༄༅།། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

དབྱིན་སྐད་དུ་WeChatདང་རྒྱ་སྐད་ལ་微信 བོད་སྐད་དུ་སྐད་འཕྲིན་ནམ་འཕྲིན་ཕྲན་ཟེར་བའི་སྤྱི་ཚོགས་འབྲེལ་ལམ་གྱི་མཉེན་ཆས་དེ་ཁ་པར་གྱི་ནང་དུ་ལས་སླ་བོར་འཇུག་ཐུབ་པ་ནས་བཟུང་བོད་པའི་སྤྱི་ཚོགས་སུ་འགྱུར་ལྡོག་ཤིན་ཏུ་ཆེ་བ་ཞིག་བྱུང་བ་སྟེ། སྐྱེ་བོ་འགའ་ཞིག་ཆེད་དུ་མཉེན་ཆས་དེའི་བྲན་དུ་ཚུད་ནས་དེའི་བྱེད་ནུས་ཀྱང་མི་ལ་འཕྲིན་སྐྱེལ་བྱེད་ཙམ་ལས་འདས་ཏེ་སྤྲོ་གསེང་གཏོང་བ་དང། ཉི་མ་སྐྱེལ་བ། རྩོད་གླེང་བྱེད་པ། སློབ་ཁྲིད་ལ་ཉན་པ། གྲོགས་སྒྲིག་པ་སོགས་སུ་རྒྱ་བསྐྱེད། མང་པོ་ཞིག་གིས་ཁ་པར་ཨཱ་ཧྥོན་ཐོགས་ཡོད་ནའང་དེ་ཉིད་ཆེད་དུ་སྐད་འཕྲིན་སྤྱོད་བྱེད་ལྟ་བུར་གྱུར་ལ་ཡང་འགའ་ཤས་ཤིག་གི་མི་ཚེའི་ནང་གི་ལས་ཀ་ཆེ་ཤོས་ནི་སྐད་འཕྲིན་ནས་ཁ་བརྡ་བྱ་བར་གྱུར།

བརྡ་འཕྲིན་ལག་རྩལ་གྱིས་མིའི་འཚོ་བ་རོལ་སྟངས་ལ་འགྱུར་བ་བཏང་བ་དེར་དེ་ཙམ་ཧ་ལས་རྒྱུ་མེད་ནའང་། འགྱུར་བ་དེས་དེད་དེ་སྐད་འཕྲིན་ཚོགས་པ(འདི་ལ་སྐད་ཚོམས་ཞེས་ཀྱང་ཞུ)ཁ་ཤས་ནས“མཁས་དབང”དང“མཁས་པ”ཡིན་ཟེར་བའི་སྐྱེ་བོ་ཁ་ཤས་ཀུན་གྱི་ཁ་པར་ཤེལ་ངོས་སུ་མངོན་པར་བྱས་ཤིང་། དེ་ལ་ཤེས་ལྡན་པ་རེ་འགས་“དྲ་ལམ་གྱི་མཁས་པ”ཟེར་བའི་མིང་ཞིག་ཀྱང་བཏགས་འདུག

“དྲ་ལམ་གྱི་མཁས་པའི”ཁྱད་ཆོས་གཙོ་བོ་ནི་དྲ་ལམ་ནས་གཏམ་བཤད་མཁས་ལ་ཁ་བདེ་ལྕེ་བདེ་ཡིན་པ་ལས་གཞན་དྲ་ཚོམས་མང་པོ་ནས་གཏམ་བཤད་པར་སུན་སྣང་མེད་པ་དང་བརྗོད་གཞི་གང་ལའང་ལས་སླ་བོས་དཔྱད་པ་གཏོང་ཐུབ་པའམ་དགག་པ་གཏོང་ཐུབ་པ་དེ་རེད། གལ་སྲིད་སྤྱི་ཚོགས་དཔྱད་ཞིབ་པ་ཞིག་གིས“དྲ་ལམ་གྱི་མཁས་པ”དེ་ཚོས་དྲ་ལམ་དུ་གཏམ་བཤད་པའི་དུས་ཚོད་དང་ཁོ་ཚོས་སློབ་གཉེར་དང་དེབ་ཀློག་པའི་ཕྱོགས་སུ་བཀོལ་བའི་དུས་ཚོད་གཉིས་བསྡུར་ཏེ་དཔྱད་པ་ཞིག་བཏང་ན་ཧ་ལས་དགོས་པའི་མཇུག་འབྲས་ཤིག་ཐོབ་པར་ཐེ་མི་ཚོམ་སྟེ། ཁོ་ཚོ་ནི་ཤེས་པ་རྣལ་དུ་ཕབ་ནས་རིགས་པ་ཞིབ་མོས་དོན་སྣ་གཅིག་ལ་ཞིབ་འཇུག་བྱེད་མཁན་ནམ་སློབ་གཉེར་བྱེད་མཁན་མ་ཡིན་པར་ལས་ཀའི་