དང་པོ། ཐོག་མའི་གླེང་སློང་གནད་བསྡུས །

༡༩༨༨ ལོ་ནས་བཟུང་བདག་གིས་སྙན་ངག་ལ་ཐོས་པ་བྱེད་མགོ་ཚུགས་པ་ཡིན། སྐབས་དེར་སུམ་རྟགས་དག་གསུམ་གྱི་སྔོན་འགྲོ་ཙམ་ལས་རིག་གནས་གཞན་གང་ལའང་བལྟས་མྱོང་མེད་མོད། སྙན་ངག་བསླབ་རྒྱུར་ཤིན་ཏུ་དགའ། འོན་ཀྱང་རང་བློར་འཚམ་པའི་སྙན་ངག་གི་བསླབ་དེབ་གང་ཡིན་པ་དང་ཐོག་མར་ཇི་ལྟར་བསླབ་དགོས་པའི་རིམ་པ་དེ་ངས་མི་ཤེས། ཉིན་ཞིག་དཔེ་ཁྲིད་པ་ཞིག་ལ་སྐད་ཆ་བཤད་རྒྱུ་བྱུང་། ཁོས་བཤད་ན་ཁོ་དེ་རིང་ཕྱི་དྲོར་ཨ་ཁུ་ཆེ་གེ་མོའི་དྲུང་དུ་༼རྟོགས་བརྗོད་གསེར་གྱི་མེ་ཏོག༽གི་དཔེ་ཁྲིད་དུ་འགྲོ་དགོས་པར་བཤད། ཉི་མ་དེ་ནི་ངས་༼རྟོགས་བརྗོད་གསེར་གྱི་མེ་ཏོག༽ཅེས་པ་ཞིག་ཡོད་པ་ཐོས་པ་དང་པོ་ཡིན། འོན་ཀྱང་ང་ནི་ཉིན་དེར༼རྟོགས་བརྗོད་གསེར་གྱི་མེ་ཏོག༽གི་དཔེ་ཁྲིད་ལ་མ་སོང་། གཅིག་ནས་དཔེ་ཆ་དེ་ང་ལ་མེད། གཉིས་ནས་ངས༼རྟོགས་བརྗོད་གསེར་གྱི་མེ་ཏོག༽ཅེ་ན། སུམ་རྟགས་དང་སྙན་ངག་གང་ཞིག་ཡིན་པ་འང་ཧ་མ་གོ་བས་ཡིན།

དེ་ནས་རིམ་གྱིས་ཤེས་ཚད་ཅུང་ཟད་མཐོ་རུ་སོང་བ་དང་མཉམ་དུ། ༼རྟོགས་བརྗོད་གསེར་གྱི་མེ་ཏོག༽ནི་སྙན་ངག་གི་བརྩམས་ཆོས་གྲགས་ཆེ་བ་ཞིག་ཡིན་པ་དང་། རྩོམ་པ་པོ་ནི། སྒིས་སྟེང་བློ་བཟང་དཔལ་ལྡན་ནམ་ས་གནས་རང་དུ་ཡོངས་འཛིན་བློ་བཟང་དཔལ་ལྡན་དུ་མཚན་གསོལ་བ་ཁོང་རེད། དམ་པ་དེ་ཉིད ༼༡༨༨༡༽ལོར་མདོ་སྨད་རེབ་གོང་ཡུལ་དུ་སྐུ་འཁྲུངས། རེབ་གོང་ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བདུན་པའི་ཡོངས་འཛིན་ལ༼༡༩༢༧༽ལོར་བཞུགས། གཞན་ཡང་ཀིརྟི་སྐུ་ཕྲེང་བཅུ་བའི་མཆོག་སྤྲུལ་གཙོས་མདོ་སྨད་ཕྱོགས་ཀྱི་སྔགས་གསར་རྙིང་གི་དམ་པ་མང་པོ་ཞིག་གི་ཡོངས་འཛིན་གནང་མྱོང་ཡོད་པ་རེད། ༼༡༩༤༤༽ ལོར་སྐུ་འདས། ཁོང་གིས༼རྟོགས་བརྗོད་གསེར་གྱི་མེ་ཏོག༽འདི་ནམ་བརྩམས་ཀྱི་དུས་ཚིགས་ཏན་ཏན་ཞིག་ཤེས་དཀའ་ཡང་།༼༡༩༣༦ ༽ལོར་བརྩམས་པར་ཆ་འཇོག་བྱ་འོས།

༡༩༩༢ ལོར་རྒན་དམ་པ་གང་གི་དྲུང་ནས་དངོས་སུ་༼རྟོགས་བརྗོད་གསེར་གྱི་མེ་ཏོག༽གི་དཔེ་ཁྲིད་ཞུ་རྒྱུ་བྱུང་། ༼རྟོགས་བརྗོད༽འདིའི་མཚན་ཆ་ཚང་ལ༼ངོ་མཚར་བའི་གཏམ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རྒྱན་ཞེས་བྱ་བ་རྟོགས་བརྗོད་གསེར་གྱི་མེ་ཏོག་བཞུགས་སོ།།༽ཞེས་ཞུ་ཞིང་། གཞུང་ཚད་ལ་ཐོག་མའི་ཚིག་ལྷུག་དེ་དག་ཕུད་ཚིགས་བཅད་རྐྱང་བའི་ངོས་ནས་ཤོ་ལོ་ཀ་བརྒྱ་དང་ཉི་ཤུ་ལྷག་ཡོད་ཅིང་། ཚིག་རྐང་གི་རིང་ཐུང་ཚེག་ཁྱིམ་བདུན་མ་དང་དགུ་མ་ཤས་ཆེ་ཞིང་། གཞན་ཚེག་ཁྱིམ་བཅོ་ལྔ་ཅན་སོགས་ཀྱང་འདུག་མོད་རེ་གཉིས་ཙམ་ལས་མང་པོ་མི་འདུག ༼རྟོགས་བརྗོད༽འདིའི་བརྗོད་བྱ་ནི། རེབ་གོང་ཡུལ་གྱི་སྣོད་བཅུད་ཀྱི་ཆེ་བ་མང་དུ་བརྗོད་ཡོད་པ་སྨོས་མ་དགོས་པ་ཡིན་ཅིང་། གཞན་རྟོགས་བརྗོད་འདི་རྩོམ་སྐུལ་གནང་མཁན་གྱི་མཚན་ཞབས་པ་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་1ཀྱི་འཕྲིན་ཡིག་དྲངས་པ་ལས། ཁྱད་པར་བརྗོད་བྱ་སྡེ་བཞི་ལས་བརྩམས་ཤིང་།། རྗོད་བྱེད་སྙན་ངག་ལམ་ལས་དྲངས་པ་ཡི།། ཞལ་གདམས་ཨུཏྤལ་གསར་བའི་ཆུན་པོ་ཞིག། བློ་དམན་རྣ་བ་མཛེས་པའི་རྒྱན་དུ་སྩོལ།། ཅེས་པ་ལྟར། ཆོས། ནོར། འདོད་པ། ཐར་བ་སོགས་ཀྱི་དགེ་ཐོན་པར་བྱས་ཡོད་པའི་ཁར། དམིགས་བསལ་གྱི་བརྗོད་སྙིང་ཞིག་བསླེབས་ཡོད་པ་ནི། རྟོགས་བརྗོད་འདིར། པད་རག་ཚེ་ཡི་བུམ་པ་འཛིན་པས་ཚེ་དང་ཡེ་ཤེས་སྤེལ་བའི་མགོན།། ཆུ་ཤེལ་ནོར་བུ་པདྨ་ཡིས་ནི་སྙིང་རྗེས་རྒྱུད་ནི་ངེས་གང་བའི།། ལྷ་དག་འདི་ན་ཡབ་དང་སྲས་སུ་སྒྱུ་འཕྲུལ་དྲ་བའི་རོལ་གར་གྱིས།།རྩེན་པའི་ལེགས་མཛད་རྒྱ་མཚོ་ཆེ་ལས་ཆུ་ཐིགས་གཅིག་ནི་བརྗོད་པ་ལས།། ཞེས་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་དང་སྲས་ཀྱི་ཐུ་བོ་སྐལ་ལྡན་སྐུ་ཕྲེང་བདུན་པ་ཆེན་པོ་རྣམ་པ་གཉིས་ཀྱི་སྐུ་རབས་སྔ་ཕྱིའི་མཛད་པ་དང་སྒོས་སུ་༼༡༩༣༦ ཟླ ༤ ཚེས ༡༣༽ལ་རེབ་གོང་དུ་ཕེབས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་སྲིད་གཉིས་ཀྱི་ལེགས་མཛད་ཀྱི་བྱ་བ་རྒྱ་མཚོ་ལྟ་བུ་དེ་ཉིང་བསྡུས་ཀྱིས་བསྟན་ཡོད་མོད། རྩོམ་པ་པོས་ཁེངས་སྐྱུང་གིས་ཆུ་ཐིགས་གཅིག་ཙམ་ཞིག་བརྗོད་སྙིང་དུ་བཟུང་ཡོད་པའི་ཚུལ་གསལ་ཐིང་དུ་གསུངས་འདུག དེ་ལས་གཞན་རྩོམ་པོ་རང་གི་ཀུན་སློང་ནི་ཞིང་ཁྱད་པར་ཅན་ལ་བསྔགས་པའི་རྣམ་དཀར་དགེ་བའི་རྒྱས་བཏབ་ཡོད་པའི་ཚུལ་དེ་འང་། རླབས་ཆེན་བསོད་ནམས་ཟླ་བའི་དཔལ་འཕྲོག་རྣ་རྒྱན་རིན་ཆེན་འོད་ཟེར་གྱིས།། མཐའ་བྲལ་སྔོ་བསངས་ལྷ་མོའི་འགྲམ་པར་ཐིག་ལེ་གསར་བའི་རི་མོ་རྒོད།། སྙིང་སྡུག་ཡིད་ཀྱི་གཞོན་ནུ་གང་ཞིག་དེ་ལྟའི་དཔལ་ལ་རབ་ཆགས་ནས།། སྙན་ཚིག་ངག་གི་གླིང་བུ་སྒྱུར་ལ་མངོན་དགའི་ལྕེ་འདི་ཅི་ཡང་ངལ།། ལེགས་དོན་ཕུན་ཚོགས་སྙིང་ལ་རབ་ཏུ་བཀོད་བྱས་ནས།། ལེགས་བྱས་དྲི་མེད་ཡིད་ཀྱི་མེ་ལོང་དག་བྱེད་འདི།། ལེགས་བཤད་རྩེ་དགས་ནམ་ཡང་མཛའ་བ་མི་ལྷོད་ཕྱིར།།ལེགས་པར་སྤེལ་ཏེ་རིག་པ་འབྱུང་བའི་རྒྱན་དུ་བྲེས།། ཞེས་དང་ཡང་། ཞིང་གི་མཆོག་ལ་བསྔགས་པའི་བསོད་ནམས་མཐུ་ཆེན་འདིས།།སྐྱེ་ཞིང་སྐྱེ་བར་དམ་པའི་ཞབས་རྡུལ་ལ་མཆོད་ཅིང་།།རྒྱལ་བའི་སྲས་ཀྱི་དཀྱིལ་འཁོར་དབུས་སུ་ཁྲི་འཕང་དུ།། འཆད་རྩོད་རྩོམ་པའི་ཅོ་པན་ཐོགས་པས་མཛེས་གྱུར་ཅིག། ཅེས༼རྟོགས་བརྗོད༽འདིའི་བརྗོད་བྱའི་དོན་དང་༼རྟོགས་བརྗོད༽འདི་རྩོམ་འདུན་གྱི་དམིགས་ཡུལ་སོགས་བྱེ་དྲག་ཏུ་བསྟན་པར་མ་ཟད། དེ་ལས་གཞན་མཇུག་གི་གཏམ་དུ་ཡང་། མཆོད་དཔོན་ཆེན་མོ་དང་རྗེ་དྲུང་ཐུབ་བསྟན་ཞུ་བ་རྣམས་དང་། བདག་ཅག་གི༧གོང་ས་མཆོག་2གི་ཞབས་གྲས་དུ་མའི་བཞེད་ཟུར་ཀྱང་ཁོང་དུ་ཆུད་པར་བརྟེན། ༼རྟོགས་བརྗོད༽འདི་བརྩམས་པ་ཡིན་ཚུལ་ཞིག་བྲིས་ཡོད།

