རེབ་གོང་བྱ་བ་ནི།     དེང་སང་བཤད་ན།      མཚོ་སྔོན་ཞིང་ཆེན་རྨ་ལྷོའི་ཁུལ་རེབ་གོང་རྫོང་(ཐུན་རིན་ཞན། 同仁县)་བྱ་བའི་མངའ་ཁོངས་ཙམ་ཞིག་ལ་གོ་ཞིང་།      དེ་སྔོན་ས་སྐྱའི་དུས་དང་།    ཕག་གྲུ་སྲིད་གཞུང་གི་སྐབས་སུ་རེབ་གོང་ཟེར་དུས་དེང་གི་རེབ་གོང་རྫོང་(同仁县)ཟེར་བ་ལས།    གཞན་རྩེ་ཁོག་རྫོང་(泽库县)དང་།    རྨ་ལྷོའི་རྫོང་(河南县)   ཡ་རྫི་རྫོང་(循化县)གི་ས་གནས་མང་ཤས།     བསང་ཆུ་རྫོང་(夏河县)གི་རྒན་གྱའི་ས་ཁུལ་དང་།     འབའ་རྫོང་(兴海县)གི་ས་གནས་མང་ཤོས་ཤིག་རེབ་གོང་རོང་པོ་ནང་སོ་རྣམ་བཞིའི་མངའ་ཁོངས་ཡིན་ཞིང་། རོང་པོའི་ནང་སོ་རྣམ་བཞི་བྱ་བ་ནི།    བློན་ཆོས་ནང་སོ་དང་། རོང་པོ་ནང་སོ།    མགར་རྩེའི་ནང་སོ།     མར་ནང་ནང་སོ་བཅས་སོ།།     

གཙང་པ་སྲིད་གཞུང་གི་སྐབས་སུ་སོག་པོ་ཆོག་ཐུ་རྒྱལ་པོས་མཚོ་སྔོན་དུ་འོངས་ཏེ་མཚོ་སྔོན་གྱི་ས་ཁུལ་ཧ་ལམ་ཞིག་ལ་བཙན་གྱིས་དབང་བསྒྱུར་བྱས།       དགའ་ལྡན་ཕོ་བྲང་གི་སྐབས་སུ་ཇུ་ནང་རྒྱལ་པོས་རེབ་གོང་གི་ས་གནས་ལ་དབང་བསྒྱུར་བྱས།       སྤྱི་ལོ་1734་ལོ་སྟེ་ཤིང་རྟ་ལོོར།      གཡུང་ཀྲུན་རྒྱལ་པོའི་བཀའ་ལུང་བྱུང་བ་ལྟར།        ཟི་ལིང་གི་རྡོ་རྒན་ཨམ་པན་སོགས་རྒྱ་དཔོན་དུ་མ་དང་། དམག་བཅས་ཡོང་ནས།      བོད་སོག་དབྱེ་འབྱེད་བྱས།      རེབ་སྐོང་སྟོད་སྨད་རོང་པོ་ནང་སོ་སྤྲད།       ཁ་སོ་ལ་ཁ་ནས་ཝང་གི་ས་ཆར་བཅད།       རྡོ་ཡས་བིས་མདོ་སོགས་དང་།      བླ་བྲང་ནས་བཟུང་ཤིས་ཚང་ཆོས་འཁོར་གི་བར་སྔར་ཝང་གི་མངའ་འོག་ཏུ་ཡོད་པའི་རོང་ཕྱོགས་ཕལ་ཆེ་བ་ཡ་ཟིའི་ས་སྒོར་བཅད།        ཅེས་༼ཇུ་ནང་གི་ལོ་རྒྱུས་མེས་པོའི་ཞལ་ལུང་༽ལས་བཤད་དོ།།

དེ་ནས་བཟུང་རེབ་གོང་གི་ཚོ་ཁག་དུ་མ་ཞིག་ཇུ་ནང་གི་ཤོག་ཁག་ཏུ་བཅད་ཅིང་།       སྐོར་ཞིག་ཡ་རྫི་ཐིན་གྱི་མངའ་ཁོངས་སུ་བཅད།        བཅིང་འགྲོལ་བྱས་པའི་རྗེས་སུ་རོང་པོ་རྩེ་གཞུང་ཡང་རྩེ་ཁོག་རྫོང་(泽库县)ཞེས་རྫོང་གཞན་ཞིག་ཏུ་བཀར་བས། སྔོན་གྱི་ལོ་རྒྱུས་ཐོག་གི་རེབ་གོང་བྱ་བའི་ས་ཆ་དེ་ཡོངས་སུ་ཁ་ཐོར་ཡ་ཐོར་དུ་གྱུར་ནས་མཐར་དེང་གི་རེབ་གོང་རྫོང་༼ཐུན་རིན་ཞན༽་ལྟ་བུ་ཞིག་ལ་འཕོ་འགྱུར་བྱུང་བ་རེད།

 སྤྱི་ལོ་ཉིས་སྟོང་ཡར་སྔོན་དུ་གོང་དུ་བཤད་པའི་གནའ་བོའི་རེབ་གོང་ས་ཁུལ་ནི་འཛམ་གླིང་ཤར་ནུབ་ཀྱི་ཇ་རྟའི་ཚོང་ལམ་ཞིག་ལ་འཁེལ་ཡོད་པ་དང་།      བཙན་པོ་རྒྱལ་རབས་ཀྱི་སྐབས་སུ་བོད་ཐང་བར་གྱི་སྲིད་འཛིན་སྡེ་ཁག་གནས་པའི་ལྟེ་བ་ཞིག་ཀྱང་རེད།      ༼ཏུན་ཧོང་གཏེར་ཡིག༽་དང་།       ༼ཐང་ཡིག་གསར་རྙིང་༽་བཅས་སུ།      མགར་ཁྲི་འབྲིང་གི་སྲིད་འཛིན་སྡེ་ཁག་དེ་ཀ་ཅུ་མཁར་དང་མི་རིང་བར་སྤྱི་ལེ་ཉིས་བརྒྱའི་མཚམས་སུ་ཡོད་ཅེས་གསལ་བ་དང་།       མཁས་པ་ལ་ལས་ཚོད་དཔོག་བྱས་ནས་དེ་ནི་ཧ་ལམ་རེབ་གོང་ས་ཁུལ་ཡིན་པར་ངོས་འཛིན་བྱས་འདུག     རེབ་གོང་དུ།     དེང་སང་ཡང་བློན་ཆེན་པོ་མགར་གྱི་ཁྱིམ་བརྒྱུད་དང་འབྲེལ་བའི་གཏམ་རྒྱུད་མང་ཞིང་།       ཡུལ་མིང་ཡང་མགར་རྩེའམ་མགར་སྲས་ཞེས་པའི་ཐ་སྙད་ཀྱང་ད་ལྟའི་བར་ཡོད།       དགེ་ཆོས་རིན་པོ་ཆེའི་༼དེབ་དཀར༽་དུ་ཡང་དོན་གྱིས་དེ་ལྟར་ཡིན་པར་ཤུགས་བསྟན་བྱས་ཡོད།        ཉི་ཧོང་གི་བོད་རིག་པའི་མཁས་པ་ལ་ལས་ཀྱང་།    རྒྱའི་༼ཐང་ཡིག་གསར་རྙིང་༽སོགས་སུ་བཤད་པའི་༼九曲༽་ནི་རེབ་གོང་ས་ཁུལ་གྱི་དགུ་ཆུ་ལ་ངོས་བཟུང་བའང་བྱུང་ངོ་།།

