༼༼ཀ༽

1 ཉིན་འགའི་སྔོན་དུ་སྐུ་རྒྱབ་ཚུལ་ཁྲིམས་ལགས་ཀྱིས་བྲག་བཙན་གྱི་ཐང་པར་ཞིག་བསྐུར་ཡོང་ནས་ལྷ་འདི་གང་རེད་ཟེར།           ཞིབ་ཏུ་བལྟས་པ་ན།    རྒྱུས་ཡོད་རྒྱུས་ཡོད་ཅིག་རེད་ཀྱང་འཕྲལ་དུ་མིང་ཅི་ཡིན་དྲན་མ་སོང་།     དེ་ནས་ག་ལེར་བསམ་བློ་བཏང་བ་ན།      ཨ་རིའི་རོ་བྷིན་ཊི་ནོར་རྫས་བཤམས་སྟོན་ཁང་གིས་བསྒྲིགས་པའི་༼ཐོད་བརྒལ་གྱི་འཇིག་རྟེན—བོད་ཀྱི་ཤེས་རབ་དང་སྙིང་རྗེའི་སྒྱུ་རྩལ༽་ཞེས་པའི་དཔེ་ཆར་དེ་འདྲ་ཞིག་ཡོད་པ་དྲན་སོང་།          

ཁ་སང་རྗེ་ཧུའུ་ལགས་དང་དེའི་སྐོར་གླེང་བ་ན།  ཁོང་གིས་ཐང་ག་དེའི་མ་ཕྱི་གསལ་བོ་ཞིག་ཡོད་ཅེས་ང་ལ་བསྟན་བྱུང་། དེ་ནས་ངས་ཐང་ག་དེར་ཞིབ་བལྟ་ཞིག་བྱས་པ་ན།   བྲག་བཙན་གྱི་ཐང་ག་དེའི་རྒྱབ་ཡིག་ལ།       ཚིག་བཅད་ལྷུག་གིས་ནང་དོན་མང་པོ་ཞིག་བྲིས་འདུག     སྟེང་ཕྱོགས་སུ་བྲིས་པའི་གསལ་བཤད་ཅིག་ཏུ“ཅེས་པ་འདི་ནི་འབྲུ་ལ་མཁན་ཆེན་སྐུ་སྐྱེ་ཡེ་ཤེས་བསྟན་པའི་སྒྲོན་མེས་འབྲུ་ལ་ཆོས་སྡེའི་གནས་སྲུང་རྡོ་རྗེ་བྲག་བཙན་གྱི་བྲིས་ཐང་བཞེངས་ནས་འབྲུ་ལ་ཆོས་སྡེར་འབུལ་སྦྱོར་སྐབས་རྒྱབ་ཡིག་སྨོན་ཚིག་དགོས་ཞེས་བསྐུལ་ངོར་ཤཱཀྱའི་དགེ་སློང་བློ་བཟང་བསྐལ་བཟང་རྒྱ་མཚོས་སྦྱར་བའོ།། (1) “ཞེས་གསལ།  གོང་དུ་འཁོད་པའི་ནང་དོན་དེར་གཞིགས་ན། ཐང་ག་དེ་ནི། གནས་སྲུང་རྡོ་རྗེ་བྲག་བཙན་བྱ་བ་དེ་ཡིན་པ་མ་ཟད།གནས་སྲུང་དེ་ནི་འབྲུ་ལ་ཆོས་སྡེ་དགོན་པའི་(2)གནས་སྲུང་ཡིན་པ་དང་། དགོན་པ་དེའི་དགོན་བདག་ཡེ་ཤེས་བསྟན་པའི་སྒྲོན་མེ་ཞེས་པ་དེས་ཐང་ག་དེ་བཞེངས་སུ་བཅུག་སྟེ། དགོན་པར་འབུལ་སྐབས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་(1708___1757)མཆོག་ལ་སྨོན་ཚིག་ཅིག་གནང་དགོས་ཞེས་ཞུས་པ་ལྟར་ཁོང་གིས་སྨོན་ཚིག་གི་ཕྱག་བྲིས་བསྩལ་པ་དེ་འདྲ་ཞིག་རེད།      