སྙན་ངག་ལ་དོན་གྱི་བྱུང་བ་གཙོ་བོར་བརྗོད་པའི་སྙན་ངག་དང་ཡིད་ཀྱི་འགྱུར་བ་གཙོ་བོར་བརྗོད་པའི་སྙན་ངག་གི་རིགས་གཉིས་ཡོད་པ་ལས༼རྟོགས་བརྗོད༽འདི་གང་དུ་གཏོགས་ཟེར་ན། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་གི་རིགས་སུ་འཇོག་དགོས་སོ།།

གཉིས་པ། ༼རྟོགས་བརྗོད༽འདིའི་ནང་གི་གལ་ཆེ་བའི་མི་སྣ་གཉིས་ཀྱི་ལོ་རྒྱུས་བསྡུས་པ།

པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ནི། དྭགས་པོ་ཤར་ཡུལ་དུ་ཡབ་རྟ་མགྲིན་དང་ཡུམ་དམ་ཆོས་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཆུ་ལུག༼༡༨༨༣༽ལོར་འཁྲུངས། ལྷ་ལྡན་ཇོ་བོ་ཤཀྱྰ་མུ་ནེའི་མདུན་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་ཞུས། ༼༡༨༨༨༽ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་དབུ་སྐྲ་གཙུག་ཕུད་བཞེས་པ་དང་འབྲེལ་མཚན་ལ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་དཔལ་བཟང་པོར་གསོལ། ཡོངས་འཛིན་དཔོན་བྲང་བསྟན་འཛིན་དབང་རྒྱལ་དྲུང་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་ཀྱི་དབུ་བཙུགས། ཆུ་འབྲུག་༼༡༨༩༢༽ལོར་བཀྲས་ལྷུན་གདན་སའི་ཁྲི་ཐོག་ཏུ་ཕེབས། ༼༡༩༠༤༽ལོར་ལྷ་ལྡན་གཙུག་ལག་ཁང་དུ་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ༼༡༩༠༤༽ལོར་ཨིན་ཇིའི་དམག་ལྷ་སར་འབྱོར་བའི་ཕྱི་ལོར་ཨིན་ཇིས་གདན་ཞུས་ལྟར་རྒྱ་གར་ལ་ཕེབས། ༼༡༩༠༦༽ལོར་གཙང་དུ་ཕྱིར་ཕེབས་གནང་། ༼༡༩༡༤༽ལོར་གདན་ས་བཀྲ་ཤིས་ལྷུན་པོར་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་བོད་དུ་སྔར་མ་གྲགས་པའི་སྐུ་ཚད་ཐོག་བརྩེགས་བདུན་པ་འམ་ཁྲུ་བརྒྱད་ཅུ་གྱ་ལྔའི་ཆེ་ཚད་ཅན་དེ་བཞེངས། ༼༡༩༡༩༽ལོར་ལྷ་སར་ཕེབས་ནས་རྒྱལ་དབང་མཆོག་འཇིགས་བྱེད་ཀྱི་ལྗགས་བསྙེན་གྲུབ་པའི་མཇལ་ཕྱག་གི་ཆོས་མཐུན་མཛད་སྒོའི་ཞོར་དུ། བཀྲས་ལྷུན་ཆོས་གཞིས་ཞིང་འབྲོག་དམག་ཕོགས་དང་། ལམ་ཐོག་འཁྲི་སྒྲུབ་སྐོར་བཀའ་འཁྲུན་མ་ཆོད་པ་རྣམས་སྐྱབས་ཞུའི་བཀའ་མོལ་གནང་བ་སོགས་བདུན་ཕྲག་ཁ་ཤས་བཞུགས་རྗེས་གཙང་དུ་ཕྱིར་ཕེབས། ༼༡༩༢༣༽ ལོར་བླ་གཞུང་བར་གྱི་འགལ་ཟླའི་དབང་གིས་ལོ་དེའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔའི་མཚན་མོར་སྟོན་འཁོར་གོ་ཧྲག་དང་བཅས་བྱང་ཐང་བརྒྱུད་བྲོས་བྱོལ་དུ་ཕེབས། མཚོ་སྔོན་དང་། ལན་ཀྲུའུ། ཤིས་ཨན། ཐའོ་ཡོན་བཅས་ཀྱི་ལམ་ཁ་བརྒྱུད་དེ་པེ་ཅིང་དུ་ཞབས་ཟུང་འཁོད། ༼༡༩༢༥༽ལོའི་ཟླ་བ་གཉིས་པའི་ཚེས་གཉིས་ཉིན་ཀྲུང་ནན་ཧའི་ཡི་ཡིང་ཐའི་རུ་བཞུགས། གོ་མིན་ཏང་གཞུང་ནས་སྣེ་ལེན་ཕེབས་བསུ་རྒྱ་ཆེན་བྱས། རིམ་གྱིས་ནང་སོག་དང་། ནན་ཅིན། ཧང་ཀྲོའུ་མཚོ་སྔོན་སོགས་སུ་ཕེབས་ནས་བཀའ་ཆོས་གནང་། ༼༡༩༣༣༽ལོར་ཁམས་སྐྱེ་རྒུ་མདོར་ཕེབས་སྐབས། ལྷ་སའི་སྡེ་བ་གཞུང་གིས་པཎ་ཆེན་རིན་པོ་ཆེ་བོད་དུ་ཕེབས་ན་རྒྱ་དམག་མཉམ་དུ་ཁྲིད་མི་ཆོག་པ་དང་།༼འདིའི་སྐབས་ཀྱི་རྒྱ་དམག་ནི་གོ་མིན་ཏང་གི་དམག་ལ་གོ༽ ཡར་ལམ་ལྷ་སར་ཕེབས་མི་ཆོག་པ། སླད་བོད་གཞུང་གི་བཀའ་ལ་སྲུང་རྩི་དང་ལེན་ཞུ་དགོས་པ་སོགས་འགལ་བ་ཅི་རིགས་ལ་བརྟེན་ནས་ཕེབས་མ་ཐུབ་པར། ༼༡༩༣༧༽ལོར་སྐྱེ་རྒུ་མདོར་སྐུ་གཤེགས། གསུང་རྩོམ་གྱི་སྐོར་ལ། ༼ལམ་རིམ་ཚིགས་བཅད་མ༽༼ལམ་སྒྲོན་འགྲེལ་བ༽༼ས་ཤིང་གི་བཅོས༽སོགས་པོད་བཞི་ཙམ་བཞུགས། ༼༡༩༤༠༽ལོར་བཀྲས་ལྷུན་ནས་སྐུ་གདུང་གདན་འདྲེན་མིར་མཁན་དྲུང་ཏྰ་བླ་མ་3ནོར་བྲང་བློ་བཟང་རྒྱལ་མཚན་དང་། ལས་བྱ་རྩེ་མགྲོན་བྱམས་པ་རྣམ་དག་སོགས་ཕེབས་ནས་ལོ་དེར་སྐུ་གདུང་ལྷ་སར་གདན་དྲངས་སོ།། མདོར་ན་དམ་པ་ཁོང་གི་སྐུ་ཚེ་ལ་སྲིད་ཀྱི་གཡོ་སྐྱོམ་ཆེ་བར་བསྟུན་སྐུ་ཚེ་དེར་འོ་བརྒྱལ་མང་དུ་མྱངས་ཡོད། ཁོང་སྐྱེ་རྒུའི་མདོར༼༡༩༣༣༽ལོར་ཕེབས་ནས་ཕྱིར་རེབ་གོང་དུ་ཕེབས་པ་ཡིན་ནམ། ཡང་ན་རེབ་གོང་དུ་ ༼༡༩༣༦ ༤ ༡༣ ༽ལོར་ཕེབས་བསུ་བྱས་པའི་གཏམ་དེ་ནོར་བ་ཡིན་ནམ། གཞན་རྟོགས་བརྗོད་འདིའི་ཁྲིད་རྒྱུན་དུ། རྫུ་འཕྲུལ་རྐང་བའི་ཤུགས་རྫོགས་པའི།། འཕྲུལ་གྱི་འཁྲུལ་འཁོར་བར་སྣང་ལས།།གཤོག་པ་ལྡན་པའི་མཁའ་ལྡིང་བཞིན།། འཕུར་ལས་གནས་དེར་ཡུད་ཀྱིས་བྱོན།། ཞེས་པ་འདི་འགྲེལ་སྐབས་ཀྱང་། ༡༩༣༥ ལོར་པཎ་ཆེན་ཆོས་ཀྱི་ཉི་མ་ཨུ་རུ་སིའི་གནམ་གྲུ་ཟི་ལིང་དུ་ཐོག་མར་བཏང་བར་གྲགས་པ་དེར་བཞུགས་ནས་ཕེབས་པ་རེད་ཅེས་པའི་ལོ་ཚིགས་དེར་ཡང་གོང་འགྲིག་དཀའ་འམ་སྙམ་མོད། ཁོང་སྐྱེ་རྒུ་ནས་ཕྱིར་ཕེབས་པ་ཡིན་ནམ། གང་ཡིན་གསལ་ཁ་མ་བྱུང་སྟབས་ཐག་གཅོད་བྱ་མི་རིགས་པར་སྙམ་ནས་བཞག

