ཉེ་ཆར་ཕྲན་གུས་པར་མཇལ་བསྐལ་བྱུང་བའི་ལོ་ཆེན་རིན་ཆེན་བཟང་པོ་(958-1055)ཡི་རྣམ་ཐར་ལ་ཁོང་གི་དངོས་སློབ་གུ་གེ་ཁྱི་ཐང་བ་དཔལ་ཡེ་ཤེས་ཀྱིས་མཛད་པའི་༼བླ་མ་ལོ་ཙྪ་བ་ཆེན་པོའི་རྣམ་པར་ཐར་པ་དྲི་མ་མེད་པ་ཤེལ་གྱི་འཕྲེང་པ་ཞེས་བྱ་བ་བཞུགས་སོ། ། ༽ཞེས་དང་། བློ་བཟང་ཐུབ་བསྟན་གཉིས་ཀྱིས་བརྩམས་པའི་༼འཇིག་རྟེན་མིག་གྱུར་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་བསྡུས་པ་བཞུགས་སོ། །༽ཞེས་པ་གཉིས་དང་།  ཞང་ཞུང་བ་ཆོས་དབང་གྲགས་པས་མཛད་པའི་རྣམ་ཐར་ཚིགས་བཅད་མ་གཅིག་དང་རྩོམ་མཁན་སུ་ཡིན་མི་གསལ་བའི་རྣམ་ཐར་གསོལ་འདེབས་བཅས་བཞི་ཡོད།

དུས་ཀྱི་ཆ་ནས་གུ་གེ་ཁྱི་ཐང་བ་ནི་ལོ་ཆེན་རིན་བཟང་དང་དུས་མཉམ་དུ་བྱོན་པ་མ་ཟད། ལོ་ཆེན་གྱི་དངོས་སློབ་ཀ་བཞི་གདུང་བརྒྱད་ཀྱི་ཡ་བ་ཡིན་པར་བཤད་པས།༡ ཁོང་གིས་མཛད་པའི་རྣམ་ཐར་ནི་ལོ་ཆེན་གྱི་རྣམ་ཐར་ཀུན་ལས་སྔ་བ་དང་ཀུན་གྱི་ཕྱི་མོ་ལྟ་བུ་ཡིན་པར་སྙམ་སྟེ།  ཞང་ཞུང་བ་ཆོས་དབང་གྲགས་པ་དང་བློ་བཟང་ཐུབ་བསྟན་གཉིས་ཀྱིས་ཀྱང་དེར་གཞིགས་ནས་ལོ་ཆེན་རིན་བཟང་གི་རྣམ་ཐར་བརྩམས་ཞེས་སོ་སོའི་མཇུག་བྱང་དུ་གསལ།   བློ་བཟང་ཐུབ་བསྟན་གྱིས་བརྩམས་པའི་༼རྣམ་ཐར་བསྡུས་པ༽ཡི་མཇུག་བྱང་དུ་༼ཆིག་སྟོང་དགུ་བརྒྱ་རེ་གཅིག་ལོ། །  རང་རིག་བློ་བཟང་བསྟན་འཛིན་ནས། །  བྲིས་དགེ་མཐུ་ལས་འགྲོ་བ་ཀུན། ། བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །༽ ཅེས་པའི་སྨོན་ལམ་ཚིགས་བཅད་ལ་བསམ་ན་ཁོང་གིས་ཕྱི་ལོ་1961ལོར་རྣམ་ཐར་འདི་བརྩམས་པར་སྙམ།