གཞན་ཡུལ་འདི་ནས་རྡོ་ཆས་རྙིང་མའི་ཤུལ་བཞག་རིག་གནས་གང་སར་ཐོན་ཡོད་པ་དེས།     བསྐལ་པ་ཡ་ཐོག་ནས་བཟུང་ཡུལ་འདིར་མིའི་རིགས་ཀྱིས་འཚོ་སྡོད་བྱས་དང་བྱེད་བཞིན་པ་མ་ཟད། སྤྱི་ཚོགས་འཚོ་བའི་རིག་གནས་ཀྱི་ཆུ་ཚད་ཀྱང་མཐོན་པོ་ཞིག་ལ་སླེབས་ཡོད་པའང་ཤེས་ནུས་སོ།།

གཤམ་དུ་ངས་རེབ་གོང་ས་ཁུལ་གྱི་གནའ་རྫས་སམ་རིག་དངོས་གཙོ་བོ་ཁག་ཅིག་ཇི་ལྟར་སྲུང་སྐྱོབ་བྱ་དགོས་པའི་བསམ་ཚུལ་འགའ་བཤད་པར་བྱ།    

       གཅིག       རྫ་ཆས་དང་རྡོ་ཆས་སྐོར།

ངས་གོང་དུ་མདོ་ཙམ་བཤད་ཟིན་པ་ལྟར་བསྐལ་པ་ཡ་ཐོག་གི་སྐབས་ནས་བཟུང་རེབ་གོང་ས་ཁུལ་དུ།       མིའི་རིགས་ཀྱིས་འཚོ་སྡོད་དང་ཐོན་སྐྱེད་བྱས་པའི་ལོ་རྒྱུས་ནི་ཧ་ཅང་རིང་ཞིང་།    གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁ་ཅིག་ལས།      ཡུལ་འདི་ནི་བདུད་རི་ཧ་ཤང་ཡུལ་ཡིན་ཞེས་ཀྱང་བཤད།        ཉེ་ཆར་རེབ་གོང་ས་ཁུལ་དུ་གཡུར་ཆུ་བརྐོས་པ་དང་།      གཞུང་ལམ་གཤགས་པའི་སྐབས་སུ་ས་འོག་ནས་རྡོ་ཆས་གསར་མའི་དུས་ཀྱི་རྫ་མ་ཚོན་རིས་ཅན་དང་།   རྫ་ནག       རྫ་དམར།      རྡོ་གྲི      མདའ་མགོ།     ཐོ།      འཕང་རྡོ། གཡང་ཊིའི་རྒྱན་ཆ།      རུས་ཁབ་འདྲ་མིན།      འགྲོན་བུ།     ཟངས་ཀྱི་ཡོ་བྱད་སྣ་ཚོགས་སོགས་མང་དུ་ཐོན་མྱོང་བ་དང་།     གནའ་རྫས་དེ་དག་ནི་དུས་རབས་ཀྱི་ཐོག་ནས་བཤད་ན།     རྫོང་རི་རིག་གནས་དང་།    མཱ་ཅོ་ཡའོ་རིག་གནས།     ཆིས་ཅཱ་ཡོ་རིག་གནས་བཅས་ཀྱི་ཁྱད་ཆོས་ཚང་ཞིང་།       ད་དུང་ཁ་རུབ་རིག་གནས་ཀྱི་ཁྱད་ཆོས་ཀྱང་མངོན་གསལ་ཐོན་ཡོད་པའི་སྐོར་ཞིག་ཀྱང་འདུག འོན་ཏེ།       ས་གནས་མང་ཚོགས་ལ་གནའ་རྫས་སྲུང་སྐྱོབ་ཐད་ཀྱི་རིག་གནས་ཆུ་ཚད་དང་གོ་རྟོགས་ཤིན་ཏུ་ཞན་པས།      ས་འོག་ནས་ཐོན་པའི་གནའ་རྫས་མང་ཤས་འཕྲོ་བརླག་ཏུ་བཏང་འདུག་ལ།     དེའི་གྲས་ནས་རེ་གཉིས་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་གནའ་རྫས་ཞིབ་འཇུག་ཁང་དང་།       ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་རེ་གཉིས་སུའང་ཉར་ཚགས་གནང་ཐུབ་པ་བྱུང་ཡང་།     མང་ཤས་འཕྲོ་བརླག་ཏུ་བཏང་འདུག་གོ།      ངོ་མ་བཤད་ན།      ས་འོག་ནས་བྱུང་བའི་རྡོ་ཆས་དང་རྫ་ཆས་དེ་དག་ནི་བསྐལ་པ་ཡ་ཐོག་གི་རེབ་གོང་ལོ་རྒྱུས་དང་།     རིག་གནས།   དམངས་སྲོལ། སྤྱི་ཚོགས།      འཚོ་བའི་གོམས་སྲོལ་སོགས་ལ་ཞིབ་འཇུག་བྱེད་པར་ཆེས་རིན་ཐང་ཅན་གྱི་རིག་དངོས་ཡིན་ལ།      ཐད་ཀར་བདེན་དཔང་བྱེད་ཐུབ་པའི་རིག་གནས་ཀྱི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་ཡིན་ནོ།།

དེང་སང་ཡང་ཁྱིམ་ཚང་ལ་ལར་རྫ་ཆས་དང་། རྡོ་ཆས། ཟངས་ཆས་སོགས་ཉར་ཚགས་གནང་ཡོད་པ་མཐོང་མྱོང་ཞིང་།      ཧ་ལམ་ལོ་ངོ་ལྔ་སྟོང་ནས་གཉིས་སྟོང་བར་གྱི་གནའ་རྫས་ཅ་ལག་ཤ་སྟག་རེད།     རྫ་ཆས་སྟེང་གི་རི་མོ་ལ་ལ་ནི།     ཁྱུང་རིས་དང་།    ཆུ་རིས།    ཆུ་མིག       ཟུར་གསམ།     ཁ་དཀྲིས་ཉིས་བརྩེགས་དང་།       སུམ་བརྩེགས་སོགས་ཅི་རིགས་ཤིག་མཆིས།        རི་མོ་དེ་དག་གི་འབྱུང་ཁུངས་དང་མཚོན་དོན་བཅས་ལ་ཞིབ་འཇུག་བྱེད་ནུས་ན།    དུས་སྐབས་དེའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་།      དད་མོས།     འཚོ་བའི་གོམས་སྲོལ་བཅས་གང་འདྲ་ཡིན་པ་གསལ་བོར་ཤེས་ནུས་སོ།།