༼རྟོགས་བརྗོད༽འདིའི་ཁྲོད་ཀྱི་མི་སྣ་གཙོ་བོ་གཞན་དེ་ནི། སྐལ་ལྡན་སྐུ་ཕྲེང་བདུན་པ་མཆོག་ཡིན་ཅིང་། ཁོང་གི་འཁྲུངས་ཡུལ་ནི། མདོ་སྨད་བྱང་རྒྱུད་ཆུ་བཟང་རྭ་ལོ་ཐང་གི་འདན་མ་ཚང་ཞེས་པར་ཡབ་ཚེ་རིང་དོན་འགྲུབ་དང་། ཡུམ་འདན་མ་བཟའ་རྟ་མགྲིན་སྐྱིད་གཉིས་ཀྱི་སྲས་སུ༼༡༩༡༦༽མེ་འབྲུག་ལོའི་ཟླ་བཅུ་བའི་ཚེས་ཉེར་དགུར་འཁྲུངས་ཤིང་། མཚན་ལ་ཡོན་ཏན་ཚེ་འཕེལ་གསོལ། ༼༡༩༡༨༽ལོར་རེབ་གོང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ༼༡༨༦༦ ༡༩༢༨༽གཙོས་བླ་སྤྲུལ་དང་སྐྱ་སེར་གྱི་ཚོགས་འདུས་པའི་དབུས་སུ་ཤར་བླ་བྲང་ཆེན་མོ་རུ་ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་ཆེད་ཟན་རིལ་བསྒྲིལ་བའི་ཐབས་ལ་བརྟེན་ནས། ཡོན་ཏན་ཚེ་འཕེལ་ལགས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཤིང་། དེ་དུས་དགོང་ལོ་གསུམ་ལ་བུད་འདུག ལོ་དེར་རེབ་གོང་གི་མི་སྣ་ཆུ་བཟང་དུ་བསྐྱོད་དེ་མཇལ་དར་ཕུལ། ལོ་དེའི་ལོ་མཇུག་ལ་ཡུལ་འཁྲུག་གི་རྐྱེན་གྱིས་མཆོག་སྤྲུལ་རིན་པོ་ཆེ་ཟི་ལིང་དུ་གདན་དྲངས། དེ་ཡང་མྰ་པུའུ་ཧྥང་ཞེས་པའི་ཡུལ་དཔོན་དེས་བཙན་འཕྲོག་ལྟར་གདན་དྲངས་པ་ཡིན་འདུག དགུང་ལོ་བཞིའི་ཐོག་ལན་གྲུ་ནས་རེབ་གོང་ལ་གདན་དྲངས་ནས་ཁྲི་སྟོན་མཛད། རྫི་རྒྱའི་རབ་འབྱམས་པ་དགེ་འདུན་རྒྱ་མཚོ་ཞུ་བ་ཡོངས་འཛིན་དུ་བསྟེན། ༼༡༩༢༢༽ལོར་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་ཞུས་ཤིང་། མཚན་ལ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ཞེས་གསོལ། ༼༡༩༢༧༽ ལོར་སྒིས་སྟེང་བློ་བཟང་དཔལ་ལྡན་ཡོངས་འཛིན་དུ་བསྟེན་ནས་ཆོས་ཀྱི་སློབ་གཉེར་གནང་། ༼༡༩༣༥༽ལོར་དགུང་ལོ་ཉི་ཤུའི་སྟེང་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ལ་སྐུ་འབུམ་ནས་མཇལ། ༼༡༩༣༦ ཧོར་ཟླ ༤ ཚེས ༡༣ ༽ལ་རེབ་གོང་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་གདན་དྲངས། དགུང་ལོ་ཉེར་གཉིས་ཐོག་རེབ་གོང་མགོན་ཤུལ་འབྲོག་ནས་དུས་འཁོར་དབང་ཆེན་ཐོག་མ་གནང་། ༼༡༩༤༤༽ལོར་ཁོང་གི་ཡོངས་འཛིན་སྒིས་སྟེང་བློ་བཟང་དཔལ་ལྡན་ཚང་སྐུ་གཤེགས། སྐབས་དེར་དགུང་ལོ་སུམ་ཅུ་ཙམ་ལ་ཕེབས་ཡོད། ༼༡༩༤༦༽ ལོར་ཁོང་གི་བླ་མ་འཇིགས་མེད་དམ་ཆོས་རྒྱ་མཚོ་འང་སྐུ་ཞི་བར་གཤེགས། སྐབས་དེར་སྐུ་ན་གཞོན་པའི་མཆོག་སྤྲུལ་རིན་པོ་ཆེ་ཁོང་ནི་ད་ཆ་སློབ་མ་ཙམ་མ་ཡིན་པར་ཆོས་ཀྱི་གཞུང་ལུགས་ལ་མངའ་བརྙེས་པའི་མཁས་པ་ཆེན་པོ་ཞིག་ཡིན་པས། མདོ་སྨད་ཀྱི་ས་ཆ་མང་པོར་ཞབས་ཀྱིས་བཅགས་ནས་དུས་འཁོར་དབང་ཆེན་སོགས་དབང་གི་སྐོར་དང་། ལམ་རིམ་ཆེན་མོའི་འཆད་ཁྲིད་སོགས་མདོ་སྔགས་ཀྱི་གཞུང་གང་ནས་ཀྱང་རང་རྐྱ་ཐུབ་པའི་བཀའ་ཆོས་གནང་བཞིན་ཡོད། ༼༡༩༥༠༽ ལོར་སྐུའི་གཅེན་པོ་སྟག་མཚེར་མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་ནོར་བུ་དང་གསེར་ཁོག་ཞྭ་ལུ་བ་ཚང་། གཞན་རྒྱ་དཔོན་ལིའུ་མིང་ཅན་ཞིག་དང་གློག་འཕྲིན་པ་ཞིག་དང་མཉམ་དུ་དབུས་གཙང་ལ་ཕེབས། ༼༡༩༥༠༽ལོའི་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལྷ་སར་དངོས་སུ་ཞབས་སོར་འཁོད། ༼༡༩༥༠༽ ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་རྩེ་ཕོ་བྲང་ནས་སྐུ་མདུན་ལ་མཇལ་ཁ་ཞུས། ལོ་དེའི་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཙམ་ལ་དགའ་ལྡན་དུ་ཕེབས་ཤིང་། དགའ་ལྡན་བླ་སྤྱི་དང་གྲྭ་ཚང་སོ་སོ་ནས་ཕེབས་བསུ་རྒྱ་ཆེན་ཞུས། ཟླ་དེའི་ཚེས་ཉེར་གཉིས་ཙམ་ལ་དགོན་པར་ཆོས་ཞུགས་མཛད་ཅིང་། ཀླུ་འབུམ་ཁང་ཚན་དུ་ཟླ་གཅིག་བཞུགས་པའི་རིང་ལ་གསུང་ཆོས་ཀྱང་གནང་འདུག ལོ་དེའི་ལྷ་ལྡན་སྨོན་ལམ་ཆེན་མོར་ཞུགས་ཤིང་། གདན་ས་ཁག་དང་བཀྲ་ཤིས་ལྷུན་པོ་སོགས་ལ་གནས་མཇལ་དུ་ཕེབས། ༼༡༩༥༡༽ ལོར་དབུས་ནས་ཆིབས་ཐོན་གྱིས་ལོ་དེའི་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་བདུན་ལ་རེབ་གོང་དུ་ཕེབས། སྐབས་དེར་རེབ་གོང་ཕྱོགས་ཀྱི་སྐྱ་སེར་ཡོངས་སུ་རྫོགས་པས་མི་བསུས་རྟ་བསུས་མཆོད་བསུས་ཀྱི་མཛད་རིམ་རྒྱ་ཆེན་ཞིག་སྤེལ་རྒྱུར་སྟ་གོན་བྱས་ཀྱང་ལམ་ལྷུང་བྱུང་དུ་བཅུག་མི་འདུག རེབ་གོང་དུ་ཕེབས་ནས་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་རེ་རེར་སྣམ་བུས་བཟོས་པའི་ཟླ་གམ་རེ་འང་སྐུ་འགྱེད་དུ་གནང་བར་བཤད། ད་དུང་རེབ་གོང་དགོན་སྡེ་ཁག་གཞན་ལའང་ཆོས་དང་ཟང་ཟིང་གི་སྦྱིན་པ་གྱ་ནོམ་པ་གནང་། ༼༡༩༥༢༽ལོར་པེ་ཅིང་དུ་ཕེབས་ཤིང་དེ་གའི་ཆེས་མཐོའི་མགོ་ཁྲིད་དག་ལ་ཐུག ༼༡༩༥༣༽ ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ཤིང་། དེའི་ཁུལ་དཔོན་གཞོན་པར་བསྡད། ༼༡༩༥༧༽ ལོ་གཅིག་བུར་ཡང་། རྒྱལ་བོ་ཀླུ་ཆུ། མདོ་བ་འབྲོག སོ་ནག བོན་བརྒྱ། ཨ་བར་ཐེ་བུ་བཅས་སུ་དུས་འཁོར་དབང་ཆེན་ཐེངས་ལྔར་གསུངས། ༼༡༩༥༨༽ ལོའི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་བཙོན་དུ་ཕེབས། ༼༡༩༧༨༽ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་ཀ་མདོའི་ཞིང་རར་བཙོན་དུ་སྐུ་གཤེགས་སོ།།

