ཁ་སང་ངས་ཐང་ག་འདི་(འདྲ་པར)སྐད་འཕྲིན་དུ་བཞག་པ་ན།     ཚང་མས་སོ་སོའི་ས་ནས་གོ་བ་རེ་ལེན་གིན་འདུག      ལ་ལས་སུ་རེད་ཅེས་དྲི་བའང་བྱེད་ཀིན་འདུག       དོན་དུ་ཐང་ག་འདི་སུ་ཡིན་ངས་ཀྱང་ཡི་གེའི་གསལ་བཤད་སོགས་མཐོང་མ་སོང་།

མང་ཤོས་ཀྱིས་ཐང་ག་འདི་བཻ་རོ་ཙ་ན་དང་ཁོང་གི་ཡང་སྤྲུལ་རྣམས་ཡིན་ནམ་ཟེར་གིན་འདུག      དེ་ཡང་གཙོ་བོ་གཙོ་སྐུའི་སྤྱན་གསུམ་པ་དེར་བལྟས་ནས་བཤད་པ་འདྲ།     

ངེད་ཀྱིས་ནི།   ཐང་ག་འདི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ (1813____1899)དང་ཁོང་གི་དངོས་སློབ་རྣམས་ཡིན་ནམ་སྙམ།  རྒྱུ་མཚན་གང་ཡིན་ཞེ་ན། ཐང་ག་འདིའི་བཟོ་བཀོད་ནི། ང་ཚོའི་བོད་ཀྱི་གོམས་སྲོལ་བླ་བརྒྱུད་ཐང་གའི་བཞེངས་ལུགས་ལྟར་བྲིས་ཡོད་ཀྱང་།       འོན་ཏེ་ཞིབ་ཏུ་བལྟས་ན།    བརྒྱུད་ཡིག་ལྟར་མིན་པ་འདིར་བཞུགས་པའི་བླ་སྐུའི་གྲས་སུ་བཀའ་རྙིང་བོན་དགེ་ས་སོགས་ཀྱི་ཆོས་བརྒྱུད་མི་འདྲ་བའི་བླ་མ་ཅི་རིགས་ཤིག་ཡོད་པ་དེར་བལྟས་ན་ཤེས་ཐུབ་བོ།།        

དེས་ན་འདི་ལྟར་བླ་མ་གཅིག་ལ་ཆོས་བརྒྱུད་མི་འདྲ་བའི་སློབ་བརྒྱུད་ཡོད་པ་ཞིག་ནི།    བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་དབང་ལྔ་པ་ཆེན་པོ་དང་།     འཇམ་དབྱངས་མཁྱེན་བརྩེ (1820____1892)།    ཀོང་སྤྲུལ་རིན་པོ་ཆེ་གསུམ་ལས་ཧ་ལམ་བྱུང་དཀའ་ཚོད་རེད།      འདི་ནི་རྒྱལ་དབང་ལྔ་པ་མིན་པ་འཁོར་ན་ཀརྨ་པའི་སྐུ་ཕྲེང་གཉིས་ཡོད་པ་དེ་ལས་ཤེས་ཐུབ་ཅིང་པཎ་ཞྭ་སོགས་ཆ་བྱད་དུ་མ་ཞིག་ལས་ཀྱང་ཤེས་ནུས་སོ།།    

ངས་ཐང་ག་འདི།     ཀོང་སྤྲུལ་རིན་པོ་ཆེ་རེད་ཅེས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཀོང་སྤྲུལ་རིན་པོ་ཆེའི་རང་རྣམ་དུ།     ཁོང་ནི་བཻ་རོ་ཙ་ནའི་རྣམ་འཕྲུལ་ཡིན་ཞེས་རང་གིས་ཞལ་བཞེད་གནང་འདུག་པས།    དེའི་མཚོན་བྱེད་དུ་བཻ་རོའི་རྣམ་པ་སྤྱན་གསུམ་བྲིས་པ་ཡིན་འདུག་བསམ།

ཡང་ཁོང་གི་ལྟ་བ་ནི་གཞན་སྟོང་གི་ལྟ་བ་ཡིན་ཚུལ་ཁོང་གི་ཞལ་སྔ་ནས་གསུངས་ཡོད་པ་དང་།   དེའི་མཚོན་དོན་དུ།      ཁོང་གི་བཞུགས་སྟངས་དེ་ཀུན་མཁྱེན་དོལ་པོ་བ་ཆེན་པོའི་རྣམ་པ་ཕྱག་གཉིས་ས་གནོན་དང་སྤྱན་ཟུང་མདུན་སོ་ལ་གཟིགས་པ་ཡིན་པ་དེས་གཞན་སྟོང་གི་ལྟ་བ་མཚོན་པ་ཡིན་འདུག་པ་དང་།

ཙཱ་འདྲའི་གནས་ནི་ཁོང་གི་སྒྲུབ་གནས་གཙོ་བོ་ཡིན་པས་དེའི་མཚོན་བྱེད་དུ།   བླ་མ་ཡབ་སྲས་ཚང་མ་ལྷན་གཅིག་ཏུ་གནས་རིའི་སྟེང་ལ་བཞུགས་པ་དེས་མཚོན་པ་ཡིན་ནམ་སྙམ།