ས་འོག་ནས་བུད་པའི་གནའ་རྫས་དེ་དག་ནི།      ད་ལྟ་མང་ཤས་ཀྱིས་ཚོང་རྫས་ཙམ་གྱི་ཡོ་བྱད་དུ་བརྩིས་པ་ལས།      རིག་དངོས་ཀྱི་རིན་ཐང་ཤེས་ཀྱི་མེད།       ཤེས་ཀྱང་ཞིབ་འཇུག་བྱས་ནས་སྤྱི་ཚོགས་ལ་ཐད་ཀར་ཕན་ནུས་ཀྱི་འབྲས་བུ་གང་ཡང་ཐོན་མེད། གལ་ཏེ་རྫ་ཆས་དེ་དག་ལ་དམིགས་བསལ་གྱིས་བདག་གཉེར་བྱེད་མ་ནུས་ན། རིམ་གྱིས་རྫ་ཆས་སྟེང་གི་རི་མོ་རྣམས་དག་ནས་མི་སྣང་བར་གྱུར་བ་མ་ཟད།       ད་དུང་ཆག་སྐྱོན་གྱི་ཉེན་ཁའང་འབྱུང་སྲིད།      དེའི་ཕྱིར། གནའ་རྫས་དེ་དག་ལ་དམིགས་བསལ་གྱིས་བདག་གཉེར་བྱ་དགོས་ལ། རབ་ཡིན་ན།       བདག་གཉེར་བྱེད་སྟངས་ཐད་ངེས་པར་དུ་རིག་དངོས་སྲུང་སྐྱོབ་བྱེད་ཚུལ་གྱི་སྒྲིག་གཞི་ལྟར་ལག་བསྟར་བྱ་དགོས་སོ།།

རེབ་གོང་ས་ཁུལ་དུ་རྡོ་ཆས་དང་རྫ་ཆས་སོགས་རྙེད་པའི་སྡེ་བ་གཙོ་བོ་ཁག་ཅིག་ནི།     མདོ་བ།      ལྕང་སྐྱ།    བློན་ཆོས།    ཤ་བྲང་།    ཆུ་མ།     གཉན་ཐོག     སེང་གཤོང་།    ཐོ་རྒྱ།    སྒོ་དམར།    རྐ་སར།     སྨད་པ།      གླིང་རྒྱ།      རྒྱལ་པོ།      མགར་རྩེ།   བཙན་མོ།     ཧོར་ནག      དོ་རུ་ཉིན་བཅས་སོ།།

   གཉིས།      ལྡེབས་རིས་དང་ཐང་ག      སྨན་སྐུའི་སྐོར།

རེབ་གོང་ནི་ལྟོས་འཇོག་གིས་བཤད་ན།     བོད་ཀྱི་རིག་གནས་དང་སྒྱུ་རྩལ་འབྱུང་སའི་ལྟེ་གནས་གཙོ་བོའི་གྲས་ལས་གཅིག་ཡིན་ཞིང་།       དེ་ཡང་ཕྱོགས་སྣ་མང་གི་རིག་གནས་ཤིག་ནས་དེ་ལྟར་དུ་ཆགས་པ་ཞིག་ལས།        གང་དྲན་དྲན་དུ་དེ་ལྟར་བཤད་པ་ཞིག་ག་ལ་ཡིན།    དཔེར་ན།      རེབ་གོང་སྒྱུ་རྩལ་དུ་གྲགས་པའི་ཐང་ག་དང་།   ལྡེབས་རིས།     འཇིམ་སྐུ།   གོས་དྲུབ།ཤིང་བརྐོས།    རྡོ་བརྐོས། འཆམ།    མགུར་གླུ།     ཀླུ་རོལ།  ཟློས་གར་སོགས་ལ་ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་། ཕུན་སུམ་ཚོགས་པའི་ནང་དོན་མངའ་བ་མ་ཟད།  གཞི་རྒྱ་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་མ་ལག་ལྡན་པའི་སྒྱུ་རྩལ་རིག་གནས་ཀྱི་ཕ་ས་ཞིག་ཏུ་ངང་གིས་ཆགས་ཡོད་པའང་མངོན་གསལ་རེད།        ཡིན་ནའང་།       ལས་རིགས་འདིའི་གནའ་རྫས་སྲུང་སྐྱོབ་ཐད་ཀྱི་ཚད་གཞི་དང་།     རིག་གནས་གོམས་སྲོལ།       སློབ་གསོ་བཅས་ནི་ད་དུང་ཞན་པོ་རེད།       དཔེར་ན།    ཡུལ་འདིའི་དགོན་པ་དང་གྲོང་སྡེ་གང་ཡིན་ཡང་།      སོ་སོའི་ཕ་ཡུལ་དུ་ཡོད་པའི་སྔོན་གྱི་ལྷ་ཁང་དང་།    བཙན་ཁང་།    སྔགས་ཁང་།  མ་ཎི་ཁང་།    སྤྱི་ཁང་སོགས་གང་ཞིག་ཡིན་ནའང་དེ་ལ་བསྐྱར་བཞེངས་དང་ཞིག་གསོ་བྱེད་སྐབས།       སྔོན་གྱི་ལྡེབས་རིས་དང་། འཇིམ་སྐུ།     ལྷ་ཁང་སོགས་ཡོངས་སུ་མེད་བརླག་ཏུ་བཏང་ནས་དེའི་ཤུལ་ཏུ་གསར་བཞེངས་འབའ་ཞིག་བྱས་པ་དེ་འདྲ་ཞིག་རེད།      རེབ་གོང་གི་ལོ་རྒྱུས་ཁག་ལ་གཞིགས་ན།       ཡུལ་འདིར་བྲིས་འབུར་དང་།      ཁང་བཟང་བཟོ་བཀོད་བཅས་ཀྱི་ལག་རྩལ་ལག་ལེན་དུ་བསྟར་བའི་ལོ་རྒྱུས་ནི་ཤིན་ཏུ་རིང་ནའང་། དེང་སང་ཤུལ་ཏུ་ལྷག་པའི་སྒྱུ་རྩལ་བརྩམས་ཆོས་ནི་ཧ་ཅང་ཉུང་ངོ་།།

རོང་པོ་དགོན་པར་མཚོན་ན། དགོན་འདི་ནི་ཕག་གྲུ་སྲིད་གཞུང་གི་སྐབས་ཤིག་ནས་བཏབ་པའི་དགོན་རྙིང་ཞིག་ཡིན་ནའང་། དེང་སང་དེའི་སྐབས་སུ་བཞེངས་པའི་འཇིམ་སྐུ་དང་། ལྡེབས་རིས། ལྷ་ཁང་སོགས་ཤུལ་ཏུ་ལྷག་ཡོད་པ་གཅིག་ཀྱང་མེད།  མཐའ་ན་དེའི་སྐབས་ཀྱི་ཐང་གའང་མཐོང་དཀོན་སྲིད་པ་ལྟ་བུ་རེད།  མཇུག་འབྲས་དེ་འདྲ་ཞིག་ཡིན་པའི་རྒྱུ་མཚན་གང་ལ་ཐུག་ཟེར་ན། དེ་ནི་ཐེ་ཚོམ་མེད་པར་གནའ་རྫས་སྲུང་སྐྱོབ་ཐད་ཀྱི་སློབ་གསོ་ཤིན་ཏུ་ཞན་པའི་རྐྱེན་གྱིས་རེད་ཅེས་ཟེར་ཆོག་གོ།      