ཞོར་དུ་རྟག་པར་སྐད་འཕྲིན་ནས་ས་བཤད་རྡོ་བཤད་བྱས་ཏེ་དེ་ཉིད་རྩེད་འཇོའམ་འཚོ་བ་རོལ་སྟངས་ཤིག་ཏུ་ངོས་འཛིན་མཁན་དག་རེད། ཁོང་ཚོ་དང་ངེས་དོན་གྱི་མཁས་པ(དཔེར་ན། ཁང་དཀར་དང་མཁར་རྨེའུ་ལྟ་བུ)གཉིས་བར་གྱི་ཁྱད་པར་ནི་གལ་སྲིད་སྐད་འཕྲིན་ནམ་སྐད་འཕྲིན་ལྟ་བུའི་སྤྱི་ཚོགས་འབྲེལ་ལམ་གྱི་མཉེན་ཆས་དག་གློ་བུར་དགོལ་མི་ཐུབ་པར་གྱུར་ཚེ་ཁོང་ཚོར་མཚོན་ན་དེ་ནི་རྐྱེན་ངན་བར་ཆད་དང་འཕྲད་པ་ཡིན་སྲིད་ལ་ངེས་དོན་གྱི་མཁས་པ་ཚོར་མཚོན་ན་དེ་ཙམ་སྐྱོན་མེད་པ་དེ་རེད། ཁོང་ཚོས་དོན་གང་ཞིག་ལ་བློ་གཟུ་བོས་ཆེད་དུ་ཞིབ་འཇུག་བྱས་མིན་དང་ཡང་ན་སློབ་སྦྱོང་བྱས་ཡོད་མེད་མི་ཤེས་མོད། ཁོང་ཚོའི་སྨྲ་སྒོར་མངོན་གྱུར་དང་ལྐོག་གྱུར་གྱི་དོན་གང་ཞིག་ལྷུང་ཡང་བུ་མོ་ཚོས་འགྱིག་བྱི་རིལ་ལྡོད་པ་བཞིན་ཚེགས་མེད་དུ་དེའི་སྐོར་གླེང་ཐུབ། ལོ་རྒྱུས་དང་ཆབ་སྲིད། ཆོས་ལུགས། གྲུབ་མཐའ། དཔལ་འབྱོར། ཚན་རིག རྩོམ་རིག སྙན་ངག རི་མོ། རོལ་མོ། གསོ་དཔྱད།  བརྡ་སྤྲོད། ལོ་ཙཱ་སོགས་གང་གླེང་ཡང་ཁོང་ཚོའི་སྨྲ་ལྕེ་ཏིག་པའ་ངག་ལྐུགས་པའི་སྐབས་ནི་ནམ་ཡང་ཡོད་མི་སྲིད། སྤྱིར་དྲ་ལམ་ནས་མི་རང་གི་ཁྱིམ་ཚང་སྐྱོང་ལུགས་དང་། བྱིས་པར་སློབ་གསོ་སྤྲད་སྟངས། ཟས་གཡོ་སྐོལ་བྱེད་ཚུལ། ཕྱུགས་ཟོག་འཚོ་ཚུལ། ཁེ་ཚོང་བྱེད་སྟངས། དགེ་ལས་སྒྲུབ་ཚུལ། དགའ་རོགས་སྒྲིག་སྟངས། སྨན་བཅོས་དང་འཕྲོད་བསྟེན་ལ་འཇུག་ཚུལ་སོགས་འཚོ་བའི་ཉམས་མྱོང་དག་ཁ་བརྡའི་ཚུལ་གྱིས་གླེང་བའམ་ཡང་ན་རང་ལ་འདྲིས་ཆ་ཆེ་བའི་རིག་ཚན་གང་ཞིག་གམ་དཔེ་དེབ་གང་ཞིག་གི་སྐོར་ཀུན་ལ་ངོ་སྤྲོད་པའི་ཚུལ་གྱིས་གླེང་ན་ཤིན་ཏུ་འོས་ཤིང་འཚམ་ལ་ཀུན་གྱི་སྣང་བར་འགྲོ་ངེས་ཤག་ཡིན་མོད། དེ་ལས་ལྡོག་སྟེ་བརྒྱ་ཕྲག་རིག་པའི་གནས་དག་རྒན་པོ་ཁ་བདེ་ཚོས་གྱོད་འདུམ་པའམ་གར་སྟེགས་སྟེང་གི་འཁྲབ་སྟོན་པ་ཚོས་ཁ་ཤགས་བཤད་པ་བཞིན་ལས་སླ་བོར་ཤོད་ཐབས་མེད་པ་ནི་ཀུན་ལ་ཤིན་ཏུ་གསལ་ལོ།། དེས་ན“དྲ་ལམ་གྱི་མཁས་པ”དེ་ཚོར་འོག་མ་ཚ་བར་བུ་བཙའ་བའི་མཐུ་ནུས་ཆེན་པོ་ཞིག་ཇི་ལྟར་ཡོད་པ་རེད་ཅེ་ན། གནད་ཀྱི་དོན་པོ་ནི་ཁོང་ཚོས་རྒྱུན་ཤེས་ལ་བརྩི་འཇོག་མི་བྱེད་ཅིང་རྒྱུན་ཤེས་ལས་ལྡོག་སྟེ་གླེང་བར་མ་ཟད་སྐབས་འགར་རྒྱུན་ཤེས་ལའང་རྩོད་པ་བྱེད་པ་དེ་རེད།