གུ་གེ་ཁྱི་ཐང་བ་དང་བློ་བཟང་ཐུབ་བསྟན་གཉིས་ཀྱིས་མཛད་པའི་རྣམ་ཐར་གཉིས་ལ་ཞིབ་ཏུ་བསྡུར་ན་ང་ཚོས་གནད་དོན་མང་པོ་ཞིག་ཤེས་འོང་སྟེ།  ལོ་ཆེན་རིན་བཟང་གི་ཡུམ་གྱི་མཚན་ལ་སྔ་མ་རུ་ཅོག་རོས(རོ)ཀུན་བཟང་ཤེས་རབ་བསྟན་མ་དང་ཕྱི་མ་རུ་ལྕོག་རོ་ཀུན་བཟང་བསྟན་མ་ཞེས་བྲིས་འདུག་པས།  ཕྱི་མར་༼ཤེས་རབ་༽ཅེས་པའི་ཡིག་འབྲུ་གཉིས་དོར་འདུག་ཀྱང་། ཅོག་ལ་ལྕོག་ཏུ་བྲིས་པ་ལ་སྐྱོན་ཆེན་པོ་མེད་དེ་དཔེར་ན་ཀ་ལྕོག་ཞང་གསུམ་དང་ཀ་ཅོག་ཞང་གསུམ།   རྨོག་ལྕོག་པ་དང་རྨོག་ཅོག་པ་གཉིས་རེས་མོས་སུ་བྲིས་པ་ནང་བཞིན་ཡིན་པས་འདི་ལྟ་བུ་ནི་གདམས་ང་ཅན་ཡིན་པ་སྨོས་མེད་རེད།   གཞན་ཡང་ལེགས་སྦྱར་སྐད་དང་འབྲེལ་བའི་ས་མིང་དང་མི་མིང་གི་འབྲི་ཚུལ་ལ་ཧེ་བག་ཆེན་པོ་ཡོད་དེ།  དཔེར་ན་སྔ་མའི་མ་ཧ་སང་ག་ལ་ཞེས་པ་ཕྱི་མ་རུ་མ་ཧཱ་སཾགྷ་ལ་ཞེས་བྲིས་པ་དང་།  དེ་བཞིན་དུ་རདྣ་སི་ཏི་ལ་རཏྣ་སིདྡྷི།  གྲོང་ཁྱེར་ཏ་མ་ལ་སན་ཏི་ལ་གྲོང་ཁྱེར་ཏ་མལ་སིནྟ།  པཎྚི་ཏ་ཏྲ་ཏ་ཀ་བར་མ་ལ་པཎྚི་ཤྲཱདྡྷ་ཀར་ཝརྨཱ།  པཎྚི་ཏ་མ་ལ་ཀུ་ཏ་ལ་པཎྚི་ཏ་ཀ་མ་ལ་གུཔྟ། ཞེས་སོགས་བྲིས་འདུག་པས་བལྟས་ཚོད་ལ་མ་དག་པ་འདྲ་ཡང་། བསམ་གཞིགས་ནན་ཏུ་བཏང་ན་དུས་ཀྱི་སྔ་ཕྱི་ཙམ་གྱིས་འབྲི་ཚུལ་ལ་ཁྱད་པར་ཤོར་བར་འདོད་དེ།   མཁས་དབང་དགེ་འདུན་ཆོས་འཕེལ་གྱི་༼གཏམ་རྒྱུད་གསེར་ཐང་༽དུ་༼ལར་སྔོན་གྱི་རྒྱ་སྐད་གདངས་ཅི་ལྟར་ཐོན་པ་ཙམ་བོད་ཡིག་ལ་བྲིས་པ་ལས་མི་འདུག་ཅིང་།  བཛྲ་སོགས་ལའང་།   འབའ་འཛར་སོགས་སུ་ལོ་ཙཱ་བ་འགའ་ཞིག་གི་མཚན་གཤམ་དུ་གསལ་བའི་ཕྱག་བྲིས་ལ་ཡང་འདུག་པས། ལེགས་སྦྱར་གཙང་སང་རྒྱ་ཡིག་ཇི་ལྟ་བ་བཞིན་བྲིས་ཆོག་པ་འདི་དུས་ཕྱིས་ཙ་ན་མཁས་པ་རྣམས་ཀྱིས་མཛད་པ་ཞིག་ཏུ་སྣང་།༽༡ ཞེས་གསུངས་པ་བཞིན་ཡིན་པར་བསམ།

