་གཤིས་ཀ་དང་མ་ཤེས་པའི་ཆ་ཡོད་ངེས་ལ། ཁོ་ཚོས་ཀྱང་ནོར་འཁྲུལ་བཟོས་ནས་རང་ཕན་གཞན་གནོད་ཀྱི་སྤྱོད་ངན་སྟོན་པ་ཡིན། ཁྲོམ་རའི་ཁྲོད་ཀྱི་ང་ཚོ་དང་མི་འདྲ་བ་ཞིག་ལ་ཁོ་ཚོས་སྲིད་གཞུང་གི་མིང་ཐོག་ནས་ཁྲིམས་མཐུན་གྱིས་ང་ཚོས་བྱེད་མི་འདོད་པ་དེ་བཙན་གྱིས་བྱེད་དུ་འཇུག་པ་དང་། སྲིད་གཞུང་གི་ཡོང་འབབ་ནི་རིན་གོང་ལས་བྱུང་བ་མིན་པར་ཁྲལ་བསྡུ་ལས་བྱུང་བ་སྟེ། ཁྲལ་བསྡུ་ནི་སྲིད་གཞུང་ནས་སྤྲད་པའི་ཞབས་ཞུ་དེར་ང་ཚོ་ཡིད་ཚིམ་མིན་གང་ཡིན་ཡང་བཙན་ཚུགས་ཀྱིས་བསྡུ་བ་ཞིག་ཡིན། འདི་ནི་ང་ཚོས་ཁྲོར་རའི་ནང་ནས་ཐོན་རྫས་ཉོ་བ་ལ་མི་འདྲ། ཁྲོམ་རའི་ནང་དུ་མི་སྒེར་གྱི་བློ་མོས་དང་འགལ་བའི་བཙན་ཉོ་བཙན་བཙོང་བྱེད་པ་ཁྲིམས་འགལ་ཡིན། དེའི་རྐྱེན་གྱིས་སྲིད་གཞུང་ནི་མཉམ་འབྲེལ་ལ་གཏོར་བརླག་བྱེད་པའི་ནུས་སྟོབས་ཤིག་ཏུ་འགྱུར་སླ་བས། ཅི་བྱས་ནས་སྲིད་གཞུང་ལ་ཚོད་འཛིན་བྱེད་པ་དེའང་གལ་ཆེ་བའི་དོན་དག་ཅིག་ཡིན།

      སྔོན་ཆད་དཀོན་མཆོག་དང་ཆོས་ལུགས། མི་སྒེར་ཀྱི་སྤྱོད་པ་སོགས་ལ་བསྟེན་ནས་སྲིད་གཞུང་ཚོད་འཛིན་བྱས་པ་དང་། འདི་དག་གིས་ཀྱང་དབང་སྒྱུར་མཁན་གྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཚོད་འཛིན་མི་ཐུབ་པ་ལ། མི་རྣམས་ཀྱིས་གྱེན་ལོག་བྱས་ཏེ། སྲིད་གཞུང་རྙིང་བ་མགོ་རྟིང་སློག་ནས་སྲིད་གཞུང་གསར་བ་བཙུགས་པ་རེད། འདས་པའི་མི་ལོ་ལྔ་བརྒྱའི་ནང་གི་མིའི་རིགས་ཀྱི་ཡར་རྒྱས་ཆེ་བའི་འདུ་ཤེས་དེ། གོང་མ་དང་རྒྱལ་བོ། སྲིད་གཞུང་གི་དཔོན་པོ་རྣམས་རང་ཕན་ངོས་ཤེས་བྱུང་བ་དང་། དཀོན་མཆོག་དང་མི་སྒེར་སྤྱོད་ལམ་གྱིས་ཁོ་ཚོར་ཚོད་འཛིན་བྱེད་ཐབས་མེད་ལ། ཁོ་ཚོར་ཚོད་འཛིན་བྱེད་པའི་ཐབས་ལམ་ཉག་གཅིག་ནི་དབང་ཆ་གཟེབ་ནང་དུ་འཇུག་པ་སྟེ། གཟེབ་དེ་ནི་ཁྲིམས་སྲིད་དང་དམངས་གཙོའི་ལམ་ལུགས་ཡིན།