  རྒྱུན་ཤེས་ཟེར་བ་ག་རེ་རེད་ཟེར་ན། དེ་ནི་དབང་བོར་སྐྱོན་མེད་པའི་མི་དར་མ་ཞིག་ལ་ཅིས་ཀྱང་འཛོམས་དགོས་པའི་འཚོ་གནས་ཀྱི་རྩ་བའི་ཤེས་བྱ་སྟེ། དེའི་ཁོངས་སུ་འཚོ་ཚིས་ཀྱི་ཐབས་རྩལ་དང་ངལ་རྩོལ་གྱི་རྨང་གཞི་སོགས་ཚུད་པར་མ་ཟད་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་རྩ་བའི་ཤེས་བྱ་དག་ཀྱང་ཚུད། དེང་འདིར་རྒྱལ་ཁབ་མང་དག་ཅིག་ནས་མི་སུས་ཀྱང་སློབ་གྲྭ་ནས་འོས་འགན་སློབ་གསོ་མྱོང་དགོས་པ་ཁྲིམས་སུ་ཕབ་པ་དེའང་ཕྱོགས་གཅིག་ནས་སྐྱེ་བོ་ཚང་མར་རྒྱུན་ཤེས་ཀྱི་སློབ་གསོ་སྤྲད་དགོས་པ་དེ་རྒྱུ་མཚན་དུ་བྱས་ཡོད།
  སྤྱིར་རྒྱུན་ཤེས་ལ་མཐོ་དམའ་དང་དཀའ་སླ་ཅི་རིགས་ཡོད་ལ་སྤྱིར་བཏང་གི་འཚོ་བའི་རྒྱུན་ཤེས་དང་རིག་གཞུང་ངམ་རིག་ཚན་གྱི་རྒྱུན་ཤེས་ཀྱང་ཡོད། དཔེར་ན་དགོང་ཟས་ཉུང་ཙམ་ཟོས་ཚེ་མཚན་མོ་ཕོ་བ་བདེ་བ་དང་ལུས་ཕུང་ལ་ཕན་པ་ནི་རྒྱུན་ཤེས་སླ་མོ་དང་འཚོ་བའི་རྒྱུན་ཤེས་ཡིན་ལ། གཟུགས་བརྙན་དང་དཔེ། ཤུགས་བསྟན། ལྷ་སྒྲུང་བཅས་སྙན་ངག་གི་རྩ་བར་གྱུར་བའི་རྒྱུ་བཞི་ཡོད་པ་ནི་རྩོམ་རིག་གཞུང་ལུགས་ཀྱི་རྒྱུན་ཤེས་ཏེ་རྒྱུན་ཤེས་ཅུང་དཀའ་མོའི་རིགས་ཡིན།

གལ་སྲིད་སྐྱེ་བོ་གང་ཞིག་ལ་རྩ་བའི་རྩ་བར་གྱུར་བའི་རྒྱུན་ཤེས་དེ་རིགས་མེད་པའམ་ཡང་ན་རྒྱུན་ཤེས་དེ་རིགས་ཅིས་ཀྱང་དགོས་པར་ངོས་ཟིན་མེད་པ་ཡིན་ན། དེས་བཤད་པ་མང་པོ་ཞིག་ཚིག་ངོས་ནས་གཏན་ཚིགས་ལྟར་སྣང་བ་ཞིག་གིས་བཏེགས་ཡོད་ནའང་དེ་ཉིད་གང་དྲན་དྲན་དང་ཉོག་བཤད་མིན་པའི་ངེས་པ་གཏན་ནས་མེད། ལྷག་པར་དུ་རྩོད་པ་མི་འགྲོ་བའི་རྒྱུན་ཤེས་ཀྱི་སྐོར་ལ་རྩོད་པ་གཏོང་བ་ནི་རྩོད་རྒྱུ་མེད་པར་རྩོད་པ་ཟེར་བ་དེ་ཡིན།