དེ་ལྟ་ནའང་བློ་བཟང་ཐུབ་བསྟན་གྱིས་བརྩམས་པའི་ལོ་ཆེན་གྱི་རྣམ་ཐར་དུ་ཚབས་ཆེ་བའི་གནད་དོན་རེ་འགའ་ཡང་ཡོད་པས་འདིར་མ་གསང་མ་སྦས་པར་དཀྱུས་གཅིག་ཏུ་གླེང་བར་བྱ།གཤམ་དུ་ངོས་འཛིན་བྱེད་སླ་བའི་ཆེད་དུ་ཁྱི་ཐང་བས་མཛད་པའི་རྣམ་ཐར་ལ་༼སྔ་མ༽་དང་བློ་བཟང་ཐུབ་བསྟན་གྱིས་བརྩམས་པའི་རྣམ་ཐར་ལ་༼ཕྱི་མ༽་ཞེས་འབོད་རྒྱུ་ཡིན།  པར་གྱི་གོ་རིམ་ཡང་དེ་ལས་མ་འདས་སོ། །

དང་པོ།  སྔ་མ་རུ་༼རྟའི་ལོ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་ལ་སྐྱུ་ཝང་གི་ཞིང་ནར་མོ་ཞེས་བྱ་བ་ཞིག་ཏུ་ཡུར་མ་མཛད་ཅིང་ཡོད་པ་ལ། ཡུམ་ཅུང་ཟད་སྐུ་ཁམས་བག་ལོག་ནས།  ཞིང་གཉའ་རུ་བྱོན་པས།་་་་་་་དེ་ནས་ཁྱེའུ་མདོག་སྔོ་བའི་བྱའི་གདོང་པ་དང་མིག་འདྲ་བ།  ཕྱག་གཡས་པའི་མཐིལ་ན་ཆོས་ཀྱི་འཁོར་ལོ་ཡོད་པ་གཅིག་བལྟམས་སོ། །༽ཞེས་གསལ་བ་དང་།  ཕྱི་མ་རུ་༼རྟའི་ལོ་དགུན་ཟླ་ཐ་ཆུང་གི་ཚེ་(ཚེས)བཅུ་ལ་ཡུམ་སྐྱུ་ཝང་གི་ཞིང་ནར་མོ་གཅིག་གི་སྟེང་ན་ཡུར་མ་མཛད་ཅིང་ཡོད་པ་ལ།  ཅུང་ཟད་སྐུ་ཁམས་མ་བདེ་ནས་ཞིང་གཉའ་རུ་བྱོན་པས། ་་་་་་་་ཁྱེའུ་མདོག་སྔོ་བ་བྱའི་གདོང་པ་དང་མིག་འདྲ་བ།   ཕྱག་གཡས་པའི་མཐིལ་ན་འཁོར་ལོའི་རི་མོ་ཡོད་པ་གཅིག་བལྟམས་སོ། ། ༽ཞེས་པའི་ཚིག་དུམ་གཉིས་བལྟས་ཚོད་ལ་བློ་བཟང་བསྟན་པས་ཁྱི་ཐང་བའི་རྣམ་ཐར་ཇི་བཞིན་བཤུས་པ་དང་འདྲ་མོད།  ཡིན་ནའང་ཞིབ་ཏུ་བསྡུར་ན་སྔ་མ་རུ་རྟ་ལོའི་དབྱར་ཁ་ལ་ལོ་ཆེན་འཁྲུངས་པ་དང་ཕྱི་མ་རུ་རྟ་ལོའི་དགུན་ཁར་འཁྲུངས་པར་བརྗོད། དེ་ལས་ཀྱང་དགུན་ཟླ་ལ་ཡུམ་གྱིས་ཞིང་ལ་ཡུར་མ་མཛད་པར་བརྗོད་ན་ནི་རྒྱུན་ཤེས་ལ་རྨོངས་པའི་རྟགས་སུ་འཁུམས་ཏེ།  རབ་བྱུང་ས་བབས་ཀྱིས་སྟོད་མངའ་རིས་སུ་དགུན་ཁར་ལོ་ཏོག་སོགས་འདེབས་མི་ཐུབ་པ་ནི་དངོས་ཡོད་ཆོས་ཉིད་རེད།