དམ་པ་འདི་ནི་བོད་ཀྱི་སྲིད་དོན་འཕོ་འགྱུར་དང་མུན་ནག་ལོག་སྤྱོད་ཀྱི་རྐྱེན་པས་དགུང་ལོ་ལྔ་བཅུ་ང་དྲུག་ཙམ་ལས་ཡུལ་འདིའི་སྤྱི་བསོད་ཀྱིས་བཞུགས་མ་ཐུབ་ཀྱང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཆེན་པོ་གཞན་ལ་འགྲམ་ཆུ་ལྡང་མ་དགོས་པ་ཞིག་འཁྲུངས་ཡོད། གསུང་རྩོམ་ལ་འང་། གསེར་ཕྲེང་གི་སྤྱི་དོན་ཤོག་ལྡེབས་བརྒྱ་མ་ལོངས་པ་ཙམ་དང་། མན་ངག་རྣམ་གསུམ་སོགས་བཀའ་རྒྱ་མའི་སྐོར་སོགས་སྒམ་ཆེ་བ་གང་ཙམ་ཡོད་པ་གོད་ཆག་སྐབས་མེ་ལ་བསྲེགས་པར་བཤད་དོ།།

གསུམ་པ། ༼རྟོགས་བརྗོད༽འདི་ལས་ཐུན་མིན་གྱི་གསུང་ལུགས་རེ་འགའ།

༼རྟོགས་བརྗོད༽འདི་ཀློག་མཁན་ཞིག་ལ་མཚོན་ན་ཐུན་མིན་གྱི་གསུང་ལུགས་གང་འཚམ་ཞིག་ལ་རྒྱུས་ཡག་པོ་ཞིག་ཡོད་དགོས། དེ་ལྟར་མིན་ན་གོ་བ་ལེན་ཅུང་དཀའ་བར་སྣང་། མཚན་གཞི་རེ་གཉིས་ཤིག་འདིར་དྲངས་ན། སྔོན་གནས་དྲན་པའི་མེ་ལོང་དུ།། རང་གི་ཡབ་གཅིག་མར་མེ་མཛད4།། འཕགས་པའི་ཡུལ་ལས་དྲངས་པའི་ཚུལ།། གཟུགས་བརྙན་ཟོལ་གྱིས་ས་ལེར་གཟིགས།། ཞེས་པ་འདིའི་དོན་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་རབས་རྗེས་མ་ཡིན་པ་དང་། རེབ་གོང་ཤར་སྐལ་ལྡན་རྒྱ་མཚོ་མཆོག་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐུ་རབས་ཡིན་པར་གསུངས་ཤིང་། ཁོང་རྣམ་གཉིས་ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་ནམ་ཡང་དུས་ལས་མི་འདའ་བར་བླ་སློབ་ཀྱི་ཚུལ་དུ་བྱོན་པའི་རྣམ་ཐར་དང་སྦྱར་བ་རེད། རྣམ་ཐར་གྱི་འགངས་མ་ངེས་པ་ཞིག་ལ་མཚོན་ན་དོན་འདི་ལྟ་བུ་ལས་སླ་བོར་འགྲེལ་དཀའ། གཞན། སྲས་ཀྱི་ཐུ་བོས་རབ་མངགས་པའི།། བསོད་ནམས་ལྡན་པའི་སྐུ་མཆེད་ཀྱིས།། མགོན་བྱས་རབ་བྱུང་ཁྲི་ཕྲག་བཅུ།། བསྒྲིགས་པའི་དང་པོར་མདུན་ནས་བསུས།། ཞེས་དང་། ཡང་། ལྷ་བཙུན་རུ་འདྲེན་ཆེན་པོ་ལ།། ཡན་ལག་བཞི་ཡི་དཔུང་བཀོད་པ།། ཨཀྵོ་ཧི་ཎཱིའི་5གྲངས་ཚང་བས།། གཤིན་རྗེའི་འཇིགས་པ་འང་ཚར་དུ་དངར།། ཞེས་པའི་སྐབས་ཀྱི་སྲས་ཀྱི་ཐུ་བོ་ནི་རེབ་གོང་སྐྱབས་མགོན་ལ་གོ་དགོས་ཤིང་། ཁོང་གིས་པཎ་ཆེན་ཐམས་ཅད་མཁྱེན་པའི་བསུ་མར་མངགས་པའི་བསོད་ནམས་ལྡན་པའི་སྐུ་མཆེད་ནི་ཤར་གྱི་ཕྱག་མཛོད་དགེ་ལེགས་ལ་གོ་དགོས་པ་དང་།༼སྐུ་སྤུན་ཆུང་བ་ཁྲི་རྒན་སྤྲུལ་སྐུ་ལ་ངོས་འཛིན་ཞུ་མཁན་ཡང་ཡོད༽ ལྷ་བཙུན་ཞེས་པ་ནི་སྤྱིར་རབ་བྱུང་བའི་རྟེན་ཡིན་པ་གང་ཞིག་ལ་ཆོས་སྲིད་གཉིས་ཀྱི་དབང་ཆ་ཡོད་པར་གོ་དགོས་ཀྱང་། འདིར་དམིགས་བསལ་གྱིས་རོང་བོའི་ནང་སོ་བསྟན་ཡོད་པ་སོགས་སྐབས་ཐོག་ལ་སྦྱར་ནས་གོ་བ་ལེན་དགོས་པ་འང་དུ་མ་ཞིག་མཆིས་པའི་རིགས་ཀློག་མཁན་དག་གིས་ཤེས་དགོས་པ་རེད། ད་དུང་། རྫུ་འཕྲུལ་རྐང་བའི་ཤུགས་རྫོགས་པའི།། འཕྲུལ་གྱི་འཁྲུལ་འཁོར་བར་སྣང་ལས།།གཤོག་པ་ལྡན་པའི་མཁའ་ལྡིང་བཞིན།། འཕུར་ལས་གནས་དེར་ཡུད་ཀྱིས་བྱོན།། ༡༩༣༥ ལོར་པཎ་ཆེན་ཆོས་ཀྱི་ཉི་མ་ཨུ་རུ་སིའི་གནམ་གྲུ་ཟི་ལིང་དུ་ཐོག་མར་བཏང་བར་གྲགས་པ་དེར་བཞུགས་ནས་ཕེབས་པའི་དོན་བྱེ་བྲག་ཏུ་ཕྱེས་ནས་བསྟན་ཡོད་པ་རེད། ད་དུང་། གཡུལ་གྱི་སྦྱོར་བས་མ་ཕམ་ཡང་།།ནག་པོའི་ཕྱོགས་རྣམས་སྲོག་བཏང་བས།།ལུགས་གཉིས་གསེར་གྱི་འཁྲི་ཤིང་གི། དབུ་འཕང་རྩེ་མོ་དགུང་ལ་རེག། ཅེས་པའི་སྐབས་ཀྱི་ནག་པོའི་ཕྱོགས་ནི་མཚོ་སྔོན་ཕྱོགས་སུ་མྰ་པུའུ་ཧྥང་ཞེས་པའི་གོ་མིན་ཏང་གི་རྒྱ་དཔོན་ཡིན་པ་དང་ཆོས་ལུགས་ཁ་ཆེ་བར་གཏོགས་པ་ཞིག་གིས་ཟི་ལིང་དང་འདབས་འབྲེལ་བའི་བོད་མིའི་འཚོ་བར་དཀའ་སྡུག་མང་དུ་བྱས་དང་བྱེད་བཞིན་ཡོད་པ་དེར་གོ་ཞིང་། པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ་མཚོ་སྔོན་ཕྱོགས་སུ་ཕེབས་པར་བསྟུན་རྒྱ་དཔོན་དེས་ཅི་འདོད་གང་འདོད་བྱས་མ་ཐུབ་པ་དེ་ཤུགས་སུ་གོ་དགོས་པར་འདོད། ༼རེ་འགས་རྒྱ་ནང་གི་ཉི་ཧོང་དམག་འཁྲུག་ལ་གོ་དགོས་པར་འདོད་ཀྱང་དེ་ནི་དེ་ཙམ་སྐབས་སུ་མ་བབ་པར་སྙམ༽ གོང་དུ་གླེང་བའི་ཚིགས་བཅད་འདི་དག་གི་བསྟན་བྱ་བྱེ་བྲག་ཏུ་མ་གོ་བ་ཡིན་ན་ཚིག་ཡམ་མེ་བ་ཙམ་ཞིག་ལས་རང་གིས་ཀྱང་གོ་མི་ཐུབ་པས་གཞན་ལ་འཆད་རྒྱུ་ནི་ཨ་ཅང་ཅང་། ཡང་། འཇིག་རྟེན་དབང་ཕྱུག་དབང་གི་ཆུ་བོ་ཡི།། དྲི་མེད་བསང་གཏོར་བདུད་རྩི་བཀྱེས་པ་ན།། ཟབ་གསལ་ཏིང་འཛིན་བརྟན་པའི་འཇུག་ངོགས་ལས།། སྐུ་གསུམ་ཁྲི་ལ་རྐང་བས་བསྒྱུར་བ་མང་།། ཞེས་པའི་སྐབས།པཎ་ཆེན་ཆོས་ཀྱི་ཉི་མས་རེབ་གོང་དུ་ཐུགས་རྗེ་ཆེན་པོའི་དབང་གསུངས་པའི་གནས་ཚུལ་བྲིས་པ་དང་། ཡང་ན། བྲལ་བས་གདུངས་པས་མྱ་ངན་གྱིས།། གདོང་གི་པདྨོ་ཟུམ་པ་རྣམས།། ཁྱོད་ཞལ་ཉི་མ་མཐོང་བའི་མོད།།དཔྱིད་ཀྱི་ཆུ་སྐྱེས་བཞད་པ་བཞིན།། ཞེས་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མ ༡༩༢༣ ལོའི་ཟླ་བཅུ་གཅིག་པའི་མཚན་མོར་བྲོས་བྱོལ་དུ་ཕེབས་པ་ནས་ལོ་ངོ་བཅུ་ཕྲག་ལྷག་ལ་རང་གི་གདན་ས་བཀྲ་ཤིས་ལྷུན་པོར་འབྱོར་ཐུབ་མེད་པར་བསྟུན། དབུས་གཙང་ཕྱོགས་ཀྱི་དད་ལྡན་སྤྱི་དང་ནང་སྒོས་སུ་གཙང་ཁུལ་གྱི་དད་ལྡན་རྣམས་ནི་མགོན་དང་སྐྱབས་ཡོངས་སུ་བྲལ་བའི་སྡུག་བསྔལ་གྱིས་མནར་བཞིན་པ་དེ་དག་གིས་དམ་པ་ཁྱེད་ཕྱིར་གདན་སར་ཕེབས་པ་ཡིན་ན་དགའ་བའི་བཞིན་གྱི་པདྨོ་རྣམ་པར་བཞད་ངེས་ཞེས་པཎ་ཆེན་རིན་པོ་ཆེ་དང་གཞིས་བྱེས་བར་གྱི་དྲན་གདུང་མཚོན་པར་བྱས་པའི་རྒྱབ་ཏུ། དམིགས་བསལ་གྱི་ལོ་རྒྱུས་ཤིག་བསྟན་ཡོད། འོན་ཀྱང་པཎ་ཆེན་ཐམས་ཅད་མཁྱེན་པ་ཕྱིར་བཀྲས་ལྷུན་གདན་སར་འབྱོར་རྒྱུའི་སྐལ་བ་མ་ལྡན་པར ༡༩༣༧ ལོར་དགུང་གྲངས་ལྔ་བཅུ་ང་དྲུག་ཐོག་སྐྱེ་རྒུར་སྐུ་གཤེགས་པ་རེད། ད་དུང་ཚིགས་བཅད་ཀྱི་རིགས་གཞན་ཞིག་སྟེ། བདེ་གསལ་མི་རྟོག་ཏིང་འཛིན་གཞུ་མཆོག་ལས།། ལྷན་ཅིག་སྐྱེས་པའི་ཕྱག་རྒྱ་ཆེན་པོའི་མདས།། དངོས་འཛིན་ལངྐའི་བདག་པོའི་མགྲིན་གཅོད་པའི།། དགའ་བྱེད་རྒྱལ་བོའི་མཆེད་པོ་དེང་ཡང་སྣང་།། ཞེས་པ་ལྟ་བུ་སོགས་ཐུན་མིན་མདོ་སྔགས་ཀྱི་གཞུང་གི་ཐ་སྙད་ལ་གོ་བ་རགས་པ་ཙམ་ཞིག་མེད་ཚེ་སོ་མེད་པའི་ཁར་ལྕགས་ཀྱི་གོང་བུ་བཞག་པ་བཞིན་དུ་གྱུར་ནས་འགྲེལ་དཀའ་བའི་རིགས་དང་། རྒྱ་གར་བའི་རིག་བྱེད་ཀྱི་སྒྲུང་གིས་སྤྲོས་པའི་ཚིགས་བཅད། རྟ་དང་གླང་བོ་ཁྱུ་མཆོག་ལུ་གུ་རྒྱུད།།དོ་ཤལ་བཞིན་དུ་བསྟར་བས་ནོར་འཛིན་མོ།།རྒྱ་མཚོར་ཤོར་དོགས་སྟོབས་ལྡན་སྲེད་མེད་བུ།།རུས་སྦལ་ཟོལ་གྱིས་འདེགས་ལ་མཐུ་ཡིས་ངལ།།ཞེས་པས་མཚོན་སྐབས་ཀུན་ཏུ་ཡོད་པའི་རིག་བྱེད་ཀྱི་ཟེར་སྒྲོས་དག་ལའང་གོ་ལོ་ཐོས་ལོ་ཅུང་ཟད་མེད་ཚེ་ཚིགས་བཅད་འདི་ལྟ་བུའི་དོན་རྣལ་མར་རྟོགས་དཀའ་བར་མ་ཟད། ལྷག་པར་དུ་སྙན་ངག་གི་ཉམས་དང་འགྱུར་བ་ལྡན་པའི་ཕྱོགས་ལ་རོལ་མྱོང་ཕྲན་ཙམ་ཡང་བྱ་མི་ཐུབ་པོ།། གོང་ནས་མཚན་གཞིར་དྲངས་པའི་ཚིགས་བཅད་འདི་དང་འདི་ལྟ་བུ་ལ་སོགས་པས་མཚོན༼རྟོགས་བརྗོད༽འདིར་ཆོས་ཀྱི་ཐ་སྙད་དང་རིག་བྱེད་ཀྱི་དཔེ་ལ་སྦྱར་བ་དང། ཡང་ན་མངོན་བརྗོད་ཀྱི་མིང་གང་ལ་གང་མཛེས་སུ་བཀོལ་བའི་ཐབས་དམ་པ་འདིས་ཚིག་རྒྱན་གྱི་རྩལ་བླ་རུ་བཏེགས་ཡོད་པ་སོགས་ཤེས་པར་བྱེད་པ་ལ་འཆད་མཁན་དང་ཉན་མཁན། ཀློག་མཁན་གང་ཡིན་རུང་རིག་གནས་ཀྱི་བང་བ་ཅུང་མཐུག་པོ་ཞིག་དགོས་སོ།།