རང་རེའི་བོད་ལ་གཏན་ཚིགས་རིགས་པའི་འཇུག་སྒོ་བསྡུས་གྲྭ་དར་བ་ནས་བཟུང་རྩོད་གྲྭ་ནས་ཐོན་པའི་སློབ་གཉེར་བ་གང་ཡིན་ནའང་ཁོ་ཚོར་རྟགས་གསལ་རྩོད་གཞི་གསུམ་ཀའི་སྟེང་ནས་རིགས་འགྲོས་ཞིབ་མོས་གཏན་ཚིགས་འགོད་པའི་ནུས་པ་ངེས་ཅན་ཞིག་ཡོད། ཡིན་ནའང་ནུས་པ་དེ་ཙམ་གྱིས་ཡོད་ཚད་ཁེབས་པར་འདོད་པ་ནི་འབྲོག་པ་རྒན་པོ་གྱོད་འདུམ་མཁན་ཁ་བདེ་ལྕེ་བདེ་ཅན་ཞིག་གིས་མཚན་ཉིད་རིག་པའི་དཀའ་གནད་དག་གླེང་བ་དང་ཤིན་ཏུ་འདྲ། བསྡུས་གྲྭའི་རིགས་ལམ་ལ་ཅུང་བྱང་བ་ཙམ་གྱིས་སྔོན་ཆད་ཕར་ཕྱིན་དང་དབུ་མ། རྣམ་འགྲེལ་སོགས་མ་བསླབས་པར་ཤེས་མི་སྲིད་པ་བཞིན་དུ་དེང་ཡང་ཚོང་ཁྲོམ་རིག་པ་དང་། སྐད་བརྡ་རིག་པ། རྩོམ་རིག སྨྱན་བྱེད་རིག་པ། ཚོང་ལས་དོ་དམ་རིག་པ་སོགས་གླེང་ན་མུན་ནང་མདའ་འཕེན་དང་གླེན་མའི་མུ་ཅོར་དུ་འགྱུར་བ་སྨོས་ཅི་དགོས།

དེ་བས་སྤྱིར་བཏང་གི་ཁ་བརྡའམ་རིག་གཞུང་གི་གནད་ཀ་དང་འབྲེལ་བ་མེད་པའི་ཉོག་བཤད་ལ་དྲ་ལམ་ནས“རིག་གཞུང་བགྲོ་གླེང”དུ་བཏགས་པ་ནི་དྲ་འབུ་ཚོས་རང་གིས་རང་ལ་སེམས་གསོ་བྱས་པ་ཞིག་ཡིན་ལ། རྒྱུན་ཤེས་དོར་ནས་མཐོ་རྒྱག་དམའ་རྒྱག་གི་གཏམ་ལབ་པ་དང་། གང་ལའང་འོལ་ཚོད་ཀྱིས་སྡོམ་ཚིག་འགོད་པ་ནི་སྨྲ་བ་བོ་རང་ཉིད་རྨོངས་པའི་འོབས་དོང་དུ་བཅུག་པ་ལས་གཞན་གང་ཡང་མ་ཡིན།

འདི་ནས་ཡར་བརྩིས་པའི་བགྲང་བྱ་243གྱི་སྔོན་དུ། རྒྱལ་ཁོངས་ཨ་རི་ཡིན་པའི་དབྱིན་ཇི་བ་ཐོམ་སི་ཕེནThomas Paineགྱིས《རྒྱུན་ཤེས》Common Senseཟེར་བའི་བརྩམས་དེབ་སྐད་གྲགས་ཅན་ད་ལྟའི་དུས་སུའང་རིགས་སྨྲ་བ་རྣམས་ལ་ཤུགས་རྐྱེན་ངེས་ཅན་ཡོད་པ་དེ་བརྩམས་ཤིང་དེའི་ནང་དུ་སྐབས་དེའི་རྒྱལ་པོའི་ལམ་ལུགས་དང་། ཕ་ཤུལ་བུ་འཛིན་གྱི་ལམ་ལུགས། སྲིད་གཞུང་གི་འབྱུང་ཁུངས་དང་དམིགས་ཡུལ། དབྱིན་ཇིའི་སྲིད་ལུགས། བྱང་ཨ་རིའི་ཆབ་སྲིད་ཀྱི་འབྱུང་འགྱུར་སོགས་ལས་འཕྲོས་ཏེ་སྐབས་དེའི་དབྱིན་ཇིའི་ཆབ་སྲིད་ཀྱི་དབང་ཤུགས་ལ་ཚ་འདྲི་སྣ་ཚོགས་བྱས་པར་མ་ཟད་བྱང་ཨ་རིའི་ཕྱོགས་ནས“ཁྲིམས་སྲིད་ཉིད་རྒྱལ་བོར་འགྱུར་བའི”མདུན་ལྗོངས་ལ་རེ་ལྟོས་ཆེན་པོ་བྱས་ཡོད། སྐྱེ་བོ་གཅིག་གི་ལྟ་ཚུལ་ཆུ་ཚོད་གཅིག་གི་རིང་ལ་བསྒྱུར་ཐུབ་པར་གྲགས་པའི་བརྩམས་དེབ་དེས་མི་ལ་སྒེར་ཚུགས་ཀྱི་བསམ་བློ་