     ཁྲིམས་སྲིད་ཟེར་བ་ནི་དབང་སྒྱུར་མཁན་སུ་ཡིན་ཡང་ཁྲིམས་སྲིད་དང་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་བརྒལ་བའི་དབང་གྲགས་ཡོད་མི་ཆོག་པའམ་སྲིད་གཞུང་གི་དབང་ཤུགས་གང་ཡིན་ཡང་ཁྲིམ་ལུགས་ཀྱིས་གསལ་བོར་གནང་བ་ཞིག་ཡིན། མང་ཕྱོགས་ནས་དམངས་གཙོ་ནི་སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་ཏེ་སྲིད་གཞུང་གི་འགོ་ཁྲིད་མི་སྣ་འདེམས་བསྐོ་བྱས་པ་སྟེ། དབང་ཆ་དམངས་ཀྱིས་གནང་བར་གོ་ཆོག ། ཀུན་གྱིས་མི་མང་ཤས་ཀྱི་ཕྱོགས་དེ་ཡང་དག་ཡིན་པར་མ་བསམ་དང་ཁོ་ཚོར་ཡང་ནོར་འཁྲུལ་འབྱུང་སྲིད་ལ། མིའི་རིགས་ཀྱི་མཉམ་འབྲེལ་ལ་གནོད་པའི་བྱ་བ་བྱེད་སྲིད། གལ་ཏེ་དམངས་གཙོའི་ལམ་ལུགས་ལ་ཁྲིམས་སྲིད་ཀྱི་ཚོད་འཛིན་མེད་ཚེ་མི་མང་གི་བཙན་ཤེད་སྲིད་དབང་དུ་འགྱུར་ཞིང་། འདི་ནི་ཧེ་ཐུ་ལིར(Adolf Hitler)གྱིས་ང་ཚོས་གནང་བའི་བསླབ་བྱ་ཡིན། དེ་བས་རྒྱལ་ཁབ་ཅིག་ལ་ཁྲིམས་སྲིད་དང་ཁྲིམས་སྐྱོང་མེད་ཚེ། དམངས་གཙོའི་ལམ་ལུགས་ངོ་མ་ཞིག་ཡོད་མི་སྲིད། དམངས་གཙོ་ལག་ཏུ་བསྟར་ན་ཐོག་མར་ཁྲིམས་སྲིད་ནས་མགོ་རྩོམ་དགོས།

      ཡིན་ཡང་ཁྲིམས་སྲིད་ཀྱང་ལམ་ལུགས་གཞན་པའི་དགོས་མཁོ་སྟེ། གནའ་རབས་ཀྱི་ནུབ་ཕྱོགས་བསམ་བློ་བ་མང་པོས་དམངས་གཙོར་རྒོལ་བ་དང་ཁྲིམས་སྲིད་ལ་འཐད་པ་རེད། ཨེ་རེས་སི་ཐོ་ཐུའི(Aristoteles)ཆབ་སྲིད་རིག་པའི་ཁྲོད་ཀྱི་རྒྱལ་བོའི་ལམ་ལུགས་ནི་ཁྲིམས་སྲིད་ཅིག་ཡིན་ལ། ཁོས་བལྟས་ན་ཆེས་མཐོ་བའི་དབང་སྒྱུར་མཁན་དེ་ཁྲིམས་ལུགས་རེད། གལ་ཏེ་རྒྱལ་བོའི་དབང་ཤུགས་ལ་ཁྲིམས་ལུགས་ཀྱི་ཚོད་འཛིན་མ་ཐེབས་ཚེ། རྒྱལ་བོའི་ལམ་ལུགས་ཀྱང་གཡོ་འཕྲོག་ལམ་ལུགས་སུ་འགྱུར་བ་ཡིན། གལ་ཏེ་སྐུ་དྲག་གི་དབང་ཤུགས་ལ་ཁྲིམས་ལུགས་ཀྱི་ཚོད་འཛིན་མ་ཐེབས་ཚེ། སྐུ་དྲག་ལམ་ལུགས་ཀྱང་མི་དྲག་ལམ་ལུགས་སུ་འགྱུར་བ་ཡིན། མཱན་ཐི་སི་ཁེ་ཨོས<<ཁྲིམས་ཀྱི་སྙིང་སྟོབས་རྣམ་བཤད།>>ལས“དབང་གསུམ་དབྱེ་འཛུགས”ཀྱི་ལྟ་བ་བཏོན་པ་དེའང་། རྒྱལ་བོའི་དབང་ཤུགས་ལ་ཁྲིམས་ཀྱི་ཚོད་འཛིན་དགོས་པ་བཤད་ཡོད། ཁོས་གོང་བཀུར་བྱེད་ས་དེ་སྐབས་དེའི་དབྱིན་ཇིའི་རྒྱལ་བོའི་ལམ་ལུགས་ཡིན་པ་ལས་དེང་རབས་ཀྱི་དམངས་གཙོའི་ལམ་ལུགས་མིན།

