དང་པོ། ཐང་ག་འདི་ཚལ་ལུགས་ཀྱི་མགོན་པོ་ཕྱག་བཞི་པ་རེད།   ཅི་ཞིག་ལ་ཚལ་ལུགས་ཟེར་བ་རེད་ཅེ་ན།      ཡོངས་གྲགས་སུ།    ཞང་གཡུ་བྲག་པ་དང་ཁོང་གིས་བཏབ་པའི་ཚལ་གུང་དགོན་པ་ནས་བརྒྱུད་འོངས་པའི་ཆོས་བརྒྱུད་ལ་ཚལ་པ་བཀའ་བརྒྱུད་བྱ་བ་དང་།    ཡང་ན་ཚལ་ལུགས་ཀྱང་ཟེར།       

འོ་ན།   ཐང་ག་འདིའི་བླ་སྐུ་གྲས་སུ་དགེ་ལུགས་ཀྱི་བླ་མ་ཞིག་ཡོད་པའི་རྒྱུ་མཚན་ཅི་རེད་ཅེ་ན།      དེ་ལ་རྒྱུ་མཚན་གཉིས་འདུག་སྟེ།   གཅིག་ནི།      སེ་ར་དགོན་པ་འདེབས་མཁན་བྱམས་ཆེན་ཆོས་རྗེའམ་ཤཱཀྱ་ཡེ་ཤེས་ནི་ཚལ་པ་ཁྲི་དཔོན་གྱི་ཁྱིམ་བརྒྱུད་ནས་འཁྲུངས་པ་རེད།      ཁོང་ཆུང་དུས་ཚལ་གུང་ཐང་དགོན་པའི་གྲྭ་བ་རེད།    ཕྱིས་སུ་རྗེ་ཙོང་ཁ་པ་ལ་མཇལ་ནས་ཁོང་གི་ཐུགས་སྲས་སུ་གྱུར།      རྗེ་ཙོང་ཁ་པས་ཀྱང་སློབ་མ་བྱམས་རྗེ་ཆོས་རྗེ་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འབྲོག་རི་བོར་དགའ་ལྡན་དགོན་ཕྱག་འདེབས་མཛད་ཐུབ་པ་བྱུང་ངོ་།།

བྱམས་ཆེན་ཆོས་རྗེ་རང་གི་ཡབ་མེས་ནས་བརྒྱུད་པའི་ཚལ་ལུགས་ཀྱི་མགོན་པོ་ཕྱག་བཞི་པ་དེ་ལ་དཔེ་མི་ཟད་པའི་ཐུགས་དད་བླ་ལྷག་ཏུ་ཆེ་བས་དེའི་ཆོས་སྐོར་སེ་རར་སྤེལ་བ་ནི་བཤད་མི་དགོས་པ་ཞིག་རེད།     

གཉིས་ནི།      རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་ཐུག་ཡོད་དེ།      ཐང་ག་འདིའི་བླ་སྐུ་པཎ་ཞྭ་སེར་པོ་ཅན་དེ་ཧ་ལམ་རྒྱལ་བ་དགེ་འདུན་རྒྱ་མཚོ་ཡིན་རྒྱུ་རེད་བསམ།       རྒྱལ་བ་དགེ་འདུན་རྒྱ་མཚོའི་མེས་པོ་ཡང་མེས་གཉིས་ནི་དེ་སྔོན་རྒྭ་ལོ་ཙཱ་བའི་ཞབས་ཕྱི་བྱས་ནས་རྒྱ་གར་ནཱ་ལེནྡྲར་ཕེབས་པ་རེད།     དེ་ནས་ཙ་མི་པཎ་ཆེན་དང་ཨ་བྷ་ཡཱ་གཉིས་ལ་གཏུགས་ཏེ་སློབ་གཉེར་མཛད།    

བླ་མ་གཉིས་ཀྱང་དགྱེས་བཞིན་དུ་མགོན་པོ་ཕྱག་བཞི་པའི་ཆོས་སྐོར་ཆ་ཚང་སློབ་མ་ཚོར་གནང་བས།    ཕྱིར་བོད་དུ་ལོག་རྗེས་གཙང་རྟ་ནག་ཏུ་གཞིས་ཆགས་ནས་བཞུགས།       དེའི་རྒྱུད་པ་ནསཕྱིས་སུ་རྒྱལ་བ་དགེ་འདུན་རྒྱ་མཚོ་འཁྲུངས།       ཁོང་གི་ཁྱིམ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་ནི་མགོན་པོ་ཕྱག་བཞི་པ་རེད།         ཁོང་གིས་ཕྱིས་སུ་མགོན་པོ་ཕྱག་བཞི་པའི་ཆོས་སྐོར་མང་དུ་སྤེལ་བ་རྣམ་ཐར་དུ་གསལ།         རྒྱུ་རྐྱེན་ལ་དེ་གཉིས་ལ་བརྟེན་ནས་སེ་ར་དགོན་པར་མགོན་པོ་ཕྱག་བཞི་པ་དམིགས་བསལ་དུ་བསྟེན་མཁན་མང་པོ་བྱུང་བའི་རྒྱུ་མཚན་དེ་ལ་ཐུག་གོ།