གཞན་པའི་རྒྱུ་རྐྱེན་ནི་རིག་གསར་ལྟ་བུ་སྲིད་ཇུས་ཀྱི་གནད་དོན་སོགས་ཀྱང་བྱུང་ཡོད་སྲིད་མོད། གཙོ་བོ་གོང་གི་གནད་དོན་དེར་ཐུག་པ་རེད།       ད་སྐབས་རེབ་གོང་ས་ཆ་ལ་མཚོན་ན།       ལྡེབས་རིས་རི་མོ་རྩ་ཆེན་ལྷག་ཡོད་པ་རྣམས་ལས།      གཉན་ཐོག་དགོན་པའི་སྤྱི་བའི་ལྷ་ཁང་དང་།    བྱམས་ཁང་གི་ལྡེབས་རིས།     འདུ་ཁང་གི་ལྡེབས་རིས་དང་།     སྒོ་དམར་དགོན་པའི་ས་འཛིན་ལྷ་ཁང་གི་ལྡེབས་རིས་དང་།     འདུ་ཁང་གི་ལྡེབས་རིས།     བྱམས་ཁང་གི་ལྡེབས་རིས་བཅས་ལྷག་ཡོད་པ་ལས་གཞན་རེབ་གོང་ཡུལ་དུ་ལོ་ཉིས་བརྒྱ་འགོར་ཡོད་པའི་ལྡེབས་རིས་གཅིག་ཀྱང་མེད།      ལྷ་ཁང་བཟོ་བཀོད་ཐད་ནས་ཀྱང་གཅིག་འདྲ་རེད།   དེ་འདྲ་ཡིན་ཕྱིན།      ང་ཚོས་བསམ་གཞིག་མི་གཏོང་ཀ་མེད་རེད། དོན་དུ་ལྡེབས་རིས་ནི་ལྷ་ཁང་གང་ཞིག་བཞེངས་བཀོད་བྱས་རྗེས་མི་རིང་བར་བཞེངས་པའི་རི་མོ་ཞིག་ཡིན་པས།      ལོ་རྒྱུས་ཀྱི་གནད་དོན་ཐད་ནས་བཤད་ན་ཐང་ག་ལས་ཀྱང་གལ་ཆེན་པོ་རེད་སྙམ།    ངས་གོང་དུ་བཤད་པའི་གཉན་ཐོག་དགོན་པའི་ལྡེབས་རིས་དང་།   སྒོ་དམར་དགོན་པའི་ལྡེབས་རིས་བཅས་ནི།     དེང་སང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གཙོ་བོའི་གྲས་ཡིན་ཡང་།     ལྡེབས་རིས་དེ་དག་སྲུང་སྐྱོབ་ཐད་ནས་ད་དུང་ཡང་ཧ་ཅང་ཡིད་སྐྱོ་བ་ཞིག་རེད།       ངས་བལྟས་ན།       མི་རིང་བར་ལྡེབས་རིས་དེ་དག་ལ་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་པར་འདོད་དེ།     སྲུང་སྐྱོབ་བྱེད་སྟངས་ཀྱང་།     ས་གནས་སྲིད་གཞུང་དང་།     དགོན་པ་ཁག་ལ་སྒོར་མོ་འགའ་བྱིན་ནས་རོགས་རམ་བྱས་པ་ཙམ་གྱིས་ཅི་ཡང་གོ་མི་ཆོད་དེ། ཅིས་ཀྱང་ཐོག་མར་རྒྱལ་ཁབ་རིམ་པའི་ལྡེབས་རིས་སྲུང་སྐྱོབ་ཞིབ་འཇུག་སྡེ་ཁག་དང་ས་གནས་སྲིད་གཞུང་། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་མཉམ་དུ་གྲོས་བསྡུར་དང་ཞིབ་འཇུག་བྱས་རྗེས་ད་གཟོད་ཆེད་ལས་མི་སྣ་དང་མཉམ་དུ་ཇི་ལྟར་བསྐྱར་གསོའམ་ཞིག་གསོ་བྱེད་རྒྱུ་དེ་གལ་ཆེའོ།།

འཇིམ་སྐུའི་ཐད་ནས་བཤད་ནའང་གཅིག་པ་རེད། ༼རེབ་གོང་རུས་མཛོད༽་དང་།    ༼རེབ་གོང་ཆོས་འབྱུང་༽ཁག་ཏུ།      ས་སྐྱའི་སྐབས་ནས་རེབ་གོང་ཡུལ་དུ་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་སོགས་འབོར་ཆེན་བཞེངས་ཚུལ་བཤད་ཅིང་།     དེང་སང་ས་སྐྱའི་དུས་སྐབས་དང་།      ཕག་གྲུའི་དུས་ཀྱི་ཕར་ཞོག་དགའ་ལྡན་ཕོ་བྲང་སྐབས་ཀྱི་འཇིམ་སྐུ་ཡང་ཧ་ཅང་ཉུང་ངུ་ཙམ་ལས་མཐོང་དཀོན། ༼ཆོས་པ་རིན་པོ་ཆེའི་རྣམ་ཐར༽་དང་༼ཤར་སྐལ་ལྡན་རྒྱ་མཚོའི་རྣམ་ཐར༽་དང་། ༼སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར༽་དང་། ༼མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར༽་དང་། ༼རྗེ་དགེ་འདུན་ཟླ་གྲགས་ཀྱི་རྣམ་ཐར༽་དང་། ༼ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽་སོགས་སུ་རེབ་གོང་ཡུལ་དུ་འཇིམ་སྐུའི་བྱམས་ཆེན་གཅིག་པུ་ཡང་དགོན་སྡེ་དུ་མ་ཞིག་ལ་བཞེངས་པའི་ལོ་རྒྱུས་ཤིན་ཏུ་གསལ།     དཔེར་ན།     རྟིས་ཚང་མ་ཎི་བ་གཅིག་པུས་ཀྱང་སྒྲུབ་གྲྭ་བཀྲ་ཤིས་འཁྱིལ་དུ་མི་ལ་རས་པ་སོགས་ཀྱི་སྐུ་བརྙན་མང་དུ་བཞེངས་ཡོད་པར་གསལ་ཡང་།   དེང་སང་མཐོང་དཀོན་པ་ལྟ་བུ་རེད།  འཇམ་དབྱངས་བློ་གསལ་གྱི་༼བོད་ཀྱི་རི་མོའི་འབྲི་སྟངས་༽ལས་བཤད་པའི་རེབ་གོང་ལྷ་རིས་པ་པཱ་ལི་ཝན་གཅིག་པུས་ཀྱང་། མདོ་སྨད་ན་བྱམས་ཆེན་བརྒྱ་རྩ་བརྒྱད་བཞེངས་པའི་ལོ་རྒྱུས་གསལ་ཡང་།     དེང་སང་སྒོ་དམར་དང་།     མར་ནང་བཅས་སུ་སྐུ་བརྙན་ཁྲུ་དོ་མ་ཙམ་རེ་གཉིས་ལས་འཇིག་རྟེན་ན་མཐོང་དཀོན་པ་སོགས་ཡོད་ཚད་མཐར་ཐུག་ན་ཞིག་གསོ་བྱེད་སྐབས་དང་།     རིག་གསར་ལྟ་བུ་དུས་སྐབས་སུ་ཡོད་ཚད་མེད་བརླག་ཏུ་བཏང་ཟིན་པ་མངོན་གསལ་རེད།      ངའི་སེམས་ལ།      ད་ལྟ་ལྷག་ཡོད་པའི་གཉན་ཐོག་དགོན་པའི་སྤྱི་བའི་ལྷ་ཁང་ནང་གི་ལྡེབས་རིས་དང་།     སྒོ་དམར་དགོན་པའི་ལྡེབས་རིས་དག་ནི།      སྔོན་གྱི་རེབ་གོང་སྒྱུ་རྩལ་གྱི་ལོ་རྒྱུས་ཇི་ལྟར་དར་ཚུལ་དཔྱད་གཞིའི་མ་ཡིག་དཔང་པོ་ཞིག་ཡིན་པས་རྙེད་པར་དཀའ་བའི་ནོར་བུ་གསོན་པོ་ཞིག་རེད་སྙམ།།