བཞི་བ། ༼རྟོགས་བརྗོད༽འདིའི་ཐུན་མིན་སྒྱུ་རྩལ་ལ་རགས་ཙམ་བཤད་པ།

༼རྟོགས་བརྗོད༽འདིའི་ཐུན་མིན་སྒྱུ་རྩལ་གྱི་ངོས་ནས། རབ་བཏགས་དང་ཕུལ་བྱུང་སོགས་འུད་བརྗོད་ཀྱི་་རྒྱན་གྱིས་བཅིངས་པ་མང་ཡང་གོ་སླ་བས་ཀློག་པ་པོ་དང་དེ་ཙམ་གྱི་བར་ཐག་ཡོད་པར་མི་སྣང་། འདིར་མི་སྣའི་སྣང་བརྙན་བྲིས་པ་རེ་འགའ་དྲངས་ན། སྤྲིན་གྱི་དུམ་བུ་ས་ཡི་གཞི།། དལ་གྱིས་རྒྱུ་འདྲའི་ཅང་ཤེས་ལ།། དབང་པོའི་གཞུ་ལྟར་རབ་བཀྲ་བའི།། ནོར་བུའི་སྒ་སྲབ་ཆས་རྫོགས་པར།། ཉི་མ་བརྒྱ་ཕྲག་ཅིག་ཅར་དུ།། ཤར་འདྲའི་ལྗོངས་འདིའི་སྐྱབས་མགོན་མཆོག། འཛུམ་པའི་འོད་ཀྱིས་ལྷམ་མེ་བ།། ལྷ་དབང་བཞིན་དུ་བསུ་བར་བྱོན།། ཞེས་རེབ་གོང་སྐྱབས་མགོན་ཆིབས་བསུར་ཕེབས་པའི་སྣང་ཚུལ་གསོན་ཉམས་ཅན་དུ་བྲིས་པ་དང་། བཞིན་ལ་མཆི་མའི་མུཀྟི་ཀ7། བྲང་ལ་ཐལ་མོའི་ཨུཏྤ་ལ།། ཡན་ལག་སྙེ་མ་དུད་པ་ཡིས།། མཛེས་པ་རི་མོར་བྲིས་པའི་སྤུན།། ཞེས་དད་པས་ཡིད་སེམས་གཡོས་ཤིང་མིག་ལ་མཆི་མ་འཁྲིགས་པའི་དད་ལྡན་ཚོགས་ཀྱི་སྣང་བརྙན་ས་ལེར་བྲིས་པའི་ཚུལ་ནི་སྣུམ་ཚོན་གྱི་རི་མོ་བཞིན་དུ་མིག་སྒོར་ཐོན་འོང་བ་ཞིག་རེད་ཅེས་ཞུས་ན་སྒྲོ་བཏགས་སུ་མི་འགྱུར་བར་ངེས། དེ་ལས་གཞན་རང་བྱུང་ཁོར་ཡུག་གི་སྣང་བརྙན་ནམ་རྣམ་པ་བྲིས་པའི་སྐོར་ལས། ས་འཛིན་སྤྲིན་སྔོན་རལ་བའི་ཐོར་ཅོག་ཅན།། སྤོ་མཐོར་སྙེམས་པས་ཉི་ཟླའི་བགྲོད་པ་ཡང་།། ཆེས་ཆེར་དམའ་ན་མཁའ་ལྡིང་ཕལ་བའི་ཁྱུ།། སྦྲང་བུར་རྟོག་པས་ཁོར་ཡུག་ཀུན་ནས་ལྷམ།། ཞེས་བརྗིད་ལ་མཐོ་བའི་རི་བོ་ཞིག་གི་སྣང་བརྙན་ཕལ་བའི་ཚིག་གི་ལམ་ནས་བརྗོད་མི་བྲ་ཡང་། འུད་བརྗོད་ཀྱི་ཐབས་ལ་བརྟེན་ནས་གསོན་ཉམས་ཅན་དུ་བཞེངས་ཡོད། སྣ་ཚོགས་འཁྲི་ཤིང་གར་གྱི་རི་མོ་ཡིས།། མཛེས་པ་རབ་བྱིན་ནགས་མའི་ཚལ་མི་དཔོག། སྨིན་ལེགས་འབྲས་བུས་ནུ་མར་མངོན་འཁྲུལ་བས།། ཆགས་བྲལ་ཐུབ་པ་དཀའ་ཐུབ་ཚལ་ལས་སློང་།། ཞེས་དང་། བཟའ་ཤིང་ལོ་འབྲས་འཕུར་བས་གཡུར་ཟ་བ།། རེ་རེའི་མགུལ་བར་རོ་བརྒྱ་ལྡན་པའི་འབྲས།། མི་ཟད་ཕྲེང་བས་གཏམས་པའི་ཀུན་ར་8མང་། བྱེད་པོས་པིར་གྱིས་བྲིས་པའི་རི་མོར་བསྡེབས།། སོགས་རང་བྱུང་ཁམས་ཀྱི་སྣང་བརྙན་གསོན་ཉམས་དང་ལྡན་པའི་རིགས་ཡིད་ངོར་གཡོ་བ་དང་འགུལ་བའི་རྣམ་པར་དྲངས་པའི་ཐོག རྩོམ་པ་པོའི་པིར་གྱི་རྩེ་མོ་ལས་ཆུང་བ་ཆེ་རུ་བསྐྱེད་པའི་ཐབས་རྩལ་དེས་ཀློག་པ་པོའི་རྣམ་ཤེས་དབང་མེད་དུ་ཡུལ་ལྗོངས་དེ་དང་དེའི་པང་ལ་ལོག་པའི་ཚོར་བ་སྦྱིན། ད་དུང་རོང་བོ་དགོན་ཆེན་གྱི་གཙུག་ལག་ཁང་དང་འདུ་ཁང་སོགས་ཀྱི་རྣམ་པ་བྲིས་པའི་ཐད་ཀྱི་ཚིགས་བཅད་འགའ་འདིར་དྲངས་ན། ཁོ་ར་ཁོར་ཡུག་སུལ་གྱི་དྲ་བ་ན།། ཆོས་སྤྱོད་དྲིལ་བུའི་གདངས་སྙན་མ་འགགས་པའི།། སྒྲུབ་པའི་དགའ་ཚལ་མུ་ཏིག་སྙེ་མའི་འབྲུ།། དུམ་བུར་ཆགས་པ་ས་ཡི་རྒྱུ་སྐར་ཉིད།། གང་གི་ལྟེ་བ་རྡོ་རྗེ་གདན།།གཉིས་པར་ནམ་མཁའི་འོག་མིན་ཞིང་།།མངོན་སུམ་འཕོས་པ་རོང་བོ་9ཞེས།།ཆོས་ཀྱི་སྡེ་ནི་འཛམ་གླིང་རྒྱན།། ཟླ་བ་གསར་བའི་འོད་ལྡན་པའི།།གྲྭ་ཁང་བྱེ་བ་དགུ་ཁྲིས་མཚོན།། སྟོན་མཚན་ནམ་མཁའི་ཟེ་བ་ལ།།རེག་པའི་འོད་ཟེར་རབ་རྒོད་པའི།།ཕུན་ཚོགས་བཅས་ཀྱི་གནྔྷོ་ལ།། བགྲང་ཡས་ས་ཡི་ཉི་མར་གླེང་།།ལྷག་པར་ནོར་བུའི་བ་གམ་ནི།།པདྨའི་འདབ་མ་ལྟར་བརྩེགས་པས།།རྣམ་པར་རྒྱལ་བའི་ཁང་བཟང་ཡང་།།གྲོག་མོར་སྒྲུབ་པའི་ཕོ་བྲང་ཡོད།།གསེར་གྱི་རྩིག་པ་རབ་མཐོ་ཞིང་།།རིན་ཆེན་ཀ་གདུང་ཕྱམ་དྲལ་དང་།། ཡ་ཐོག་རྒྱ་ཕིབས་འོད་སྣང་གིས།།མཚན་ཡང་ཉིན་བཞིན་གསལ་བས་མཛེས།། དྲ་བ་དྲ་ཕྱེད་རྔ་ཡབ་དཀར།། གསེར་དངུལ་དྲིལ་བུ་གཡེར་ཁའི་ཕྲེང་།། རྒྱན་གྱི་རྣམ་པ་མི་ཟད་པས།། ཀུན་ཏུ་དགའ་བའི་དུས་སྟོན་འབོད།། ཅེས་པ་སོགས་མཚོན་བྱེད་དུ་བཀོད་པ་ཙམ་ལས་ད་དུང་རེབ་གོང་གི་སྣོད་བཅུད་ཀྱི་བཀོད་པ་འུད་བརྗོད་ཀྱི་ཐབས་ལ་བརྟེན་ནས་བྲིས་པའི་ཚིགས་བཅད་ཡིད་ཀྱི་དང་བ་འདྲེན་པ་ནི་ལུ་གུའི་རྒྱུད་ལྟར་གོང་འོག་གང་དུ་འང་མང་ཞིང་། དེ་དག་ཐམས་ཅད་རྟོག་བཏགས་དང་འཆར་ཡན་གྱིས་སྤུད་པའི་ཤུགས་ལས་རྩོམ་པ་པོའི་སེམས་ངོས་ཀྱི་རེབ་གོང་ལ་དུངས་པའི་འདུ་ཤེས་དེ་དང་རོ་གཅིག་པའི་སྣང་བརྙན་གྱི་ཁམས་ཤིན་ཏུ་ངོ་མཚར་ཅན་མང་པོ་མཐོང་ཐུབ་པ་མ་ཟད། རྩོམ་པ་པོའི་བསམ་ཡན་གྱི་རོལ་རྩེད་དེ་རྩོམ་གྱི་མགོ་མཇུག་གང་དུ་ཡང་མ་ལྷོད་པར་ཆ་སྙོམས་སུ་ཐ་གུའི་རྐྱ་བསྒྲིམས་པ་བཞིན་དུ་ཡོད་པས༼རྟོགས་བརྗོད༽འདིའི་རྩོམ་རྩལ་བརྩམས་ཆོས་གཞན་དང་མི་མཚུངས་པའི་གནས་སུ་འཕགས་ཡོད་པ་དེ་འང་ཞོར་ནས་ཤེས་དགོས་སོ།།