ཁོང་གི་དངོས་སློབ་ཁྲོད་ན།    ཞྭ་ནག་གྱོན་པ་གཉིས་འདུག་ལ།    དེ་གཉིས་ནི་ཀརྨ་པ་ཐེག་མཆོག་རྡོ་རྗེ་དང་།    ཀརྨ་པ་མཁའ་ཁྱབ་རྡོ་རྗེ་གཉིས་རེད་བསམ།      གཞན་ཁོང་གི་དངོས་སློབ་གཙོ་བོ་ཁག་གཅིག་ནི་འབྲུག་ཆེན་རིན་པོ་ཆེ།    དཔའ་བོ་གཙུག་ལག་ཆོས་རྒྱལ།     འཇམ་དབྱངས་མཁྱེན་བརྩེ།    མཆོག་གྱུར་གླིང་པ།     སྨིན་གླིང་ཁྲི་ཆེན་འགྱུར་མེད།    ཡིད་བཞིན་དབང་རྒྱལ་ལྕམ་དྲལ་སོགས་བླ་མ་སློབ་མ་གཉིས་ཀར་གྱུར་བ་སྐོར་ཞིག་དང་།

སྐྱབས་མགོན་སི་ཏུ་པདྨ་ཉིན་བྱེད།      ཞེ་ཆེན་མ་ཧཱ་པཎྚི་ཏ་འགྱུར་མེད་བསྟན་འཛིན་གཉིས་ནི་བླ་སློབ་གཉིས་ཀ་ཡིན་འདུག

པཎ་ཞྭ་བསྣམས་པ་གསུམ་ནི།    མཁན་ཆེན་ཀརྨ་བཀྲ་ཤིས་དང་།   མཁན་པོ་ཀརྨ་རིན་ཆེན་དར་རྒྱས།     མི་ཕམ་རིན་པོ་ཆེ་གསུམ་ཡིན་ནམ་སྙམ།

ཞྭ་སེར་བསྣམས་པའི་བླ་མ་དེ་ནི་རྒྱུད་སྨད་མཁན་པོ་དགེ་བཤེས་ཡེ་ཤེས་གོང་འཕེལ།     བྲག་གཡབ་གདོང་ཀོང་སྤྲུལ་སྐུ་མཁས་པ་ཆེན་པོ་ངག་དབང་དམ་ཆོས་རྒྱ་མཚོ།    ཁྲི་སྤྲུལ་པཎྱེའི་མཚན་ཅན་གསུམ་ལས་གཅིག་ཡིན་དགོས་ཏེ།     དེ་གསུམ་ཁོང་གི་དངོས་སློབ་ཡིན།    ཧ་ལམ་གདོང་ཀོང་སྤྲུལ་སྐུ་མིན་ནམ་སྙམ།    གང་ལྟར་ད་དུང་རི་བོ་དགེ་ལྡན་པའི་སྐྱེས་ཆེན་རྭ་སྒྲེང་རིན་པོ་ཆེ་ཡང་ཁོང་ལ་ཆོས་འབྲེལ་ཡོད་འདུག

བོན་གཏེར་ཚེ་དབང་གྲགས་པ་ལས་བོན་གྱི་སྐོར་ཡང་ཚུར་གསན་པས་བླ་སློབ་གཉིས་ཀར་གཏོགས་པས།    ཁོང་ཡང་འདིའི་གྲས་སུ་བཞུགས་ངེས།

གཞན་ཏཱའི་སི་ཏུ་བཅུ་གཅིག་པ་ཨོ་རྒྱན་རྡོ་རྗེའི་ལུང་གིས་པདྨའི་ལྗགས་ལྡན་གསུམ་པར་བསྔགས་པ་པདྨ་དབང་མཆོག་རྒྱལ་པོ།   དཔའ་བོ་རིན་པོ་ཆེ་དགུ་པ་གཙུག་ལག་ཉི་མའི་སྡེ།     རི་བོ་ཆེའི་རྗེ་དྲུང་ཕྲིན་ལས་བྱམས་པའི་འབྱུང་གནས།    སྟག་ལུང་མ་རིན་པོ་ཆེ།        ངོར་ཁངས་སར་མཁན་ཆེན་ངག་དབང་བསོད་ནམས་རྒྱལ་མཚན།    

དཔལ་ཡུལ་རྒྱ་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་།     རྫོགས་ཆེན་རིན་པོ་ཆེ་ལྔ་པ།      

ཀ་ཿཐོག་རྨོག་སྤྲུལ་དང་།   དགེ་སྤྲུལ།    ཀཿཐོག་སི་ཏུ་གོང་འོག   ཞེ་ཆེན་རབ་འབྱམས་དང་རྒྱལ་ཚབ།    རྡོ་གྲུབ་ཆེན།    གཏེར་སྟོན་ལས་རབ་གླིང་པ་སོགས་དངོས་སློབ་མང་པོ་མཆིས།      ཐང་ག་འདིར་བཞུགས་པ་ནི་ཧ་ལམ་ངས་གོང་དུ་བཤད་པ་འདི་དག་ལས་སློབ་མ་ཁག་ཅིག་ཡིན་འདུག་སྙམ།

དེ་ཡང་གོང་བཤད་རྣམས་ནི་ངེད་ཀྱིས་ཐང་ག་འདི་མཐོང་རྗེས་སེམས་ལ་འཆར་བའི་ཚོར་སྣང་བན་བུན་དག་འཕྲལ་དུ་ཟིན་བྲིས་སུ་བཏབ་པ་ཡིན་ལ།    ཁུངས་ལྡན་གྱི་ཡིག་ཆ་སོགས་མཐོང་ནས་བཤད་པ་གང་ཡང་མིན་པས།      ཚད་ལྡན་ཡིད་རྟོན་གྱི་ཡིག་ཆ་རུ་འཛིན་མི་ཉན་ཞེས་ཡང་བསྐྱར་གསལ་འདེབས་བགྱིས་པ་ཡིན་ནོ།།

                         ཚངས་དབང་གིས་2017/10/16/