ཐང་ག་དེའི་བར་ངོས་སུ།        “རྡོ་རྗེ་འཆང་།   ཕྱག་ན་རྡོ་རྗེ།     རྡོ་རྗེ་འཇིགས་བྱེད།    རྒྱལ་བ་བློ་བཟང་གྲགས་པ།     མཁན་ཆེན་ཟླ་བ་བཟང་པོ།     གཅུང་དཔལ་ལྡན་བཟང་པོ།  (3) “ཞེས་བྲིས་ཡོད་པ་དང་།      མདུན་གྱི་བྲག་བཙན་གྱི་ཀླད་དུ་བླ་སྐུ་ཞིག་བཞུགས་པ་དེའི་ཞལ་བྱང་དུ།     “མཁན་ཆེན་ཟླ་བ་བཟང་པོ་”(4)ཞེས་མཚན་བྱང་བཏབ་འདུག་པས།    མདུན་རྒྱབ་གཉིས་སུ་མཁན་ཆེན་ཟླ་བ་བཟང་པོ་ཞེས་པའི་མཚན་ཅན་གཉིས་ཡོད་པ་དེ་ནི་མི་གཅིག་ཡིན་འདུག་གོ།     

ཐང་ག་དེའི་མདུན་ངོས་སུ་རྗེ་ཙོང་ཁ་པའི་སྐུ་མི་བཞུགས་ནའང་རྒྱབ་ཡིག་ན། རྗེ་ཙོང་ཁ་པའི་མཚན་བྲིས་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ། མཁན་ཆེན་ཟླ་བ་བཟང་པོ་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཡིན་པས་དེ་ལྟར་དུ་བཀོད་པ་ཨེ་ཡིན། ད་དུང་གཅུང་དཔལ་ལྡན་བཟང་པོ་ཞེས་པ་སུ་ཡིན་ནམ།  དྲི་བ་དེ་དག་ནི་ང་ལ་མཚོན་ན་ཐང་ག་དེའི་གསང་རྒྱ་དཀྲོལ་བའི་དཀའ་གནད་འབའ་ཞིག་རེད། གནད་དོན་དེ་དག་ཡང་སྙིང་གང་འདྲ་ཡིན་ཚུལ་གསལ་བོ་ཞིག་རྟོགས་པའི་ཆེད་དུ། ངས་ཐོག་མར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་(1653___1705)མཛད་པའི་༼དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ༽་ནང་དུ་རྗེ་ཙོང་ཁ་པ་དང་ཁོང་གི་དངོས་སློབ་རྣམས་ཀྱི་མཛད་འཕྲིན་ཅུང་རྒྱས་པར་བཤད་ཡོད་པ་དེར་བལྟས་པ་ཡིན། ཏག་ཏག་རྗེ་ཙོང་ཁ་པའི་སློབ་མ་གཙོ་བོ་བརྒྱ་དང་བཞི་བཅུ་ཞེས་པའི་སྐབས་སུ། “བླ་མ་ཟླ་བ་བཟང་པོ། “ (5)ཞེས་གསལ།