གསུམ།
      ཤིང་བརྐོས་དང་རྡོ་བརྐོས།

སྤྱིར་བཏང་བཤད་ན།     རེབ་གོང་ས་ཁུལ་གྱི་ཤིང་བརྐོས་སྒྱུ་རྩལ་དང་།    རྡོ་བརྐོས་སྒྱུ་རྩལ་སོགས་ནི།    ཚད་ངེས་ཅན་ཞིག་ལ་སླེབས་འདུག་ཀྱང་།     སྲུང་སྐྱོབ་ཐད་ནས་བཤད་ན་སེམས་སྐྱོ་བ་ཞིག་རེད།     དཔེར་ན།     ཉེ་ཆར་ངས་སྒོ་དམར་དང་།        ལྕང་སྐྱ།    སྨད་པ།     སེང་གེ་གཤོང་བཅས་ནས་མཐོང་བའི་ཤིང་བརྐོས་པར་རིས་ལ་ལ་ནི།     སྡེ་དགེ་པར་ཁང་གི་ཤིང་པར་ཁག་ལས་ཀྱང་ཞིབ་ཚགས་ཤིང་།    བྱོན་ལེགས་པ།      སྤྱིའི་བཟོ་བཀོད་མཛེས་པ་སོགས་ཀྱི་ཁྱད་ཆོས་མང་ཡང་།     སྲུང་སྐྱོབ་དང་དར་སྤེལ་ཐད་ནས་སྡེ་དགེ་དང་རེབ་གོང་བར་གནམ་སའི་ཁྱད་པར་བྱུང་འདུག      དེ་ལྟར་ཡིན་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་རེབ་གོང་གི་ཤིང་པར་དེ་དག་ལ་ད་ལྟའི་བར་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་དོ་སྣང་དང་གཙིགས་འཛིན་བྱས་མེད་པའི་རྐྱེན་གྱིས་རེད།    དེ་སྔོན་༼རེབ་གོང་བོད་བརྒྱུད་ནང་བསྟན་སྒྱུ་རྩལ༽་ཞེས་པའི་བརྙན་དེབ་ནང་དུ། རེབ་གོང་གི་ཤིང་པར་ཉུང་ཙམ་ཞིག་སྤེལ་འདུག་པ་མཐོང་ཡང་།     དེ་ཡང་དོན་དུ་ཕྱི་མི་ལ་ལས་བསྒྲིགས་པ་ཙམ་ལས།     ས་གནས་རང་གི་འབྲེལ་ཡོད་ལས་ཁུངས་དང་མང་ཚོགས་ཀྱིས་དོ་སྣང་དང་གཙིགས་འཛིན་བྱས་ནས་བསྒྲུབས་པ་ཞིག་མ་རེད།  པར་རིས་དེ་དག་ལས་མང་ཤས་ནི།   སྐུ་ཞབས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་ཚང་གིས། སྐབས་དེའི་རེབ་གོང་གི་ལྷ་བཟོ་གྲགས་ཅན་དང་། ཤིང་རྐོན་གྲགས་ཅན་རྣམས་མཉམ་དུ་བསྡུ་རུབ་བྱས་ནས།    དེ་དག་ལས་མཆོག་ཏུ་གྱུར་བ་ལྷ་བཟོ་བློ་གྲོས་དང་།    ཤིང་རྐོན་ལྷ་འབུམ་རྒྱལ་སོགས་ལ་ཆེད་མངགས་ཀྱིས་བྲིས་བརྐོས་བྱས་ནས་ལེགས་གྲུབ་བྱུང་བ་ཞིག་རེད།   དེ་འདྲ་ཡིན་ཕྱིན།  པར་རིས་དེ་དག་གི་རྒྱུ་ཆ་དང་།    སྤུས་ཀ བཟོ་བཀོད་བཅས་ལ་དམིགས་བསལ་གྱི་ཁྱད་ཆོས་དང་དགེ་མཚན་ཆེ་བ་མ་ཚད།  དུས་ཕྱིས་ཀྱི་རེབ་གོང་ལྷ་རིས་ཀྱི་མ་ཕྱི་དང་།  སྐྱ་རིས་ཐད་ལ་ཤུགས་རྐྱེན་དང་འབྲས་བུ་ཕུན་སུམ་ཚོགས་པ་བཞག་ཡོད།  དོན་དུ་དུས་དེ་ནས་བཟུང་རེབ་གོང་གི་ལྷ་རིས་པ་ལས་དང་པོ་པ་ཚོས་སྐྱ་རིས་སྦྱོང་སྐབས་གོང་དུ་བཤད་པའི་ཤིང་པར་རི་མོ་དེ་དག་མ་ཡིག་བླངས་ནས་སྦྱངས་པ་ཞིག་ཡིན་པ་མངོན་གསལ་རེད།  དེ་འདྲ་ཡིན་ཡང་དེང་སང་དེ་དག་གི་གནས་བབ་དང་ལོ་རྒྱུས་དངོས་ཀྱི་རྒྱབ་ལྗོགས་དང་འབྲེལ་ནས་གནས་ཚུལ་འཁོད་ཡོད་པ་ཤིན་ཏུ་ཉུང་ངོ་།

རེབ་གོང་གི་རྡོ་བརྐོས་སྒྱུ་རྩལ་ཡིན་ནའང་དེ་འདྲ་རེད།      སྒྱུ་རྩལ་གྱི་ཚད་གཞི་ཅུང་མཐོ་ནའང་།     སྤྱི་ཚོགས་སྟེང་ལ་དེ་དག་ནི་དད་ལྡན་མང་ཚོགས་ཀྱིས་བཞག་པའི་དད་རྟེན་གྱི་ཕྱག་རྗེས་ཙམ་དུ་ངོས་བཟུང་བྱས་པ་ཙམ་ལས།       དམངས་སྲོལ་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཚུལ་གྱི་གནད་དོན་དེར་ད་དུང་ངེས་ཟིན་ཟབ་མོ་གང་ཡང་ཐོབ་མེད་པ་འདྲ།      གལ་ཏེ་ཅུང་ཟད་འཐོབ་མཁན་ཚོས་ཀྱང་དེའི་དཔལ་འབྱོར་གྱི་རིན་ཐང་གླེང་བ་ཙམ་ལས།     རྡོ་བརྐོས་སྒྱུ་རྩལ་གྱི་ངོ་བོ་དང་།     དེས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ལ་དོ་སྣང་གིས་ལྡེང་གིན་མེད་པའང་གསལ་བོ་རེད།།