སྐབས་རེར་ཚིག་གི་གཅོད་མཚམས་སོགས་སུ་མཉམ་མ་བཞག་ན་གོ་མི་ཐུབ་པའི་ཤོ་ལོ་ཀ་རེ་འགའ་ཡང་མེད་པ་མ་རེད། དཔེར་ན། ཟླ་བ་དཀར་པོའི་ཐིག་ལེ་མངལ་ཁུར་གྱིས།། སྦྲུམ་པའི་སྔོ་བསངས་ལྟོ་བར་འགྲན་བཟུང་བས།། དབྱིག་ལྡན་ཕ་མཐའ་གཞལ་ལ་རྫུ་འཕྲུལ་གྱིས།། ཁེངས་ལྡན་དྲང་སྲོང་དབང་པོའི10་སྙིང་རྩ་འདར།། ཞེས་པ་ལྟ་བུ། ཤོ་ལོ་ཀ་འདིའི་བསྟན་བྱ་ནི། རེབ་གོང་ཡུལ་གྱི་ས་རྒྱ་ཆེ་བར་བསྔགས་པ་ཞིག་རེད་མོད། ཀློག་པ་པོས་ཐད་ཀར་གོ་དཀའ་བའི་རྩོམ་སྟངས་ཤིག་ཏུ་མཐོང་། གཞན་ད་ལྟའི་སྐབས་ཀྱི་བཤད་ཚུལ་ལྟར༼རྟོགས་བརྗོད༽འདིར་དཔེ་རྒྱན་དང་གཟུགས་རྒྱན་སོགས་ལས་གཞན་པའི་ཡིད་བརྙན་གྱི་ཆ་དེ་ཡོད་དམ་ཟེར་ན། ཡིད་བརྙན་སྨྲ་མཁན་རེ་འགས། ཡིད་བརྙན་ནི་མ་གཞི་ནས་ཚད་མཐོ་བའི་སྐད་ཆའམ་སྤྱི་འགྲོས་ཀྱི་ཚུལ་ལས་བརྒལ་བའི་སྐད་ཆའི་སྦྱོར་ལུགས་ཤིག་ཡིན་པའི་ལྟ་བ་བཏོན་ཡོད་པ་ལྟར་བྱས་ན། ༼རྟོགས་བརྗོད༽འདིའི་མི་སྣའི་འབྲི་སྟངས་དང་། ཁོར་ཡུག་གི་འབྲི་སྟངས་གང་ཡིན་རུང་ཚིག་སྦྱོར་གྱི་ངོས་ནས་ཚད་མཐོ་བའི་སྐད་ཆ་འམ་སྤྱི་འགྲོས་ཀྱི་ཚུལ་ལས་བརྒལ་བའི་སྐད་ཆའི་སྦྱོར་ལུགས་ཀྱི་ཡོན་ཏན་ཡར་ལྡན་དུ་ཚང་ངོ་།། འོན་ཀྱང་། མེ་ལོང་མ་ལས། བུར་ཤིང་འོ་མ་བུར་སོགས་ཀྱི།།མངར་བ་ཉིད་ཀྱི་ཁྱད་པར་ཆེ།།དེ་ལྟ་མོད་ཀྱི་དེ་བརྗོད་པར།། དབྱངས་ཅན་མས་ཀྱང་ནུས་མ་ཡིན།། གསུངས་པ་ལྟར་ཀློག་པ་པོ་དག་ལ་མཐོང་ལུགས་དང་སྣང་ཚུལ་སྣ་ཚོགས་པས་དཀྱུས་གཅིག་ཏུ་སྨྲ་ག་ལ་བཏུབ། དེ་ལས་གཞན་སྒྱུ་རྩལ་གྱི་ཁྱད་ཆོས་ཐད་ནས་མང་དུ་སྨྲ་རྒྱུ་ཡོད་མོད། ཚུར་བསྡུས་ན་མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེས། བདག་ཅག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་དྲིན་མཚུངས་མེད་རྗེ་བློ་བཟང་དཔལ་ལྡན་མི་ཕམ་མཚོ་བྱུང་བཞད་པའི་ལང་ཚོས་སྐུ་ཚེ་གང་ལ་སྔ་ཕྱིར་བརྩམས་པ་སྟེ། ཁོང་བའི་སྙན་ངག་གི་གསུང་རྩོམ་འདི་དག་ལ་སྐབས་འགར་སྙན་ངག་མེ་ལོང་ལས་བསྟན་པའི་ཤར་བའི་སྙན་ངག་མཁན་གྱི་རྩོམ་རིག་གི་ཉམས་འགྱུར་ལྡན་ཞིང་། སྐབས་འགར་ལྷོ་བའི་སྙན་ངག་མཁན་གྱི་རྩོམ་རིག་གི་ཉམས་འགྱུར་དང་ཡང་ལྡན་པས་ན་གཞན་ལས་ཁྱད་པར་དུ་འཕགས་པ་དང་། སྤྱིར་མངོན་བརྗོད་ཀྱིས་མ་བཅིངས་པ་ཤུགས་ཆེ་བས་གོ་བདེ་ཞིང་ཚིག་འཇམ་པ་འབུར་དུ་ཐོན་པ་དང་། མངོན་བརྗོད་ཀྱི་རྒྱན་གྱིས་བཅིངས་ན་ཡང་དོན་དེར་གཞོལ་ཞིང་འབབ་པ་ཤ་སྟག་ཡིན་པ་ལས་འབྲེལ་མེད་དོན་གཞན་གྱི་སྐྱོན་མེད་པ་དང་། ཞེས་དང་། ཡང་། དུས་འདིར་དྲི་ཟའི་ཕང་འགྲོའི་རྒྱུད་ལས་དྲངས་པ་དང་མཚུངས་པའི་སྙན་ངག་འདི་འདྲ་བསླབས་ན་ངེས་པར་དོན་དང་ལྡན་ཞེས་གསུངས་པ་ལྟར་ལགས་ན། གུས་པོར་མང་དུ་ཞུ་བྱ་གཞན་གང་ཡང་མེད་དོ།།