དེ་ནས་ངས་མུ་མཐུད་དུ་དཔེ་ཆ་དེར་ཀོང་པོ་འབྲུ་ལ་ཆོས་སྡེའི་ལོ་རྒྱུས་སྐོར་བཙལ་བ་ན།     “འབྲུ་ལ་ནི།     ཇོ་གདན་པའི་མི་ངོར་འཁྲུངས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉིད་དང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་བསྟེན་པའི་མཁས་པར་གྲགས་པ་ཟླ་བ་བཟང་པོས་བཏབ་ཅིང་།      དེ་ནས་གཅུང་པོ་དཔལ་ལྡན་བཟང་པོ།      སློབ་དཔོན་དགེ་འདུན།      སློབ་དཔོན་བློ་ལྡན་ཤེས་རབ།      ཇོ་གདན་རབ་འབྱམས་པ་ཤཱཀྱ་རྒྱལ་མཚན།       སློབ་དཔོན་དཔལ་བཟང་།       ཤུ་པ་ཆོས་རྒྱལ་འཕགས་པ།         བཅའ་གོང་ཤེས་རབ་སེང་གེ།         ཡུལ་བཅས་ཏེ་འཇམ་དབྱངས་རྒྱལ་པོ།       སྤང་བ་སྨོན་ལམ་བློ་གྲོས།   བྲག་ལྕི་བ་ལྷ་རི་མགོན་པོ།       བཅའ་གོང་ཟག་རིལ་བ།       ལྕགས་པ་ནམ་མཁའ་རྒྱ་མཚོ།      ཤོ་རོང་ཕན་བདེ་ཆོས་རྗེ།    བྲག་ལྕི་ལྷ་དབང་།    ས་སྟེ་སྦྱིན་པ།        དིང་ཐང་འཕགས་པ་བློ་བཟང་།      སྟོད་ལུང་ངག་དབང་བློ་བཟང་།      དགའ་གདོང་བློ་བཟང་དཔལ་འབྱོར།    སྤོ་བོ་ལྔ་ཞིང་དོན་གྲུབ་རྒྱ་མཚོ།      ཆོས་མཁར་དགེ་ལྡན་དོན་གྲུབ།     བརྩོན་འགྲུས་རྒྱ་མཚོ།       ད་ལྟ་རིན་ཆེན་བྲག་བླ་ཟུར།       གཞིས་དགོན་སྔགས་སྟོད་རྒྱུད་ལུགས།       གྲྭ་རྒྱུན་བློ་གླིང་དང་སྨད་ལ་འགྲོ།         ཨང་དང་གྲྭ་པ་ཉིས་བརྒྱ་དང་བརྒྱད་ཅུ་གྱ་བརྒྱད་སྐོར། (6)  “ཞེས་གསལ།   

གོང་འཁོད་ཀྱི་ནང་དོན་དུམ་བུ་ལས།     ང་ཚོས་ཤེས་ཐུབ་པ་ཞིག་ནི།      མཁན་ཆེན་ཟླ་བ་བཟང་པོ་བྱ་བ་དེ་ནི་རྗེ་ཙོང་ཁ་པའི་(1357___1419)དངོས་སློབ་ཡིན་པ་མ་ཟད་ད་དུང་རྗེའི་དངོས་སློབ་རྒྱལ་བ་དགེ་འདུན་གྲུབ་(1391___1447)ཀྱི་སློབ་མའང་ཡིན་འདུག་ལ།       འབྲུ་ལ་ཆོས་སྡེ་དགོན་ཡང་ཁོང་གིས་བཏབ་པ་དང་།   གདན་ས་རུ་མཁན་པོ་ག་ཚོད་བྱུང་བའི་གནས་ཚུལ་མདོར་བསྡུས་སོགས་ཀྱི་ལོ་རྒྱུས་གསལ་བོར་ཤེས་ཐུབ་པ་དེ་རེད།   