གཉིས་པ།  སྔ་མ་རུ་༼དེ་དུས་དགུང་ལོ་བཅོ་བརྒྱད་པ་ལ། རང་གི་ཨ་པོ་བཀྲ་ཤིས་རྩེ་མོ་བྱ་བ་དང་།  དགེ་བསྙེན་ཞིག་ལ་གྲོགས་བཅོལ་ཏེ།  ལམ་ཆས་སྒྲོན་བུ་དྲུག་བརྒྱ་ཙམ་དང་དེ་ལ་སོགས་པའི་རྫས་ཅི་རིགས་དང་། ་་་་་ན་བཟའ་བག་ཧྲུལ་ཙམ་དང་ཆས་ཏེ། ་་་་ཞག་གསུམ་གྱི་ལམ་དུ་མ་ཧ་སང་ག་ལ་བྱ་བའི་ཟམ་པ་ཆེན་པོ་ཞིག་ཏུ་ཤོ་གམ་འདོན་པའི་ལམ་སྲུང་བ་གྲོང་(གྲོགས)་གསུམ་ཡོད་པ་ལ།  སྒྲོན་བུ་ལྔ་བཅུ་ཙམ་བྱིན་ནས།  ནུབ་གཅིག་དེར་གཟིམས་སོ། །༽ ཞེས་དང་།  ཕྱི་མ་རུ་༼དེ་ནས་རང་གི་ཕུ་པོ་བཀྲ་ཤིས་རྩེ་མོ་བྱ་བའི་དགེ་བསྙེན་གཅིག་ལ་གྲོགས་བཙལ་ནས་དགུང་ལོ་བཅོ་བརྒྱད་ལ་ཕག་ལོའི་སྟོན་ཐོན་པ་དང་མགྲོན་བུ་དྲུག་བརྒྱ་ཙམ་ལ་སོགས་པའི་རྫས་ཅི་རིག་(རིགས་)པ་དང་།  ་་་་་གསུམ་བསྡེབས་ནས་བྱོན་ཏེ།་་་་་་ཞག་གསུམ་བྱོན་པའི་ལམ་དུ། མ་ཧཱ་སཾགྷ་ལ་བྱ་བའི་ཟམ་པ་ཆེན་པོར་ཤོག་གམ་འདེད་པའི་ལམ་སྲུང་བ་གྲོགས་གསུམ་ལ་མགྲོན་བུ་ལྔ་བརྒྱ་ཙམ་བྱིན་ནས་ནུབ་གཅིག་དེར་གཟིམ།(གཟིམས)༽་ཞེས་གསལ། འདིར་བརྗོད་པ་ནི་ལོ་ཆེན་རིན་བཟང་ཁོང་ཉིད་ཁ་ཆེར་ཕེབས་དུས་ལམ་གྲོགས་དག་དང་ལྷན་དུ་སྒྲོན་བུ་དྲུག་བརྒྱ་ཙམ་ཁྱེར་ནས་མ་ཧ་སང་ག་ལ་བྱ་བའི་ཟམ་པ་དེར་ལམ་སྲུང་བ་གསུམ་ལ་ལམ་ཁྲལ་ལམ་འདུག་གླ་ལ་མགྲོན་བུ་ལྔ་བཅུ་བྱིན་པ་དེའི་གནས་ཚུལ་བརྗོད་ཡོད་པ་རེད། ཡིན་ནའང་བློ་བཟང་ཐུབ་བསྟན་གྱིས་ལམ་སྲུང་བ་ཚོར་མགྲོན་བུ་ལྔ་བརྒྱ་བྱིན་པར་བྲིས་པ་དེ་དངོས་གནས་བློ་ཡུལ་ལས་དཔག་དཀའ་བ་ཞིག་རེད།  ལོ་ཆེན་ཁོང་ཉིད་ཕ་ཡུལ་ནས་ཁ་ཆེར་བསྐྱོད་པའི་ལམ་རྒྱགས་ལ་མགྲོན་བུ་དྲུག་བརྒྱ་ཙམ་ཡོད་པ་ལས། ལམ་བར་དུ་ལྔ་བརྒྱ་ཚར་ན་ཁ་ཆེར་སློབ་གཉེར་ཇི་ལྟར་བྱེད་དམ་སྙམ་པའི་དྲི་བ་ཞིག་འོང་བ་དང་ལྷན་འདི་ཡང་ཕྱི་མ་བས་ཐུགས་ཉམས་མ་བཞག་པས་གྲས་སུ་འཇོག་པར་བྱའོ། །

གསུམ་པ།  སྔ་མ་རུ་༼ཉི་མ་གསུམ་ཙམ་གསོལ་ཆས་ཅང་མི་མངའ་ཞིང་། ནགས་གསེབ་ཀྱི་ཤུལ་ཁ་ཅིག་(ཞིག་)ནས་མར་བྱོན་པས། རྒན་མོ་མ་སྨད་གཉིས་ཀྱི་(ཀྱིས)འབྲས་ཁུར་རེ་རེ་ཁུར་བ་དང་ཕྲད་བྱུང་བས།  ཕྱག་བཟེད་དེ་སློང་བའི་བདའ(བརྡ་)མཛད་པས་བྲེ་བཞི་ལྔ་ཙམ་ཕུལ་ལོ། །  འབྲས་བསྐོལ་ཏེ་གསོལ་བས་ཁམས་སོས་པར་གྱུར་ཏེ།  ་་་་་་་དྲིན་ལན་དུ་སོང་ཤེད་མཆོད་རྟེན་བརྒྱ་ཙམ་བཏབ་དགོས་སྙམ་ན།  རྒན་མོ་ལ་ཁྱོད་ཀྱི་སྐྲའི་རྩེ་མོ་ནས་དུམ་ཅིག་(ཞིག)་སློང་བའི་བདའ(བརྡ)་མཛད་པས།  ་་་་་་་་་་རྒན་མོ་དགའ་ནས་སྐྲའི་རྩེ་ནས་དུམ་ཞིག་བཅད་(དེ)ཕུལ་ནས།  ཕྱག་ཀྱང་ཕུལ་ནས་ལྕེ་ཕྱུང་སྟེ་ལག་པས་བཟུང་ནས་འདི་ཆད་པ་དང་ཁྱད་མེད་ཀྱི་བདའ་(བརྡ)་བྱས་ནས། ཕྱི་མ(མཆི་མ)བྱུང་སྟེ་སོང་ངོ་། ། ༽འདིར་ལོ་ཆེན་རིན་བཟང་གིས་རྒན་མོའི་སྐྲ་བསླངས་པ་ན་རྒན་མོས་རང་གི་སྐྲ་བཅད་ནས་ཕུལ་ཞོར།  སྐྲ་བཅད་པ་ནི་ངའི་ལྕེ་ཆད་པ་དང་འདྲ་ཞེས་རིན་ཐང་ཆེ་ཚུལ་གྱིས་ལོ་ཆེན་ལ་ཞུས་པའི་ཚུལ་བསྟན་ཡོད་པ་རེད།  ཡིན་ནའང་ཕྱི་མ་རུ་༼་་་་རྒན་མོ་དགའ་ཞིང་སྐྲའི་རྩེ་མོ་ནས་དུམ་གཅིག་བཅད་ནས་ཕུལ།  ཕྱག་འཚལ་ཏེ་ལྕེ་བསྟན་ནས་འདི་ཆད་ནས་མེད་ཅེས་ལྐུགས་པའི་བརྡའ་(བརྡ)བྱས་ཏེ་མཆི་མ་ཕྱུང་ནས་སོང་།༽༢ ཞེས་གསལ་བས་ཤིན་ཏུ་འཇིགས་སུ་རུང་བ་ཞིག་མ་ཡིན་གྲང་། སྔ་མ་རུ་ལྕེ་ཆད་པ་དང་འདྲ་ཞེས་དཔེ་རུ་བཀོད་པ་དེ་ཕྱི་མ་རུ་ལྕེ་ཆད་ཡོད་ཅེས་བསྒྱུར་བ་འདི་ཡ་ཆ།