     སྲིད་གཞུང་ཚོད་འཛིན་ལ་ཁྲིམས་སྲིད་དང་ཁྲིམས་སྐྱོང་འཛུགས་སྐྲུན་ནས་མགོ་རྩོམ་དགོས་པ་ནི་དབྱིན་ཇིའི་ལོ་རྒྱུས་ཡིན་ལ། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གི་ཉམས་མྱོང་ཡང་ཡིན། དབྱིན་ཇིའི་ཁྲིམས་སྲིད༡༢༡༥ལོའི<<རྩ་ཁྲིམས་ཆེན་མོ།>>ནས་མགོ་བརྩམས་པ་དང་། ༡༦༨༨ལོའི་གཟི་བརྗིད་གསར་བརྗེས་ཕལ་ཆེར་ལེགས་འགྲུབ་བྱུང། དབྱིན་ཇིའི་དམངས་གཙོ༡༨༣༢ལོའི<<ཁྲིམས་གཞི་བཅོས་སྒྱུར་དང་པོ།>>ནས་མགོ་བརྩམས་པ་དང་། འདེམས་བསྐོའི་དབང་ཆ་སྐུ་དྲག་ནང་ཁུལ་ནས་འབྱོར་འབྲིང་གྲལ་རིམ་དུ་རྒྱལ་བསྐྱེད་དེ༡༩༢༨ལོར་ལེགས་འགྲུབ་བྱུང་སྟེ། ཡོངས་ཁྱབ་འདེམས་དབང་ནས་བུད་མེད་དར་མའི་སྤྱི་དམངས་ཀྱི་ཁྲོད་དུ་རྒྱ་བསྐྱེད་དེ་ལོ་ངོ༩༦འགོར། དེ་བས་ཁྲིམས་སྲིད་ནི་དམངས་གཙོའི་ལམ་ལུགས་གཅིག་པུར་མཁོ་བ་ཞིག་ཀྱང་མ་ཡིན་པར་རྒྱལ་བོའི་ལམ་ལུགས་ལའང་དགོས། འདི་ནི་ལོ་རྒྱུས་ཀྱི་རྩ་བའི་དོན་དངོས་ཤིག་ཡིན།