དེ་ནས་མཁན་ཆེན་ཟླ་བ་བཟང་པོའི་འཁྲུངས་འདས་ལོ་ཚིགས་མི་གསལ་བས།     དེའི་སྐོར་འཁོད་ཡོད་པ་ཨེ་ཡོད་བསམས་ནས་ངས་ཡང་བསྐྱར་༼མཁར་ནག་ཆོས་འབྱུང༽་ལ་བལྟས་པ་ཡིན།     ༼མཁར་ནག་ཆོས་འབྱུང༽་དུ།     “འབྲུ་ལ་ནི་འཕགས་པ་ལྷའི་(1439___1487)དབོན་པོ་ཟླ་བ་བཟང་པོས་བཏབ་ཅིང་།      ཡབ་ཆོས་རྗེའི་སྐུ་སྐྱེ་བས་གདན་ས་མཛད།     (7)”ཅེས་འབྲུ་ལ་ཆོས་སྡེ་དགོན་པ་འདེབས་མཁན་ཟླ་བ་བཟང་པོ་ནི་འཕགས་པ་ལྷའི་དབོན་པོ་ཡིན་ཞེས་བཤད་ཡོད་པས།        དབོན་པོ་ཡིན་ན་མཁན་ཆེན་ཟླ་བ་བཟང་པོ་ནི་འཕགས་པ་ལྷ་ལས་ཀྱང་ལོ་ཆུང་ཡིན་དགོས་ཕྱིར།       དེས་ན་འདི་ལྟར་ན་ཟླ་བ་བཟང་པོ་རྗེ་ཙོང་ཁ་པའི་དངོས་སློབ་ཡིན་པར་བཤད་པ་ལ་དོགས་གཞི་འདུག་སྟེ།      རྗེ་ཙོང་ཁ་པ་གཤེགས་པའི་ལོ་ནི་1419་ལོ་ཡིན་ལ།        ཤཱཀྱ་ལྷ་དབང་དང་སྡེ་སྲིད་ལྟར་ན་དེ་དུས་འཕགས་པ་ལྷ་འཁྲུངས་མེད་ན་ཟླ་བ་བཟང་པོ་ནི་དེ་བས་ཀྱང་རྗེ་ལ་མཇལ་མེད་པ་མངོན་སུམ་ཡིན་པས།  དེས་ན་སྡེ་སྲིད་ཀྱིས་བཤད་པ་དེ་བདེན་ནམ།   མཁར་ནག་ལོ་ཙཱ་བས་བཤད་པ་བདེན་པ་ཡིན།  གང་ཡིན་ད་ལྟ་བདེན་ཐག་ཆོད་པ་ཞིག་རྟོགས་དཀའ་ཡང་།  འཕགས་པ་ལྷའི་རྣམ་ཐར་ཆེན་མོར། ཁོང་འཁྲུངས་པའི་ལོ་ནི་ཆུ་ལུག་སྟེ་སྤྱི་ལོ་1403་ལོར་ཡིན་ཞེས་བཤད་ཚུལ་ཡང་ཡོད་པས། སྡེ་སྲིད་ཀྱིས་བཤད་པ་དེ་ལའང་བསམ་གཞིགས་གཏོང་དགོས་པ་ལས་མཐའ་གཅིག་ཏུ་མ་དག་པའོ་ཞེས་བཤད་མི་ཕོད་དོ།།