ཡོད་དགོས་པ་དེ“རྒྱུན་ཤེས”ཆེན་པོ་ཞིག་ཏུ་ངོ་སྤྲད་པ་དང་། དེ་ལྟ་བུའི་རྒྱུན་ཤེས་ནི་ཕྱིས་ཀྱི་དབྱིན་ཇི་དང་ཨ་རིའི་སྤྱི་དམངས་ཀྱི་མཐུན་ལམ་ཞིག་དང་སྟོབས་ཤུགས་ཤིག་ཏུ་གྱུར་ཏེ་ཡུལ་གྲུ་དེ་གཉིས་དེང་གི་ཤེས་རིག་ལྡན་པའི་སྤྱི་ཚོགས་སུ་གོམ་པ་སྔ་མོར་སྤོ་ཐུབ་པའི་རྒྱུ་རྐྱེན་ཞིག་ཏུའང་གྱུར་ཡོད།

རང་རེར་མཚོན་ན་ད་དུང་ཡང་རྒྱུན་ཤེས་ཀྱི་ཚབ་ཏུ་དད་པ་དང་དག་སྣང་གི་གཏམ་འབའ་ཞིག་སྨྲ་ཞིང་། རྒྱུན་ཤེས་ཁྱད་གསོད་གཏོང་བྱེད་དུ་མི་ཆེན་དཔོན་ཆེན་དག་གི་གསུང་བཤད་འབྱུང་ཁུངས་མི་གསལ་བ་དག་འདྲེན་པ་དང་། རང་ཉིད་ཀྱིས་རྒྱུན་ཤེས་ལས་ལྡོག་པའི་མུན་བཤད་བྱས་པ་ལ“དགག་སྒྲུབ”དང“བགྲོ་གླེང”སོགས་མིང་སྙན་མོ་སྦྱར་བར་གོམས་པ་ནི་ཅི་འདྲའི་ཡི་མུག་པ་ཞིག་རེད་ཨང་།

སྤྱིར་སྐད་ཆ་ནི་སྐྱེ་བོ་ཕན་ཚུན་ལ་བརྡ་སྤྲོད་བྱེད་ཅིག་ཡིན་པར་མ་ཟད་གནས་ལུགས་དང་རྒྱུ་མཚན་ངོ་སྤྲོད་བྱེད་ཅིག་ཡིན་ནའང་སྐད་ཆར་གཡོ་ཁྲམ་གྱི་ཁུག་པ་བཅོ་བརྒྱད་ཡོད་དེ། རྒྱུན་ཤེས་དང་རྩ་བའི་ཤེས་བྱར་བྱོལ་ཏེ་སྐད་ཆ་བཤད་རྐྱང་བྱས་ན། ཡིན་པ་མིན་པར་བསྒྲུབ་ནུས་པ་དང་ནག་པོ་དཀར་པོར་བསྒྱུར་ནུས་ཤིང་གནས་ལུགས་དང་རྒྱུ་མཚན་མཐའ་དག་ཀྱང་ཅི་ཡང་མིན་པ་ལྟར་རྡོག་བརྫིས་གཏོང་ནུས། བྱང་ཀོ་རེ་ཡའི་སྲིད་གཞུང་གིས་སྐྱེ་བོ་ཕལ་བའི་རྒྱུན་ཤེས་དང་གནས་ལུགས་མཐོང་བྱེད་ཀྱི་མིག་ཟུང་བསྒྲིབས་པར་བྱས་ཏེ་ཁ་མཁས་འདྲ་ཆགས་དང་དྲེགས་ལྡན་མི་བསྲུན་པའི་གཏམ་གྱི་སྦྱོར་བར་བརྟེན་ནས་དམངས་ཡོངས་རྨོངས་པའི་ལམ་དུ་འཁྲིད་པ་དང་། ཁ་ཆེའི་འཇིགས་སྐུལ་བ་དག་གིས་ཁ་བུ་རམ་དང་ཁོག་ད་ར་བྱས་ཏེ་འཛམ་གླིང་ཤེས་ལྡན་སྤྱི་ཚོགས་ཀྱི་རྒྱུན་ཤེས་རྣམས་ནག་པོ་སོལ་བར་བཏང་ནས་གཡོ་ཟོལ་ཚིག་གི་ཕྲེང་བས་དགྲ་བོའི་ཉེས་པ་ཡང་འགྲེལ་བསྐྱར་འགྲེལ་གྱིས་ཆེ་རུ་བཀོད་ཅིང་ཆོས་ཀྱི་དོན་དུ་སྲོག་ཕུལ་རྗེས་ཀྱི་ལྷ་ཡུལ་ཉིད་སྙན་པའི་གཏམ་དང་ངག་རིག་ཕྲེང་བས་བཟོས་ཏེ་གཞོན་ནུ་ལོ་ཆུང་རྣམས་ལོག་པའི་ལམ་དུ་འཁྲིད་པར་བྱེད་དོ།། 