  
བཞི་པ།
      བཀའ་ཤོག་དང་ཐམ་ཀའི་སྐོར།

རེབ་གོང་གི་ལོ་རྒྱུས་དང་ཆོས་འབྱུང་ཁག་ཏུ། ཕག་གྲུ་སྲིད་གཞུང་གི་སྐབས་སུ།     རེབ་གོང་དུ་ཏཱ་གུ་ཤྲཱི་སེང་གེ་བྱ་བ་ཞིག་བྱོན་པ་མ་ཟད།      ཏཱ་མིང་རྒྱལ་པོ་ཡུང་ལོའམ་ཟོན་དེའི་དབུ་བླར་བཞུགས་པའི་ལོ་རྒྱུས་གསལ་བ་དང་།       ད་དུང་ཁོང་གི་ཕྱག་ཐམ་དེ་རོང་པོ་དགོན་ཆེན་དུ་ཡོད་ཅེས་ཀྱང་བཤད་ཡོད།         ཐམ་ཀ་དེ་དེང་སང་ཡོད་མེད་རྩད་གཅོད་བྱས་ནས་སྐབས་དེའི་རེབ་གོང་དང་ཏཱ་མིང་སྲིད་གཞུང་བར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་ཞིག་རེད།         དེའི་རྗེས་སུ་ཡབ་རྗེ་བླ་མས་སྡེ་བ་སྐྱིད་ཤོད་པ་རེབ་གོང་དུ་གདན་དྲངས་ཏེ།       ལྔ་པ་ཆེན་པོ་ལ་མཐའ་གཅིག་ཏུ་རྒྱབ་རྩར་བྱས་ནས་གཙང་པོ་རྒྱལ་པོའི་སྲིད་གཞུང་མགོ་རྟིང་བསློགས་པའི་རྗེས་སུ།      ལྔ་པ་ཆེན་པོས་ཤར་ཚང་ལ་དམིགས་བསལ་གྱིས་བཀའ་ཤོག་གནང་བའི་བཀའ་ཤོག་དེ་དག་ནི།    རེབ་གོང་གི་ལོ་རྒྱུས་ཐོག་གལ་གནད་ཅན་གྱི་བྱ་བ་ཞིག་ཡིན།   རེབ་གོང་ཤ་བྲང་ནས་འཁྲུངས་པའི་སྔགས་འཆང་འཇམ་དབྱངས་བློ་གྲོས་ཚང་གིས་རང་གི་བླ་མ་ཁྲི་ཆེན་བློ་གྲོས་རྒྱ་མཚོ་དང་མཉམ་དུ་པེ་ཅིང་དུ་ཕེབས་ཏེ།  སོག་པའི་གྱོད་འདུམ་བྱས་པའི་མཛད་རྗེས་སུ།  གོང་མ་ཁང་ཞིས་ཀྱིས་ལྕང་སྐྱ་ངག་དབང་ཆོས་ལྡན་དང་འདི་བ་གཉིས་ལ་དམིགས་བསལ་གྱི་བཀའ་ཤོག་དང་།      བྱུ་རུའི་ཕྲེང་བ་སོགས་ཐོབ་ཐང་ཅན་གྱི་དངོས་ཆས་བསྩལ་པའི་རིག་དངོས་དེ་དག་ཀྱང་དེང་སང་ཡོད་མེད་རྩད་གཅོད་བྱས་ནས་ཆེད་མངགས་ཀྱིས་ཞིབ་འཇུག་དང་བདག་གཉེར་ཡག་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་གོ།

ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གིས་གོང་མ་ཆན་ལུང་ལ་ངོ་ཆེན་ཞུས་ནས་ཤར་སྐུ་ཕྲེང་གསུམ་པ་དགེ་འདུན་འཕྲིན་ལས་རབ་རྒྱས་ལ་ཧུ་ཐོག་ཐིའི་ཐམ་ཀ་བསྩལ་པ་དང་།    གཡེར་གཤོང་དགེ་འདུན་ཟླ་གྲགས་ཚང་ལའང་དེ་ལྟར་གནང་བ་དང་།     དེའི་རྗེས་སུ་མཚན་སྒྲོགས་སྤྲུལ་སྐུ་དང་།      བླ་མ་བཟང་པོ་བཅས་ནས་པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་གི་ཁྲི་བར་བཞུགས་ནས།      དགའ་ལྡན་བྱིན་ཆགས་གླིང་གི་ཚོགས་ཆེན་འདུ་ཁང་དུ།        རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསེར་ཟངས་ཀྱི་སྐུ་བརྙན་ཆེན་པོ་ཞིག་བཞེངས་པ་ད་ལྟའི་བར་མཇལ་རྒྱུ་ཡོད་པ་དང་།     མཚན་སྒྲོགས་ཚང་གིས་དགའ་ལྡན་བྱིན་ཆགས་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྟོང་མཆོད་བཙུགས་པ་དང་། དབུས་ཀྱི་དགའ་ལྡན་དགོན་པར་ཡང་དེ་བཞིན་དུ་བཙུགས་པ་དང་། དུས་ཕྱིས་སུ་མཚན་སྒྲོགས་སྤྲུལ་སྐུ་དང་།     བླ་མ་བཟང་པོ་གཉིས་ལ་ཧུ་ཐོག་ཐིའི་ཐམ་ཀ་དང་།     ནོ་མིན་ཧན་གྱི་ཐམ་ཀ་བསྩལ་པ་དེང་སང་བར་མཇལ་རྒྱུ་ཡོད།    བླ་མ་དེ་གཉིས་ནི།     སྐབས་དེའི་སྤྱི་ཚོགས་སྟེང་ཐད་ཀར་མན་ཇུ་སྲིད་གཞུང་གིས་ངོས་ལེན་བྱས་པའི་རེབ་གོང་གི་བླ་མ་གཉིས་ཡིན་པས།     ཁོང་རྣམ་གཉིས་དང་འབྲེལ་བའི་ཕོ་བྲང་ནང་གི་རིག་རྫས་མང་པོ་ཞིག་རེབ་གོང་གི་དགོན་པ་ཁག་ཏུ་ཐོན་ཡོད་པ་དེས།      རེབ་གོང་ཡུལ་དུ་གོང་མའི་ཕོ་བྲང་གི་ཅ་ལག་༼宫廷御用品༽་མང་པོ་ཡོད་པའི་རྒྱུ་མཚར་དེར་ཐུག་གོ།།

གཞན་རེབ་གོང་གི་མཁན་ཆེན་དགེ་འདུན་རྒྱ་མཚོ་དང་། རྒྱལ་མཁན་པོ་གཉིས་ནི།  སྐབས་དེར་ལྷ་སར་ལྷ་རམས་ཨང་དང་པོའི་དང་པོ་ཐོབ་པའི་དགེ་བཤེས་དང་། ཕྱིས་སུ་ཇུན་གར་བའི་ཟིང་འཁྲུགས་ནང་སྔོན་གྱི་ལྷ་རམས་ཀྱི་མཚན་བཏགས་ཁས་མ་བླངས་པས། ཡང་བསྐྱར་ལྷ་རབས་དམ་བཅའ་མཛད་དེ།  ལྷ་རམས་དང་པོའི་དང་པོ་ཐོབ་པས།  ལྷ་བཟང་ཧན་དང་། ཇུན་གར་བ་གཉི་གའི་སྐབས་ཀྱི་ལྷ་རམས་མཚན་བཏགས་དང་པོའི་དང་པོ་འཐོབ་མཁན་གྱི་བཀའ་ཤོག་དང་།  རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་མཁན་པོ་དང་། རྒྱལ་མེ་ཏོག་ཐང་གི་མཁན་པོར་བཞུགས་པས།   སྐབས་དེར་དམིགས་བསལ་གྱིས་གནང་བའི་ཐམ་ཀ་དང་། བཀའ་ཤོག་སོགས་ཡོད་པ་དེ་ནི།  སྐབས་དེའི་བོད་སྡེ་བ་གཞུང་དང་སོག་པོའི་བར་གྱི་འགལ་བ་སོགས་ཞིབ་འཇུག་བྱེད་པ་ལ་རིན་ཐང་བྲལ་བའི་དཔྱད་གཞིའི་དཔང་པོ་ཡིན་ལ། ལྷག་པར་དུ་སྡེ་སྲིད་སངས་རྒྱམ་དང་། ལྷ་བཟང་ཧན།  ཇུན་གར་ཚེ་རིང་དོན་གྲུབ་བཅས་དར་བར་གྱི་འགལ་བ་དང་རྙོག་འཛིང་གི་གནས་ཚུལ་དེ་དག་ལ་ཞིབ་འཇུག་བགྱི་ན་རིན་ཐང་བླ་ན་མེད་པ་འབའ་ཞིག་གོ།།