བཞི་པ། སྔ་མ་རུ་༼བླ་མ་ལོ་ཙྪ་བས་ཧོ་པུ་ནས་ཆུ་སྦྲུལ་བཟུང་ནས་བསེ་སྒྲོམ་དུ་བཅུག་ནས་བསྐུར་ཏེ།་་་༽ཞེས་འབྱུང་བ་ལ་ཕྱི་མ་རུ་༼དེ་ལྟ་བུའི་སྐྱེས་བུ་ཁྱད་པར་ཅན་དེས་ཧོ་སུ་ནས་སྦྲུལ་གསུམ་བཟུང་ནས་གསེར་སྒྲོམ་དུ་བཅུག་ནས་བསྐུར་ཏེ།་་་་་་༽ཞེས་སྦྲུལ་གཅིག་དེ་སྦྲུལ་གསུམ་དུ་བསྒྱུར་ཞིང་། སྦྲུལ་བཅུག་སའི་སྣོད་བསེ་སྒྲོམ་དེ་གསེར་སྒྲོམ་དུ་བསྒྱུར་བ་ཡང་གནམ་སའི་ཧེ་བག་ཡོད་པ་མིན་ནམ་སྙམ་སྟེ།  ༼སྨོན་ལམ་ཚིག་མཛོད་༽དུ་༼མཚོན་རྩི་བསྐོས་པའི་ཀོ་བ་དང་རས་སོགས་ཀྱི་མིང་ལ་བསེ་༽ཞེས་པར་བརྗོད་པ་དང་།   བློ་བཟང་ཐུབ་བསྟན་རང་གིས་བརྩམས་པའི་རྣམ་ཐར་དེ་རུ་ཡང་༼ཞང་ཞུང་གི་སྐད་ལ་ཤིན་ཏུ་དམ་ཞིང་བསྲབ་པའི་དངོས་པོ་ཞིག་ལ་བསེ་ཡི་ཐ་སྙད་འདོགས༽་ཞེས་འབྱུང་བས་འདི་གཅིག་པུ་ཐད་ནས་ཀྱང་བསེ་སྒྲོམ་ཞེས་པ་ནི་ཡིག་ནོར་མིན་པ་ཤེས་ནུས་སོ། །   དེ་ནས་ད་དུང་གནད་ཆེན་པོ་ཞིག་ཤེས་ངེས་པ་ནི་ཆུ་སྦྲུལ་འཛིན་སའི་ས་མིང་ཐ་དད་དུ་ཆགས་འདུག་སྟེ། སྔ་མར་༼ཧོ་པུ༽་དང་ཕྱི་མར་༼ཧོ་སུ༽ཞེས་བྲིས་པ་འདི་ཡང་བསམ་རི་བ་ཞིག་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི༼བོད་ཀྱི་དཀར་ཆག་རིག་པ༽རུ་༼བོད་ཡིག་གི་བྲིས་མ་མང་པོ་ཞིག་ཞུས་དག་ཡག་པོ་ཞིག་བྱུང་མེད་པ་དང་།  དབུ་ཅན་གྱི་བྲིས་མ་ཁག་གཅིག་གི་མ་དཔེ་དབུ་མེད་ཡིན་སྟབས་དབུ་མེད་ཀྱི་བསྡུ་ཡིག་ལ་གོ་བ་མ་ལོན་པར་འོལ་ཚོད་ཀྱིས་བྲིས་པ་དང་།  དབུ་མེད་ཀྱི་ཏ་དང་ར་ཕན་ཚུན་ནོར་བ།  པ་དང་བ་ཕན་ཚུན་ནོར་བ།  ཁ་དང་ཕ་ཕན་ཚུན་ནོར་བ། ན་རོ་དང་འགྲེང་བུ་ཕན་ཚུན་ནོར་བ་སོགས་བྱུང་ཡོད༽ཅེས་གསུངས་པ་བཞིན་ལན་རེར་དབུ་མེད་ཀྱི་པ་དང་ས།  ང་དང་ད་གཉིས་ཀྱང་ཕན་ཚུན་ནོར་སླ་བ་ཞིག་རེད།  དེ་བས་༼ཧོ་པུ༽དང་༼ཧོ་སུ༽ཡང་དེ་ལྟར་ཨེ་ཡིན་བསམ།  ཕྲན་གྱིས་ལག་སོན་བྱུང་བའི་རྣམ་ཐར་འདི་གཉིས་ཀྱི་ཡིག་གཟུགས་ལ་བལྟས་ན་མི་གཅིག་གི་ལག་རྗེས་ལྟ་བུ་ཡིན་ཤས་ཆེ་ཡང་།  ཞིབ་ཏུ་བལྟས་ན་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི་ཤད་འཇོག་སྟངས་ཐད་ནས་ཡིན་ཏེ། སྔ་མ་རུ་རྫོགས་ཚིག་མ་ཟད་ལྷུག་མ་གཞན་ཕལ་ཆེར་ལ་ཡང་ཉིས་ཤད་ཐོབ་འདུག  དེ་ཡང་བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་ཡིག་རྙིང་སོགས་སུ་ཡང་དེ་ལྟར་འབྱུང་ཏེ།  ༼༄། རྒྱལ་འདྀ་འི་རིང་ལ། །  ཞང་ཞུང་ལྟེ་བུ། །  གཉེན་གྱྀ་ཡང་ངོ་།  །  འཐབ་ཀྱི་ཡང་སྐལ་ཏེ། །  ཞང་ཞུང་བདག་དུའ། །  བཙན་མོ་སད་མར་ཀར། །  ལྀག་མྱི་རྷྱ་ལ་ཆབ་སྲིད་ལ་གཤེགས་སོ། །  སྔ་ན་ཤུད་ཀེ་ཟ་རྩལ་ཐྀང་ཤགས་མཆིས་སྟེ། །  བཙན་མོ་དང་ནྀ་མྱི་བནལ་བར། ། ལྀག་མྱི་རྷྱ་ལ་ཤུད་ཀེ་ཟ་རྩལ་ཏིང་ཤགས་གནང་སྟེ།  །  བཙན་མོ་ཡང་ལྀག་མྱི་རྷྱ་འྀ་སོ་ནམ་དང་བུ་སྲྀད་མྱྀ་མཛད་ཆིང་ལོག་ཤིག་ན་བཞུགས་པར་། །  འདིར་དྲལ་གྱྀ་སྙན་དུ་གདའ་སྟེ། །་་་་་ ༽༥ ཞེས་པ་བཞིན་ནོ། །  དེ་བས་བསྟན་པ་ཕྱི་དར་གྱི་མགོར་བཙན་པོའི་སྐབས་ཀྱི་བྲིས་རྒྱུན་ཞིག་མ་ཉམས་པར་ཡོད་སྲིད་པས་གུ་གེ་ཁྱི་ཐང་བས་ཀྱང་དེ་ལྟར་བྲིས་པ་ཨེ་ཡིན་བསམ་པའི་དོགས་པ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་། གཅིག་ཏུ་ན་བོད་ཀྱི་ལོ་རྒྱུས་སྟེང་གི་སྐད་གསར་བཅད་གསུམ་པ་ལྷ་བླ་མ་ཡེ་ཤེས་ཀྱི་འོད་ཀྱི་སྐུ་རིང་ལ་བྱས་པ་སོགས་ལ་ཡང་གུང་བསྒྲིགས་ཆོག་པར་བསམ།