     ཁྲིམས་སྲིད་ཀྱིས་སྲིད་གཞུང་སྟོབས་ཤུགས་ཇེ་ཞན་དུ་བཏང་འགྲོ་བར་བསམ་པ་ནི་ངེས་ཤེས་ནོར་འཁྲུལ་ཅན་ཏེ། དོན་དུ་སྟོབས་ཆེ་བའི་སྲིད་གཞུང་ངོ་མ་ནི་ཁྲིམས་སྲིད་ཀྱིས་ཚོད་འཛིན་བྱས་པའི་སྲིད་གཞུང་ཡིན། དེའང་། སྲིད་གཞུང་ཡོད་པ་ནས་མིའི་རིགས་ཀྱི་རྩོད་གཞི་ཆེ་བ་དེ་མི་སེར་དང་སྲིད་གཞུང་བར་གྱི་རྩོད་གཞི་ཡིན། སྒེར་གཅོད་ལམ་ལུགས་འོག་གི་མི་སེར་ཚོས་མཉམ་འབྲེལ་མ་བྱས་ཆོག་ལ།(ལྡོག་ཕྱོགས་ཀྱི་འགོག་རྒོལ།) མི་སེར་གྱི་ཡིད་ཆེས་མེད་པའི་སྲིད་གཞུང་ནི་སྲིད་གཞུང་སྟོབས་ཆེན་ཞིག་ཡིན་མི་སྲིད། མི་སེར་གྱིས་སྲིད་གཞུང་ལ་ཇི་ལྟར་ཡིད་ཆེད་བྱེད་དམ། ཁ་བཤད་སྟོང་བ་ལ་ལམ་ལུགས་ཀྱིས་རང་ཚོད་འཛིན་པ་ལས་ཐབས་གཞན་མེད། ཁྲིམས་སྲིད་དང་དམངས་གཙོ་ནི་སྲིད་གཞུང་གིས་མི་སེར་ལ་ཁས་ལེན་བྱས་པ་ལྟ་བུ་སྟེ། ཁས་ལེན་འདི་ལྟ་བུ་ཡོད་ཚེ་སྲིད་གཞུང་གིས་རང་སྣང་གང་ཤར་བྱེད་མི་ཐུབ་པ་དང་། མི་སེར་ཚོས་ཀྱང་སྲིད་གཞུང་ལ་སྔར་ལས་ཡིད་ཆེས་དང་མཉམ་འབྲེལ་བྱེད་པ་ཡིན། དོན་འདི་དབྱིན་ཇིའི་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད། གཟི་བརྗིད་གསར་བརྗེའི་སྔོན་ལ། དབྱིན་ཇིའི་གཞུང་བུན་ཡུན་རིང་བོར་དབྱིན་སྒོར་ཁྲི༢༠༠ཡར་མར་ཡིན་ལ། དེ་ནི་སྲིད་གཞུང་གིས་སྒོར་མོ་མ་བསྐྱིས་པ་མིན་པར་རྒྱལ་བོས་དུས་རྒྱུན་ཁས་མི་ལེན་པས་ན། བུན་བདག་བྱ་ཐབས་ཟད་དེ་སྲིད་གཞུང་ལ་སྒོར་མོ་བསྐྱི་མཁན་མེད། གཟི་བརྗིད་གསར་བརྗེའི་རྗེས་སུ། རྒྱལ་བོའི་དབང་ཤུགས་ལ་གྲོགས་ཚོས་ཀྱིས་ཚོད་འཛིན་བྱེད་ཅིང་། གལ་ཏེ་རྒྱལ་བོས་ཁས་ལེན་ལག་བསྟར་མ་བྱས་ཚེ། གྲོས་ཚོགས་ཀྱིས་ཁོའི་མགོ་རྟིང་སློག་ཆོག །མི་རྣམས་ཀྱིས་སྲིད་གཞུང་ལ་ཡིད་ཆེས་ཇེ་ཆེར་གྱུར་བས། སྲིད་གཞུང་གིས་སྒོར་མོ་བསྐྱི་བར་དཀའ་ཁག་ཆུང་ལ་རྒྱལ་བུན་མུ་མཐུད་ནས་རྒྱ་བསྐྱེད་དེ། ༡༦༩༧ལོར་དབྱིན་སྒོར་ཁྲི༡༦༧༠ལ་འཕར། ༡༧༢༠ལོར་དབྱིན་སྒོར་ཁྲི༥༤༠༠ལ་འཕར། ༡༧༩༠ལོར་དབྱིན་སྒོར་ཁྲི༢༤༤༠༠ལ་འཕར། ལོ་བརྒྱ་ལྷག་གི་རིང་ལ་ལྡབ༡༢༠འཕར། གལ་ཏེ་ནོར་ཤུགས་ཀྱི་རྒྱབ་སྐྱོར་འདི་འདྲ་མེད་པ་ཡིན་ན། དབྱིན་ཇིས་ཡོ་གླིང་གི་ཟིན་མི་ཐུབ་པས་ན། འདི་ནི་ཁྲིམས་སྲིད་ཀྱི་སྟོབས་ཤུགས་ཡིན།