  དེ་བས་སྐད་ཆ་ཡག་པོ་ཙམ་བཤད་ཤེས་པ་དང་ཁ་བདེ་ལྕེ་བདེར་གྱུར་བ་ཙམ་གྱིས་དེ་ལ་ཡིད་རྟོན་རུང་བའི་རྒྱུ་མཚན་གང་ཡང་མེད་དེ། གལ་སྲིད་དེ་འདྲ་ཡིན་ཚེ་འཛམ་གླིང་སྒང་གི་ཞི་བའི་ལམ་འདྲེན་དང་། རིག་པའི་དེད་དཔོན། ཚོང་དོན་གྱི་ཁ་ལོ་བ། སྒྱུ་རྩལ་མཁན་པོ། ངག་རིག་གི་རྗེ་བོ་དག་གི་ཚབ་ཏུ་ཁ་ཤགས་དང་སྟོན་བཤད་བཤད་མཁན་འགའ་བཞག་པས་འཐུས་སོ།།
  སྤྱིར་མི་ཞིག་གིས་སྐད་ཆ་ཡག་པོ་ཞིག་བཤད་ཤེས་པ་དང་རང་གིས་བརྗོད་འདོད་པ་གང་ཞིག་གོ་སླ་བ་དང་ཚིག་འབྲུ་གསལ་པོས་གཞན་ལ་ངོ་སྤྲད་ཐུབ་པ་དེ་དེའི་ཡོན་ཏན་ཞིག་ཡིན་པ་བསྙོན་དུ་མེད་ཀྱང་སྐད་ཆའི་ཁུག་སོ་དང་གཏན་ཚིགས་ལྟར་སྣང་བར་བརྟེན་ནས་མཁས་པར་རློམ་པ་ནི་བྱི་ལར་སེངྒེ་དང་རི་བོང་ལ་རྟ་མཆོག་ཏུ་འབོད་པ་དང་གཉིས་སུ་མ་མཆིས།

འདིར་དོན་གྱི་རྡོག་ཀ་སྟེ་ཕྲན་གྱིས“དྲ་ལམ་གྱི་མཁས་པ”དེ་དག་ལ་ཞུ་བར་བྱ་བ་འགའ་ཡོད་དེ། དང་པོ་ནི། མ་བསླབ་པ་ན་ཀུན་མཁྱེན་དུ།། འགྲོ་ན་ལས་འབྲས་ག་ལ་བདེན་ཞེས་པ་ལྟར་ཅི་ཞིག་བཤད་འདོད་ན་ཐོག་མར་དེ་ཉིད་ཤེས་དགོས་ལ་དེ་ཤེས་དགོས་ཚེ་ཐོག་མར་དེ་བསླབ་དགོས། བསླབ་པའི་གོ་རིམ་ནི་ཤིན་ཏུ་རིང་པོ་ཞིག་ཡིན་པས་དེ་ལ་མྱུར་ལམ་ཡོད་མི་སྲིད། ཕྲན་ལྟ་བུས་ཕོ་ལོ་བཅུ་གཉིས་བཅུ་གསུམ་གྱི་རིང་ནས་བཟུང་སྙན་ངག་བྲིས་ཤིང་སྙན་ངག་སྐོར་གྱི་དེབ་གྲངས་མེད་པ་བཀླགས་མྱོང་ནའང་ད་དུང་ཡང་དེའི་སྐོར་གསལ་ཁ་ཆོད་ཅིང་ཀུན་གྱི་དང་བ་འདྲེན་པ་ཞིག་གླེང་མི་ཤེས་པར་མ་ཟད་ང་རང་གིས་བྲིས་པ་དག་འཛམ་གླིང་སྒང་གི་སྙན་ངག་པ་གྲགས་ཅན་དེ་ཚོའི་བརྩམས་ཆོས་དང་བསྡུར་བའི་སྤོབས་པ་ཅི་ཡང་མེད་པས་ན་ཁྱེད་ཅག་རང་ཉིད་སྡོད་སའི་ཡུལ་གྲུ་དེའི་སྙན་ངག་པ་རླབས་ཆེན་གྱི་བརྩམས་ཆོས་ཀྱང་མཇལ་མེད་པ་དག་གིས་རྒྱུན་ཤེས་ལས་འདས་པའི་ཚིག་སྟེ། “སྙན་ངག་ནི་བྱིས་པའི་རྩེད་མོ་ཙམ་རེད”ལྟ་བུའི་སྡོམ་ཚིག་བཀོད་ན་ཁྲེལ་དང་ངོ་ཚ་མེད་པའི་གཏམ་གཅེར་པུར་ཕྱུང་བ་ལས་གཞན་ཅི་ཡང་མ་ཡིན། གཉིས་པ་ནི། ད་ལྟའི་ངེད་ཅག་ལ་མཚོན་ན་ཕ་ནོར་བསྲུང་དགོས་པ་ནི་བསྙོན་དུ་མེད་མོད། དེ་ཉིད་གཞན་ལ་ངོམ་སོ་བྱས་ཏེ་ཡིད་བཟི་བ་དང་། སྐད