ལར་ན་བོད་ཀྱི་སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་ལ་རྩོམ་མཁན་གྱི་ངོས་ནས་དབྱེ་ན་རང་རྣམ་དང་གཞན་རྣམ་ཞེས་རིགས་གཉིས་སུ་དབྱེ་ཆོག་ཅིང་།  རང་རྣམ་ནི་དམ་པ་རང་གི་མི་ཚེའི་ལོ་རྒྱུས་དྲང་བོ་དྲང་བཞག་གིས་བྲིས་པས།  གཞན་རྣམ་ཁ་ཤས་བཞིན་འུད་བསྟོད་ཀྱི་ཆ་འདྲེས་པ་དང་ཐེ་ཚོམ་ཟ་དགོས་པའི་རིགས་མིན་པར་བསམ། དུས་ཀྱི་ཆ་ནས་དབྱེ་ན་དམ་པ་གང་དང་དུས་མཉམ་དུ་བྱོན་པའི་དངོས་སློབ་སོགས་ཀྱིས་བརྩམས་པ་དང་།  ཕྱིས་ཕྱིས་སུ་བརྩམས་པ་ཡོད་པ་དེའང་གོང་གི་ལོ་ཆེན་རིན་བཟང་གི་རྣམ་ཐར་ལྟ་བུ་རེད།  ཕྲན་ལ་མཚོན་ན་རྣམ་ཐར་ཀུན་ལས་མཆོག་ནི་རང་རྣམ་དང་།  དམ་པ་གང་དང་དུས་མཉམ་དུ་བྱོན་པའི་དངོས་སློབ་སོགས་ཀྱིས་མཛད་པའི་གཞན་རྣམ་རེད། ༥  དཔེར་ན་༼སྟག་ཚང་ལོ་ཙཱ་བའི་རང་རྣམ༽དང་༼ཆག་ལོའི་རྣམ་ཐར།༽ལྟ་བུ།   དེ་ཡང་མཐའ་གཅིག་ཏུ་ངེས་པ་མེད་དེ་དཔེར་ན་༼རྭ་ལོ་ཙཱ་བའི་རྣམ་ཐར་༽ལ་མཚོན་ན་དེ་འདྲའི་ཡིད་རྟོན་འཕེར་ཆོག་པ་ཞིག་མིན་པར་བསམ།   ཐ་མ་ལྟ་བུ་ནི་བློ་བཟང་ཐུབ་བསྟན་བཞིན་དུས་ཕྱིས་སུ་བརྩམས་པའི་རིགས་རེད།  རྣམ་ཐར་ཡོངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཙམ་ཁྱི་ཐང་པའི་ཚིག་ཇི་བཞིན་ཡིན་པས་གལ་ཏེ་སྦྱར་བྱང་ལ་ཁོང་གི་མཚན་མི་གསལ་ཚེ་མཐའ་གཅིག་ཏུ་འདི་ནི་གུ་གེ་ཁྱི་ཐང་པས་བརྩམས་ཞེས་བརྗོད་ཀྱང་ཆོག་པ་ལྟ་བུ་ཞིག་ཡིན་ལ། སྔ་མ་ཀུན་གྱི་སྙིང་བཅུད་བླངས་ནས་སྔོན་མ་ཀུན་ལས་ཕུན་སུམ་ཚོགས་པ་ཞིག་དང་།  ཡིད་རྟོན་འཕེར་བ་ཞིག་བརྩམས་ཆོག་མོད།  ཁོང་གིས་བརྩམས་པའི་ལོ་ཆེན་གྱི་རྣམ་ཐར་བསྡུས་པར་མཚོན་ན་དེ་ལྟའི་ལེགས་ཆ་ནི་མེད་པར་སྙམ་མོ། །