ངས་གོང་དུ་བཤད་པ་ལྟར།    ཚལ་པ་དགོན་པ་དེ་ཞང་གཡུ་བྲག་པས་བཏབ་པ་རེད།       ཞང་གཡུ་བྲག་པའི་བླ་མ་གཙོ་བོ་གཅིག་ནི་རྒྭ་ལོ་ཙཱ་བ་རེད།       རྒྭ་ལོ་ཙཱ་བའི་བླ་མ་གཙོ་བོ་ནི་ཙ་མི་པཎ་ཆེན་རེད།     ཙ་མི་པཎ་ཆེན་པས་རྒྭ་ལོ་ཙཱ་བ་དང་།  སྟེང་པ་ལོ་ཙཱ་བ།    ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས།     ཞང་ཞུང་ལོ་ཙཱ་བ་སོགས་ལ་གནང་།     དེ་རྣམས་ལས་བརྒྱུད་དེ་བོད་ཁམས་ཡོངས་སུ་མགོན་པོ་ཕྱག་བཞི་པའི་བརྒྱུད་པ་འདི་དར་འོངས་པ་རེད།       

                           

གཉིས་པ། ཁ་སང་ངས་རྒྱལ་བ་དགེ་འདུན་རྒྱ་མཚོའི་མེས་པོ་གཉིས་རྒྱ་གར་དུ་ཕེབས་ནས་ཙ་མི་ལོ་ཙཱ་བའི་མདུན་ནས་བཀའ་ཆོས་གསན་པ་རེད་ཅེས་བཤད་པ་ཡིན།        སྐབས་དེར་མེས་པོ་དེ་གཉིས་ཀྱི་མཚན་ག་རེ་ཡིན་པ་ཡིད་ལ་མ་ཤར་བ་བདེན།        འོན་ཏེ།       འོལ་ཚོད་ཀྱིས་བཤད་པ་མིན།       གཞན་ཁོང་གི་ཁྱིམ་རྒྱུད་ཀྱིས་མགོན་པོ་ཕྱག་བཞི་པ་དམིགས་བསལ་དུ་བསྟེན་པ་རེད་ཟེར་བ་དེ་ཡང་ལོ་རྒྱུས་ཡིག་ཚང་གི་རྒྱབ་ལྗོངས་ལ་བརྟེན་ནས་བཤད་པ་ཡིན།         

རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་༼ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར༽་ལས།        སྲེག་སྟོན་སྒོམ་བཙུན་དང་།     སྲེག་སྟོན་ཆར་འབེབས་གཉིས་ཀྱིས་དཔལ་ཆེན་རྒ་ལོའི་ཞབས་ཕྱི་བྱས།    རྒྱ་གར་དུ་ཙ་མི་ཆེན་པོའི་མདུན་ནས་ཆོས་མང་དུ་གསན་ཞེས་གསུངས་ཡོད་པ་དེ་རེད།    ཡིད་མི་ཆེས་ན་དཔེ་ཆ་དེར་གཟིགས།        འདིའི་སྐབས་ཀྱི་ཀུན་དགའ་རྒྱལ་མཚན་ནི་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡབ་ཆེན་རེད།      

སྲེག་སྟོན་སྒོམ་བཙུན་དང་།     སྲེག་སྟོན་ཆར་འབེབས་གཉིས་རྒྱ་གར་ནས་ཕྱིར་བོད་ཡུལ་དུ་ལོག་རྗེས་གནམ་མཚོར་སྒྲུབ་པ་མཛད་པར་བཤད།    དེ་དུས་ཧ་ལམ་རྒྭ་ལོ་ཙཱ་བ་དང་མཉམ་དུ་ཡོད་པ་ཡིན་ནམ་སྙམ།      རྒྭ་ལོའི་རྣམ་ཐར་ལས།    གནམ་མཚོའི་སེ་མོ་དོ་རུ་ཡུན་རིང་དུ་སྒྲུབ་པ་མཛད་པར་བཤད།

དེ་ནས་སྲེག་སྟོན་ཆར་འབེབས་སྐྱ་སར་བབས་ནས་རྒྱུད་པ་སྤེལ།   དུས་ནམ་ཞིག་ལ་གཙང་རྟ་ནག་གི་ཕྱོགས་སུ་གཞིས་ཆགས་བགྱིས།

དེའི་ཁྱིམ་བརྒྱུད་ནས་ཕྱིས་སུ་ཀུན་དགའ་རྒྱལ་མཚན་འཁྲུངས།    ཀུན་དགའ་རྒྱལ་མཚན་འདི་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡབ་ཆེན་རེད།   རྒྱལ་བ་དགེ་འདུན་རྒྱ་མཚོའི་རུས་སྲེག་ཡིན་ཞེས་པའི་ཁུངས་ལུང་དེ་ལ་ཐུག་གོ།

རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་མགོན་པོ་ཕྱག་བཞི་པའི་ཆོས་སྐོར་གྱི་བརྒྱུད་པ་བྱུང་བ་འདི་ཡང་ཚལ་ལུགས་ཡིན་འདུག    ཚལ་ལུགས་གནང་མཁན་ཡང་ཁོང་གི་ཡབ་ཀུན་དགའ་རྒྱལ་མཚན་རེད།      པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་༼ཐོབ་ཡིག་རིན་ཆེན་དབང་རྒྱལ༽་ལས།

མགོན་པོ་ཕྱག་བཞི་པ་ལྷ་མངས་ཀྱི་རྗེས་གནང་གི་བརྒྱུད་པ་ནི།      རྒྱལ་བ་རྡོ་རྗེ་འཆང་།    ཕྱག་ན་རྡོ་རྗེ།       རྒྱལ་པོ་ཨིནྡྲ་བྷུཏི།       ཀླུའི་རྣལ་འབྱོར་མ།      གྲུབ་ཆེན་ས་ར་ཧ།       འཕགས་པ་ཀླུ་སྒྲུབ།

ཀླུའི་བྱང་ཆུབ།      དུས་ཞབས་ཆེ་ཆུང་།        རྩ་མི་སངས་རྒྱས་གྲགས།     སློབ་དཔོན་ཨ་བྷ་ཡཱ་ཀ་ར།       དཔལ་ཆེན་རྒྭ་ལོ།    ཞང་གཡུ་བྲག་པ།       ཤཱཀྱ་ཡེ་ཤེས།       བསོད་ནམས་དཔལ་གྲུབ།    བླ་མ་སྟོན་རྡོར།      མཁས་བཙུན་རིན་ཆེན།      ཀུན་དགའ་བཟང་པོ།       ཕ་རྒོད་དོན་ཡོད་རྒྱལ་མཚན།      ཡབ་རྗེ་ཀུན་དགའ་རྒྱལ་མཚན།      རྗེ་དགེ་འདུན་རྒྱ་མཚོ།      རྒྱལ་བ་བློ་བཟང་དོན་གྲུབ།

མཁས་གྲུབ་སངས་རྒྱས་ཡེ་ཤེས།      པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ(བཞི་པ)།    མཁན་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན།        གྲུབ་ཆེན་རིན་པོ་ཆེ་དམ་ཚིག་རྡོ་རྗེ།     དེས་བདག་ལའོ།།     ཞེས་གསལ།   

གོང་དུ་འཁོད་པའི་ནང་དོན་ལས་ང་ཚོས་ཅི་ཞིག་ཤེས་ཐུབ་པ་རེད་ཟེར་ན།        རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་བརྒྱུད་འོངས་པའི་མགོན་པོ་ཕྱག་བཞི་པ་ནི་ཞང་གཡུ་བྲག་པ་ནས་བྱུང་བ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་པ་དེ་རེད།        རྒྱལ་བ་དགེ་འདུན་རྒྱ་མཚོའི་གོང་ན་ཡབ་རྗེ་ཀུན་དགའ་རྒྱལ་མཚན་བྱ་བ་ནི་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡབ་རེད།     ཡབ་རྗེ་ཀུན་དགའ་རྒྱལ་མཚན་ནི་རྒྱལ་བ་དགེ་འདུན་གྲུབ་ལའང་ཆོས་འབྲེལ་ཡོད་པ་མ་ཟད་དཔེ་མི་ཟད་པའི་དད་པ་ཡོད་པ་ཞིག་རེད།     ཡིན་ནའང་།       ངོར་ཆེན་ཀུན་དགའ་བཟང་པོའི་དངོས་སློབ་དོན་ཡོད་རྒྱལ་མཚན་ལའང་ཆོས་འབྲེལ་ཟབ་པས།   པཎ་ཆེན་ཡེ་ཤེས་རྩེ་མོའི་སློབ་མ་ཚོས་ཡབ་ཀུན་དགའ་རྒྱལ་མཚན་ལ་ཤིན་ཏུ་མི་དགའ་བ་མ་ཟད་རྒྱལ་བ་དགེ་འདུན་རྒྱལ་མཚོ་ལའང་མི་དད་པའི་རྐྱེན་གྱིས་རྒྱལ་བ་དགེ་འདུན་རྒྱ་མཚོ་དུས་ཡུན་རིང་བོ་ཞིག་ལ་བཀྲ་ཤིས་ལྷུན་པོར་ཕེབས་མ་ཐུབ་པའི་རྒྱུ་མཚན་དེ་རེད་དོ།།

                          ཚངས་དབང་གིས་2017/9/24/