་འཕྲིན་སོགས་ནས་ཕ་ཡི་དཔང་པོ་བུ་ཡིས་བྱས་ཏེ་དེའི་ཡོན་ཏན་སྒྲོག་རྐྱང་བྱེད་པ་དང་། བོད་ཀྱིས་འཛམ་གླིང་ལ་སྣེ་འཁྲིད་པ་ལྟ་བུའི་འཁྲུལ་སྣང་གི་ཁྲོད་ནས་རྨི་ལམ་སྐྱིད་པོ་རྨིས་ཏེ། གཞན་གྱི་རིགས་པ་དང་བསམ་བློ་གསར་པར་བཀྱེད་ཅི་ཐུབ་བྱས་ན་དངོས་གནས་རོ་ཐོག་བྲོ་རྡུང་གི་དཔེ་ལས་མ་འདས་ཏེ། མཐར་རང་ལ་ཡོད་པ་དེའང་གཞན་ལ་ཤོར། གཞན་གྱི་དེའང་རང་གིས་ལེན་མ་ཐུབ་པར་དབུལ་བོ་སྣང་བསོར་གྱི་རྗེས་སུ་འགྲོ་དགོས་ཤིང་། མཐའ་མཇུག་འཇིག་ཉེན་སྣ་ཚོགས་ཀྱིས་དེད་དེ་སྣང་བ་བསོར་མོ་དེའང་མེད་པར་ངེད་ཅག་ཐམས་ཅད་ཕུགས་ཀྱི་ནོར་བོར། རྐང་འོག་གི་ས་ཤོར། མིའི་རྩིས་ཐང་བོར། རྒྱུད་ན་ཡོན་ཏན་མེད། ལག་ན་དངུལ་མེད་པའི་གསོབ་གཟུགས་སུ་མི་འགྱུར་བའི་ངེས་པ་གཏན་ནས་མི་འདུག སྐབས་དེར་སྐད་འཕྲིན་ནས་སྔོན་ཆད་བཞིན་སྐྱིད་གླུ་ལེན་པའི་ཡི་གའང་འགག་ངེས་སོ།། གསུམ་པ་ནི། དྲ་བའི་འཇིག་རྟེན་འདི་ཉིད་ལག་པས་རེག་ཏུ་བཏུབ་པའི་མངོན་སུམ་གྱི་འཇིག་རྟེན་དང་བསྡུར་ན་ལྟར་སྣང་དང་རྫུས་མའི་འཇིག་རྟེན་ཞིག་རེད། དེ་ནི་སློབ་ཁྲིད་སྟེགས་བུ་དང་། མི་མང་གི་འདུ་ར། ཇ་ཁ་ཆང་ཁ། ཚོགས་པའི་དབུས་སོགས་གང་དང་ཡང་མི་འདྲ་བས་དེ་ནི་ཁྱོད་ཀྱིས་ཞེད་སྣང་མེད་པར་ཁེར་བཤད་བྱས་པ་དེ་མི་མང་པོས་ཐོས་སྲིད་པའི་འཇིག་རྟེན་དམིགས་བསལ་བ་ཞིག་རེད། དེ་ནས་ཁྱོད་ཀྱིས་ངག་རྩལ་དང་སྨྲ་ལྕེར་སྦྱོང་བརྡར་ཐོབ་ཐུབ་ཀྱང་རིགས་པ་དང་ཤེས་ཡོན་ལ་སྦྱོང་བརྡར་ཐོབ་ཐུབ་པའི་ངེས་པ་མེད་དེ། ཁྱོད་ཀྱིས་གཏམ་བཤད་པའི་ཆེད་དུ་གཏམ་བཤད་དེ་གང་ལའང་དཔྱད་པ་བཏང་ཞིང་གང་ལའང་སྡོམ་ཚིག་བཀོད་ན་ཁྱོད་ཉིད་རིགས་པའི་རྗེས་སུ་མི་འགྲོ་བར་རང་ཉིད་ཀྱི་སྨྲ་ལྕེ་དང་དྲ་གྲོགས་དག་གི་ཚུལ་འཆོས་ཀྱི་བསྟོད་པའི་རྗེས་སུ་སོང་ནས་མཐར་ཁྱོད་ཉིད་དྲ་ལམ་གྱི་རྐྱལ་སྟོང་ངམ་དྲ་ལམ་གྱི་དྲེད་པོ་ཞིག་ཏུ་འགྱུར་ངེས་རེད། དྲ་ལམ་གྱི་རྐྱལ་སྟོང་ངམ་དྲེད་པོ་དག་གིས་རེ་ཞིག་ཀུན་གྱི་མིག་ཁ་འདྲེན་ཐུབ་པར་མ་ཟད། དེ་ཚོ་ནི་ཀུན་གྱི་སེམས་ཁམས་སྐྱིད་པོར་གཏོང་བའི་སྦྲིད་སྨན་དུ་འགྱུར་སྲིད་ནའང་ཕམ་ཁ་དངོས་ནི་རྐྱལ་སྟོང་ངམ་དྲེད་པོ་ཁོ་ཚོས་ཉོ་ངེས་ཡིན་ཏེ། དྲ་འབུ་དག་གིས་ཁྱོད་ལ་ཨ་གསར་བྱེད་མཚམས་བཞག་པའམ་དྲ་ལམ་ནས་རྒྱུན་ཤེས་ལས་འདས་པའི་སྐད་ཆར་ཉན་མཁན་མེད་པར་གྱུར་ཚེ། ཁྱོད་རང་ལ་ཤེས་ཡོན་གང་ཡང་མ་ཐོབ་པར་ཁྱོད་ཀྱི་དུས་ཚོད་མང་པོ་འཕྲོ་བརླག་ཏུ་བཏང་ཡོད།

མཐར་ཞུ་བར་བྱ་བ་ནི། ང་རང་མི་སྒེར་གྱི་ངོས་ནས“དྲ་ལམ་གྱི་མཁས་པ”དེ་ཚོར་འཁོན་སེམས་མི་འདུག གལ་སྲིད་ངེས་པར་དུ་འཁོན་སེམས་ཤིག་བཅངས་དགོས་ཚེ་རྒྱུན་ཤེས་མེད་པར་དཔྱད་པ་གཏོང་བའི་གོམས་སྲོལ་ངན་པ་འདི་ལ་སྡང་དགོས་འདུག དེས་འུ་ཅག་ནི་མེས་པོའི་ཤུལ་ནོར་ཙམ་གྱིས་མགུ་སྟེ་གཞན་གྱི་རིགས་པའི་སྒོ་འགོག་པའི་མི་རིགས་ཉམ་ཆུང་ཞིག་ཏུ་སྒྱུར་གྱིན་འདུག བདེན་པ་བདེན་དྲང་གི་གཏམ་ཞིག་བཤད་ན། དེ་ནི་རང་རེའི་སྔོན་གྱི་སྲོལ་ཞིག་མ་ཡིན་པར་དེང་འདིར་ཕྱིའི་སྟོབས་ཤུགས་མང་པོའི་བར་ན་ཤི་མ་གསོན་དུ་ལུས་དུས་ཅི་བྱ་གཏོལ་བྲལ་གྱི་ངང་ནས་བསྐྱངས་པའི་བྱ་སྤྱོད་ཉི་ཚེ་བ་ཞིག་རེད། སྔོན་མ་ཆོས་རྒྱལ་དག་གི་རིང་ལ་ལོ་ཙཱ་བ་དག་གིས་རྒྱ་བལ་ཁ་ཆེ་སོགས་ཀྱི་རིག་གནས་ཇི་ལྟར་ནང་དུ་དྲངས་པ་བཞིན་དེང་འདིར་རང་རེས་ཀྱང་ཡོ་རོབ་དང་ཨ་རི་སོགས་ནས་འཇིག་རྟེན་སྤྱི་ཚིས་ལ་ཕན་པའི་རིགས་པ་དག་ཉི་ཧོང་བ་དང་རྒྱ་ནག་ལྟར་རང་གི་རིགས་པར་བསྒྱུར་མ་ཐུབ་ཚེ་རྒུད་པའི་ལམ་དུ་འགྲོ་ཤག་རེད། རྒུད་པའི་ལམ་དེ་བཀག་དགོས་ཚེ་ཐོག་མར་རིགས་མི་འདྲ་བའི་རྒྱུན་ཤེས་སྣ་ཚོགས་ལ་བསླབ་དགོས་པ་དང་རྒྱུན་ཤེས་ནི་རིགས་པ་དེ་དག་གི་སྔོན་འགྲོ་ཡིན་པ་ཤེས་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ལ། ཁ་པར་ཞེས་པའི་ཡོ་བྱད་འདིའང་སྤྱོད་མ་ཤེས་པར“བྱིས་པའི་ལག་གི་རྡོ་རྗེར”གྱུར་ན་ཕན་ལས་གནོད་པ་ཆེ་བ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད་དོ།།

ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག
སྐྱབས་ཆེན་བདེ་གྲོལ་དུ་འབོད་པས་ཕྱི་ལོ་༢༠༡༧ལོའི་ཟླ་བཅུ་བའི་ཚེས་གཉིས་ཉིན་གྱི་ཞོགས་པར་བྲིས་པའོ།།