     སྤྱིར་བཤད་ན། ཁྲིམས་སྲིད་དང་དམངས་གཙོའི་ལམ་ལུགས་འོག་གི་སྲིད་གཞུང་ལ་སྤྱི་དམངས་ཀྱི་ཡིད་ཆེད་བྱེད་པ་དང་། སྤྱི་དམངས་ཀྱི་ཡིད་ཆེས་ཡོད་པའི་སྲིད་གཞུང་ནི་སྟོབས་ཆེན་ངོ་མ་དེ་ཡིན། འཛམ་གླིང་ལ་ལྟོས་དང་། རྒྱལ་ཁབ་གང་སྟོབས་ཆེ་ན། རྒྱལ་ཁབ་དེའི་སྲིད་གཞུང་གིས་ཁྲིམས་སྲིད་དང་དམངས་གཙོ་ལག་ཏུ་བསྟར་བ་ཐག་ཆོད་ཡིན་ཏེ། ཁོ་ཚོར་མི་སེར་གྱིས་ཡིད་ཆེད་བྱེད་པས་ཡིན།

      ཁྲིམས་སྲིད་དང་དམངས་གཙོའི་ཁྱབ་ཁོངས་སུ་མི་རྣམས་ཀྱིས་ཁྲིམས་ལུགས་བརྩི་བ་ནི་ཁྲིམས་ལུགས་ལ་གོང་བཀུར་བྱས་པ་ལས་འཇིགས་སྐྲག་བྱུང་བ་མིན། མི་རྣམས་ཀྱི་སེམས་སུ་ཁྲིམས་ལུགས་ནི་འདྲ་མཉམ་དྲང་བཞག་ཡིན་པས་དེ་བརྩི་སྲུང་བྱ་དགོས། དེ་བས་སྲིད་གཞུང་གིས་བཟོས་པའི་ཁྲིམས་ལུགས་ལ་སྔར་ལས་ལག་བསྟར་བྱེད་བདེ་བ་དང་མི་དང་མིའི་བར་གྱི་མཉམ་འབྲེལ་ཡང་སྔར་ལས་བཟང་། ཁྲིམས་སྲིད་མ་ཡིན་པའི་ལམ་ལུགས་འོག་གི་ཁེ་ཐོབ་མཁན་མང་པོས་ཁྲིམས་ལུགས་ནི་ཁོ་ཚོར་ཞབས་ཞུ་བྱེད་སྤྱད་དང་བྲག་གཡོག་རྣམས་ལ་དབང་སྒྱུར་བྱེད་པའི་ལག་ཆ་ལྟ་བུར་འདོད་ནས་ཁྲིམས་ཆད་དྲག་པོ་གཅོད་པ་རེད། མི་རྣམས་ཀྱིས་ཁྲིམས་ལུགས་ཀྱི་བཀག་རྒྱ་ལས་ཐར་བའི་གོ་སྐབས་འཚོལ་བ་སྟེ། སྤྱི་ཚོགས་འདི་འདྲ་ཞིག་གི་ནང་དུ། མི་རྣམས་ལ་མཉམ་འབྲེལ་གྱི་སྙིང་སྟོབས་བཟང་བོ་ཞིག་གང་དུ་ཡོད་ཨང་།

  ཡེ་ལོ༢༠༡༧ལོའི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན།

མདོ་སྨད་ཐེམ་ཆེན་དུ་གུ་རུ་འོད་གསལ་གྱིས་བསྒྱུར།