གཞན་གཡེར་གཤོང་མཁན་པོ་ནོ་མིན་ཧན་དང་ནང་སོ་སོགས་ལ་ཐམ་ཀ་དང་བཀའ་ཤོག་ཡོད་པའི་མི་སྣ་གྲགས་ཅན་མང་དུ་མཆིས་ཀྱང་།འདིར་ཕྱོགས་ཙམ་ལས་རེ་རེ་ནས་ཞིབ་ཏུ་མི་བརྗོད་པར་བྱ།   

མདོར་ན། བཀའ་ཤོག་དང་ཐམ་ཀ་སོགས་ནི། ལོ་རྒྱུས་དཔྱད་གཞིའི་དཔང་པོ་གཙོ་བོ་ཞིག་ཡིན་པས། དེ་དག་ལ་སྲུང་སྐྱོབ་དང་ཞིབ་འཇུག་བྱ་རྒྱུ་ནི་རིག་གཞུང་གལ་ཆེན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རོ།།

   ལྔ་བ།    ཞལ་འབག་དང་མཆོད་ཆས་སྐོར།

ཞལ་འབག་ལ་རིགས་དུ་མ་ཞིག་ཡོད་ལ། གཙོ་བོ་ཆོས་ལུགས་ཀྱི་གར་འཆམ་དང་། ཟློས་གར་འཁྲབ་སྟོན་བྱེད་པའི་སྐབས་སུ་བེད་སྤྱོད་གཏོང་གིན་ཡོད་པའི་ཞལ་འབག་ལྟ་བུ་སོགས་མང་ཞིང་། སྤྱིར་ན་མིའི་རིགས་ཀྱིས་ཞལ་འབག་སྤྱད་པའི་དུས་རབས་ནི་ཧ་ཅང་སྔ་བར་བཤད་ལ། དེ་དག་ལ་རང་རང་གི་གོམས་གཤིས་སུ་གྱུར་བའི་ཞལ་འབག་དང་།  དད་མོས་ཀྱི་རྟེན་དུ་གྱུར་བའི་ཞལ་འབག  དམག་ཆས་སུ་སྤྱོད་པའི་ཞལ་འབག  འཚོ་བའི་གསང་དོན་མཚོན་པའི་ཞལ་འབག་བཅས་ཅི་རིགས་ཤིག་ཡོད་པར་བཤད་དོ།།

དེང་སང་ཞལ་འབག་སྒྱུ་རྩལ་ཞེས་རྒྱལ་ཁབ་སོ་སོ་དང་མི་རིགས་རེ་རེར་ཐུན་མིན་གྱི་ཞལ་འབག་མཆིས་ཤིང་། དེ་དག་ལ་མཚོན་དོན་དང་ཁྱད་ཆོས། བེད་སྤྱོད་བྱེད་སྟངས་སོགས་མི་འདྲ་བ་མང་དུ་མཆིས་སོ།།

རེབ་གོང་ས་ཁུལ་ལ་མཚོན་ན།  ཆོས་ལུགས་གྲུབ་མཐའ་བོན་པོ་དང་།  རྙིང་མ།  དགེ་ལུགས་སོགས་ཡོད་ལ། དེ་དག་ལ་རང་རང་གི་ཆོས་བརྒྱུད་མཚོན་པའི་གར་འཆམ་སྟངས་སྟབས་སྣ་ཚོགས་ཡོད་པས།       ཞལ་འབག་ཀྱང་འདྲ་མིན་དུ་མ་ཞིག་འདུག རྒྱུ་ཆ་འདྲ་མིན་དང་།  མཚོན་དོན་ཞིབ་ཕྲའི་གསལ་བཤད་སོགས་ནི། འདིར་མི་གླེང་བར་བྱ།  

མཆོད་ཆས་ཟེར་ན།   སྤྱིར་བཏང་ཆོས་ལུགས་ཆོ་གའི་ཁྲོད་དུ་བེད་སྤྱོད་བྱས་པའི་མཁོ་ཆའི་རིགས་ཤིག་ཡིན་ཡང་།   འདིར་དམིགས་བསལ་གྱི་མཆོད་ཆས་དང་ཕྱག་ཆ་འགའ་བཤད་པར་བྱ། གོང་དུ་བཤད་པ་ལྟར། རེབ་གོང་ས་ཁུལ་དུ་བན་སྔགས་བོན་གསུམ་གྱི་ཆོས་བརྒྱུད་འདྲ་མིན་ཡོད་པས།   མཆོད་ཆས་ཀྱི་རིགས་ལའང་གྲུབ་མཐའི་ཁྱད་ཆོས་མངོན་གསལ་ཚང་ཡོད། དཔེར་ན། གཏོ་པར་རམ་ཟན་པར་ལྟ་བུ་ཞིག་ལ་མཚོན་ནའང་།  བན་སྔགས་བོན་གསུམ་གྱི་གཏོ་པར་ཅི་རིགས་ཤིག་མཆིས་ཤིང་།   དེ་དག་ལ་སྤྱི་ཚོགས་རིག་པ་དང་།  ཆོས་ལུགས་རིག་པ།  ལོ་རྒྱུས་རིག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིབ་འཇུག་བྱེད་ནུས་རིན་ཐང་ཤིན་ཏུ་ཆེ། ཨེ་ཇིབ་ཀྱི་གཏོར་གཟུགས་མཆོད་རྟེན་ནང་གི་ལྡེབས་རིས་དང་།  བོད་ཀྱི་གཏོ་པར་ཐོག་གི་དཔེ་རིས་རྣམས་ཀྱི་ཉམས་འགྱུར་བཅས་ལ་འདྲ་སའི་ཁྱད་ཆོས་ཡོད་པ་མ་ཟད།   གཏོ་ཡི་རིག་གནས་ནི།   གདོད་མའི་གོམས་སྲོལ་གྱི་དམར་མཆོད་ཆོ་གའི་ཚབ་ལྟ་བུར་བྱས་པའི་ཆོ་གའི་རྣམ་པ་ཞིག་ཡིན་ཞིང་།  ཆོ་གའི་གོམས་སྲོལ་དེ་ནི་ཡ་གླིང་གི་རྒྱལ་ཁབ་སོ་སོར་དར་འཕེལ་བྱུང་འདུག་པས།  དེ་གཅིག་པུས་ཀྱང་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་གནས་བབ་དང་དོན་བྱ་མང་པོ་ཞིག་མཚོན་ཡོད་པས། ཞིབ་པར་རྟོག་ཞིབ་དང་ཉར་ཚགས་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད།