༼རྟོགས་བརྗོད༽འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༡༩༨༣ ལོར༼ཆབ་ཤོག་ཕྱོགས་བསྒྲིགས་བཞུགས་སོ།།༽ཞེས་དེབ་གཟུགས་སུ་བསྐྲུན་པའི་གླེང་གཞི་དང་བཅས་ཚན་པ་ལྔར་དབྱེ་བ་དེའི་ཚན་པ་ལྔ་བ་ཡིན་ཅིང་། དེབ་དེའི་ཤོག་ངོས ༢༠༣ ནས ༢༢༣ བར་དུ་བཀོད་ཡོད།

ཟུར་མཆན།
1 ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་དང་བཅུ་བའི་ཞབས་གྲས་ཆེ་གྲས་ཤིག་རེད། སྐུ་ཚེ་སྟོད་ལ་རབ་ཏུ་བྱུང་ནས་སློབ་གཉེར་མཐིལ་ཕྱིན་གནང་རྐྱེན་དགེ་བཤེས་ཀྱི་མཚན་རྟགས་ཀྱང་ཐོབ་མྱོང་བར་མ་ཟད་རིག་གནས་པ་མིང་གྲགས་ཅན་ཞིག་ཡིན་པར་བཤད། སྐུ་ཚེ་སྨད་ལ་ཁྱིམ་དུ་བབས་ནས་ཛ་སག་གི་འགན་བཞེས་མྱོང་ཞིང་པཎ་ཆེན་ནང་མ་སྒང་གསར་འཛུགས་མཁན་གཙོ་གྲས་རེད། བརྩམས་ཆོས་ལ། ༼རྗེ་བཙུན་མི་ལའི་རྣམ་ཐར༽ཤོ་ལོ་ཀ་སྟོང་ཕྲག་བཞུགས་པ། ༼སྐྱ་སེང་བུ་ལྔའི་བྱུང་བ་བརྗོད་པ་བློ་ལྡན་ཡིད་དབང་འདྲེན་བྱེད་རྨད་བྱུང་འཕྲུལ་གྱི་ཤིང་རྟ༽༼དགེ་སྦྱོང་གཞོན་ནུ་དང་ནགས་ལྷ་སྒེག་མོའི་འབེལ་གཏམ་མཁས་པ་བཞད་པའི་སྒྲ་དབྱངས༽ སོགས་བཞུགས་སོ།། ལྷ་སྨོན་ནི་ཁོང་གི་ཁྱིམ་གྱི་མིང་ཡིན་པར་བཤད་ཅིང་། ལྷ་རྩེ་སྨོན་སྐྱེད་ཅེས་པའི་བསྡུས་མིང་དུ་གོ་དགོས། ཁོང་གི་ཁྱིམ་དེ་ནི་གཙང་སྟོད་ལྷ་རྩེར་མིང་གྲགས་ཅན་གྱི་ཁྱིམ་ཚང་གསུམ་ཡོད་པའི་གཅིག་ཡིན་པར་བཤད་དོ།།

2 ༧གོང་ས་མཆོག འདིར་རེབ་གོང་སྐྱབས་མགོན་སྐུ་ཕྲེང་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོར་གོ་དགོས་སོ།།

3 ཏྰ་བླ་མ། སོག་སྐད། བོད་སྐད་དུ་སྤྱི་དཔོན་དུ་འགྱུར། མན་ཇུའི་རྒྱལ་རབས་སྐབས་ཀྱི་བོད་ཀྱི་དཔོན་རིགས་སེར་མོ་བའི་གོ་མིང་ཞིག་ཏུ་འབོད། གོ་གནས་འདི་ནི་སྔར་བོད་སྲིད་གཞུང་གི་རིམ་པ་གསུམ་པའི་གོ་གནས་ཤིག

4 མར་མེ་མཛད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གོ

5 ཨཀྵོ་ཧི་ཎཱིའི། འཁོར་ལོའི་ཚོགས་ཅན་ནམ་དམག་སྡེ་ཆེན་པོར་གོ་དགོས་པར་གསུངས། ཨཀྵོ་ཧི་ནིའི་གྲངས་ཚང་ཚུལ་ནི། ཇི་སྐད་དུ། ཁྲི་ཕྲག་དང་ནི་གླང་བོ་ཆེ།། གསུམ་འགྱུར་ཤིང་རྟ་དཔའ་བོ་འབུམ།།རྟ་ནི་འབུམ་ཕྲག་བཅུ་རྐང་ཐང་།། བྱེ་བ་སུམ་ཅུ་རྩ་དྲུག་འཇུག། ཨཀྵོ་ཧི་ཎི་ཞེས་པར་བརྗོད།། ཅེས་གསུངས་ཤིང་། འདི་དང་མི་མཐུན་པར་གྲངས་འདྲེན་ལུགས་མཁས་གྲུབ་རྗེའི་གསུང་དུས་འཁོར་འགྲེལ་བར་ཡོད་པར་བཤད་དོ།།

6 མུཀྟིཀ མུ་ཏིག་ལ་གོ མུ་ཏིག་ནི་མུཀྟིཀ་ཟུར་ཉམས་པའི་མིང་ངོ་།

7 ཀུན་ར། ཀུན་དགའ་ར་བའི་བསྡུས་མིང་ངོ་།

8 རོང་བོ། སྐབས་འདིར་རོང་བོ་དགོན་ཆེན་ལ་གོ་དགོས། རོང་བོ་དགོན་ཆེན་ནི ༡༣༤༢ ལོར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཕྱག་བཏབ་པ་ཡིན་ཅིང་། མདོ་སྨད་ཁུལ་གྱི་དགོན་པ་ཆེས་སྔ་གྲས་སུ་གཏོགས། ༡༦༣༠ ལོར་མཚན་ཉིད་གྲྭ་ཚང་བཙུགས། ༡༧༣༤ ལོར་རྒྱུད་པ་གྲྭ་ཚང་བཙུགས། ༡༧༧༣ ལོར་དུས་འཁོར་གྲྭ་ཚང་བཙུགས། ༡༩༥༨ ཡར་སྔོན་ལ་གྲྭ་བ ༡༥༠༠ ཙམ་བཞུགས། དགོན་མ་ལག་སུམ་ཅུ་སོ་ལྔ་ལྷག་ཡོད་ཅིང་། དགོན་མ་ལག་གྲས་སུ་གསར་རྙིང་བོན་གསུམ་གྱི་སྡེ་འདུས།

9 དྲང་སྲོང་དབང་པོ། འདིར་ཁྱབ་འཇུག་ལ་གོ

ཟུར་ལྟའི་དཔྱད་གཞི།

དུང་དཀར་ཚིག་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ༢༠༠༢ ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས་༡༧ པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས།༡༩༩༤ ལོར། མི་རིགས་དཔེ་སྐྲུན་ཁང་གིས་དཔར།
ལོ་རྒྱུས་ཀྱི་ཉམས་དཔྱོད་མཁན་པོ། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ། ཆབ་སྤེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་ཆུང་གིས་བསྒྲིགས། ༢༠༠༨ ལོར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། བོད་ལྗོངས་ཡིག་རྙིང་དཔེ་སྐྲུན་ཁང་གཉིས་ཀྱིས་དཔར།
ཆབ་ཤོག་ཕྱོགས་བསྒྲིགས། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་བརྩམས། ༡༩༨༣ ལོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
རེབ་གོང་གི་ཉི་མ་ནུབ་པ། དགེ་འདུན་རབ་གསལ། འཕྲུལ་དེབ།
དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་དམ་ཆོས་ཀྱི་གསུང་འབུམ་བཞུགས་སོ།། པོད་དང་པོ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་བོད་ཡིག་སློབ་དཔྱོད་ཁང་གིས་བསྒྲིགས། ༢༠༡༦ ལོར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས། བར་ཆ། བློ་བཟང་དཔལ་ལྡན་གྱིས་བརྩམས། ༡༩༩༠ ལོར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་དཔར།