                  ཕྱི་ལོ་༢༠༡༧ལོའི་སྤྱི་ཟླ་༡༠པའི་ཚེས་༢ནས་༣ཉིན་རང་ཤག་ཏུ་སྦྱར། 

 

མཆན།

༡   རྣམ་ཐར་གཞན་དུ་ཁྲི་ཏང་པ་དང་ཁྲི་ཐང་པ་ཞེས་འབྱུང་ཡང་ཕྲན་གྱིས་ནི་ཁྱི་ཐང་བ་རང་གིས་བརྩམས་པའི་ལོ་ཆེན་གྱི་རྣམ་ཐར་ལྟར་བྲིས་ཡོད།  

༢   ༼མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་བཞུགས་སོ། །༽ཞེས་པའི་སྟོད་ཆའི་ཤོག་ངོས་7པར་གསལ།  

༣  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་༼ལོ་ཆེན་རིན་ཆེན་བཟང་པོ་དང་།  ཆག་ལོ་ཙཱ་བ་ཆོས་རྗེ་དཔལ།  རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་གསུམ་གྱི་རྣམ་ཐར།༽ཞེས་པ་ལས་ལོ་ཆེན་རིན་བཟང་གི་རྣམ་ཐར་རྒྱས་བསྡུས་རིགས་མི་འདྲ་བ་བཞི་འདུག་ཅིང་།  དེ་རྣམས་སུ་ཡང་ལྕེ་ཆད་ནས་མེད་ཅེས་འབྱུང་བས་ཤིན་ཏུ་བརྟག་དགོས་པ་ཞིག་རེད། 

༤  དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་༼བོད་ཀྱི་དཀར་ཆག་རིག་པ༽ཞེས་པའི་ཤོག་ངོས44ན་གསལ།  

༥ གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་༼བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།༽ཞེས་པའི་ཤོག་ངོས་55ན་གསལ།

༦ འདིར་གཞན་རྣམ་ཞེས་པ་ནི་གཞན་གྱིས་བརྩམས་པའི་རྣམ་ཐར་ལས་གཞན་གྱི་རྣམ་ཐར་ལ་གོ་བར་མི་བྱའོ། །