གཤམ་དུ་མཆོད་ཆས་རེ་རེར་གསལ་བཤད་བྱེད་པའི་ངལ་བ་སྤངས་ནས།    མིང་ཙམ་འདྲེན་པར་བྱ་སྟེ།    ཐུན་རྭ་དང་།     རྐང་གླིང་།    སྦུབ་ཆལ།    འཁར་རྔ།     དུང་།    རྒྱ་གླིང་།      གནམ་ལྕགས་ཕུར་བུ།    རྡོ་རྗེ།     དྲིལ་བུ།     མཆོད་རྐོང་།    སྤོས་ཕོར། ལྷུང་བཟེད།    འཁར་གསིལ།     མཎྜལ།    ཆ་ལང་།    སིལ་སྙན། བུམ་པ།    མདའ་དར།    ཐོད་པ།     ཁ་྄ཌཱཾ་ག     གྲི་གུག     རལ་གྲི། དགང་བླུགས།     མགུ་རྩེ།     ཏིང་ཤག     གཤང་།         ཕྲེང་བ་སོགས་ཧ་ཅང་མང་བ་མ་ཟད་དེ་དག་ལ་རེ་རེ་ནས་ཁྱད་ཆོས་དང་མཚོན་དོན།     འབྱུང་ཁུངས་སོགས་མི་འདྲ་བ་མང་དུ་མཆིས་ཀྱང་། འདིར་དེ་དག་རེ་རེ་ནས་ཞིབ་ཆའི་ངོ་སྤྲོད་དུས་ཚོད་ཀྱིས་མི་འདང་བས་འདི་ཙམ་གྱིས་གྱིས་ཆོག་པར་བྱ།

མདོར་ན།     མཆོད་ཆས་དེ་དག་གི་ལོ་རྒྱུས་དང་།    ལག་རྩལ་སོགས་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་འདོད་ན།    རིག་དངོས་དེ་དག་ལ་སྲུང་སྐྱོབ་དང་ཉར་ཚགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ།།

    དྲུག་པ།        དམག་ཆས་ཀྱི་སྐོར།

དེ་སྔོན་ལོ་སུམ་ཅུའི་ཡར་སྔོན་ཞིག་ཏུ།    ངས་རེབ་གོང་ས་ཁུལ་ནས་ཚེམ་ཚེམ་དང་།    ཕུབ།    མདུང་།    རལ་གྲི།   རྨོག ཁྲབ།    སྒ།     ཡོབ།      མེ་མདའ་སོགས་མཐོང་མྱོང་ཞིང་།      དེ་དག་ལས་ཆེས་བག་ཆགས་ཟབ་མོ་ཞིག་ཐེབས་པ་ནི་ཚེམ་ཚེམ་དང་གྲི་གཉིས་ཡིན།      དེང་སང་ལ་ལས་ནང་དམེ་བྱས་པའི་རྐྱེན་གྱིས་གྲི་ཡིས་མི་བསད་པར་ཁ་གཡར་ཏེ་བོད་གྲི་རྣམས་མེར་བསྲེགས་པའི་ལས་འགུལ་རབ་དང་རིམ་པར་སྤེལ་ནས་བོད་ཀྱི་འཚོ་བའི་ཡོ་བྱད་ནང་གི་སྙིང་ནོར་དུ་མ་ཞིག་མེད་པར་གཏོང་གིན་འདུག་པས།     དངོས་གནས་བློ་ཕམ་ཆེན་པོ་སྐྱེས།    འཛམ་གླིང་སྟེང་གྲི་ཡི་རིག་གནས་ཕུན་སུམ་ཚོགས་པ་མངའ་བ་ནི།    ཉི་ཧོང་བ་དང་བོད་པ་ཚོ་ཡིན་ལ།       ང་ཚོ་དང་ཁོ་ཚོ་ལ་གྲིའི་རིག་གནས་ཕུན་སུམ་ཚོགས་མང་དུ་མཆིས་པ་ལས།      བདེན་པ་སྐྱོང་བའི་སྙིང་སྟོབས་དང་།   རྒྱུ་འབྲས་སྲུང་བའི་བློ་མིག་ནི་ཤེས་རབ་ཀྱི་གྲིའི་ཐོག་ལ་མཚོན་པར་བྱས་ཏེ།      གྲི་ནི་སྐྱེས་པ་ཕོ་ཞིག་ལ་མཚོན་ན་མི་ཚེ་འདིར་མེད་དུ་མི་རུང་བ་ཞིག་ཡིན་པས་གྲི་ལ་དགའ་བའི་གོམས་སྲོལ་དེ་ཤུགས་ཆེན་པོར་ཆགས་ཡོད།       ཉི་ཧོང་ལ་མཚོན་ན་གྲི་ནི་ད་ལྟ་ཡང་ཕ་མེས་ཡང་མེས་ཀྱི་སྙིང་སྟོབས་དང་ཤེས་རབ་མཚོན་བྱེད་ཀྱི་དྲན་རྟེན་ཞིག་དང་།      ཡང་ན་སེམས་ཀྱི་གཏད་ས་ཁྱད་པར་བ་ཞིག་ལ་ངོས་འཛིན་བྱས་པ་ལས།    མི་གསོད་བྱེད་ཀྱི་ལག་ཆ་ཁོ་ན་ཞིག་ཏུ་མི་སྤྱོད་ལ་དེ་ལྟར་དུ་ནམ་ཡང་ངོས་འཛིན་ཡང་མི་བྱེད་དོ།།   

འོན་ཏེ།  དེང་སྐབས་བོད་མི་ཚོའི་བསམ་བློར་འགྱུར་ལྡོག་བྱུང་སྟེ་གྲི་ནི་མི་རིགས་ཉམས་བྱེད་ཀྱི་ལག་དམར་ལྟ་བུ་ལ་རྩིས་ནས་ཡོད་ཚད་བསྲེག་བཅོམ་བྱེད་པའི་ལས་འགུལ་བྱུང་དང་འབྱུང་གིན་ཡོད་པ་དང་།    ལས་འགུལ་དེའི་ཁྲོད་ནས་ང་ཚོའི་ཕ་མེས་ཡང་མེས་ཀྱི་སྙིང་སྟོབས་དང་བདེན་པ་སྐྱོང་བའི་སྤོབས་པ་སོགས་ཡོངས་སུ་ཉམས་ནས་དེའི་ཚབ་ཏུ་ཡ་མ་བརླའི་གཤིས་ཀ་ཞིག་ངང་གིས་ཆགས་ཡོང་གིན་ཡོད་པ་མངོན་གསལ་རེད།       

བོད་ཀྱི་དམག་ཆས་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་སྐད་གྲགས་ཤིན་ཏུ་ཆེ་ཞིང་།  ལྷག་པར་དུ་རྨོག་དང་།   ཁྲབ།    གྲི་གསུམ་ནི་དེ་བས་ཀྱང་སྙན་གྲགས་ཆེ།   ཉེ་ཆར།    ཨ་རི་ན་༼བོད་ཀྱི་དམག་ཆས་བཤམས་སྟོན་ཁང་༽བྱ་བ་ཞིག་ཀྱང་བཙུགས་ཡོད་ལ།    དེ་ནང་གི་དམག་ཆས་དག་ནི་འཛམ་གླིང་གི་དམག་ཆས་གྲས་ནས་ཆེས་ཕུལ་དུ་བྱུང་བ་ཡིན་པར་བཤད།         དེས་ན་ང་ཚོས་ཀྱང་རང་རེའི་འཚོ་བའི་ཁྲོད་ནས་དར་བའི་དམག་ཆས་རྣམས་ལ་དམིགས་བསལ་གྱིས་སྲུང་སྐྱོབ་དང་ཉར་ཚགས་བྱ་དགོས་ཤིང་།      དེ་དག་ལ་ཆེད་མངགས་ཀྱིས་ཞིབ་འཇུག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པའང་བཤད་མ་དགོས་སོ།།

               ཚངས་དབང་གིས།2013/7/10/