ཁ༽

2 ཡང་ཐང་ག་དེའི་རྒྱབ་ཡིག་གི་སྨད་ཕྱོགས་སུ། ཕུར་བུ་ལྕོག་ངག་དབང་བྱམས་པས་(1682___1762)མཛད་པའི་༼གནས་སྲུང་བྲག་བཙན་ལ་གཏོར་འབུལ་ངག་འདོན་དུ་ཡང་བྱས་ཆོག་པ༽་ཞེས་བྱ་བ་ཞིག་བཀོད་ཡོད་ཅིང་།      དེ་ནི་གནས་སྲུང་བྲག་བཙན་དང་དེའི་འཁོར་བཅས་ལ་ཞིབ་འཇུག་བགྱི་ན་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་ཕྱིན། རྒྱབ་ཡིག་གི་ཡི་གེ་ཆ་ཚང་ཇི་བཞིན་དུ་བསྐྱར་བཤུ་བྱ་རྒྱུའི་གྲ་སྒྲིག་བྱས་ཀྱང་རིང་དྲགས་ནས་བྱེད་མ་ནུས།  དེ་ནས་ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ་ནང་དུ་བཙལ་བ་ན།    གསུང་འབུམ་གྲས་སུ་བཞུགས་པ་མཐོང་བས་འདིར་ཆ་ཚང་དགོད་པར་བྱ།   “ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ་ཛཿ།       འཇམ་དཔལ་རང་བཞིན་འགྱུར་མེད་བདེ་ཆེན་དབྱིངས།།       ཐ་དད་གདུལ་བྱའི་སྐལ་བ་ཇི་བཞིན་དུ།།    ཅིར་ཡང་འཆར་བ་སྒྱུ་མ་མིག་འཕྲུལ་ལས།། འཆི་བདག་ལས་ཀྱི་གཤིན་རྗེའི་ཕོ་ཉ་བ།།  རལ་པ་ཚར་དགུ་བྲག་བཙན་མིག་སྨན་མདོག། ལྟོས་འགྲོ་གདུག་པའི་གདན་ལ་འགྱིང་ཞིང་རྔམས།། ཞལ་གདངས་མཆེ་གཙིགས་བེ་ཅོན་སྦྲུལ་ཞགས་འཛིན།།     ཞི་རྒྱས་དབང་དྲག་ཆ་ལུགས་ཅིར་ཡང་སྟོན།།      ལྷ་ཀླུ་བདུད་བཙན་གཤིན་རྗེའི་འཁོར་དང་བཅས།།       ཐོགས་མེད་རྫུ་འཕྲུལ་སྟོབས་ཀྱིས་གནས་འདིར་གཤེགས།།  སྣ་ཚོགས་ཚོན་རིས་དབང་པོའི་གཞུ་ལྟ་བུར།།      རྣམ་བཀྲ་བྲིས་སྐུ་འདི་ལ་བསྟན་པར་བཞུགས།།    ཟག་མེད་ཡེ་ཤེས་བདེ་ཆེན་མཆོད་གཏོར་ནི།།       ཕྱི་ནང་ཉེར་སྤྱོད་འདོད་ཡོན་རྒྱལ་སྲིད་བདུན།།      ཤ་ཁྲག་གཏོར་འབུལ་དུ་བྱེད་ན།     མེ་རླུང་རབ་འབར་བྲག་རི་ངམ་ནག་སྟེང་།།  དགྲ་བགེགས་བྲང་འགྲོའི་གདན་ལ་བརྟན་པར་བཞུགས།།    ཞེས་བསྒྱུར།   གཏོར་མ་པཉྩ་ཨ་མྲྀ་ཏ།།  རྣལ་འབྱོར་ཆོས་བཞིན་སྐྱོང་ཕྱིར་དགྱེས་པར་རོལ།།      སྡོམ་གསུམ་བཅས་མཚམས་འདས་དང་འབགས་བཙོག་སོགས།།     བཟོད་པར་མཛོད་ལ་ཕྱག་ན་རྡོ་རྗེ་དང་།།       མཁན་ཆེན་ཟླ་བ་བཟང་པོས་གཉེར་གཏད་བཞིན།།    འབྲུ་ལ་ཆོས་སྡེའི་༼རྣལ་འབྱོར་བདག་ཅག༽དཔོན་སློབ་བུ་བཞིན་སྐྱོངས།།      

ཧཱུཾ། ཁྱོད་ཀྱི་རང་བཞིན་འཇམ་དཔལ་ཞི་ཁྲོ་དང་།།དབྱེར་མེད་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཀྱང་།བདེ་འདོད་སྡིག་ལ་དགའ་བ་ཞིང་བཅུའི་དགྲ།།ཚར་གཅོད་བྲག་བཙན་ཆེན་པོ་ཁྱོད་ལ་བསྟོད།།      དམ་ཉམས་སྲོག་ལ་རྣོ་བ་མི་སྡུག་གཟུགས།།  ཡུམ་སྲས་ལས་བྱེད་ཆོ་འཕྲུལ་སྣ་ཚོགས་ཀྱིས།། རྣལ་འབྱོར་དགོན་གནས་ཀུན་ལ་འཚེ་བའི་དགྲ།།  ཕྱེ་མར་འཐག་བྱེད་འཁོར་ཚོགས་རྒྱ་མཚོར་བསྟོད།།       བསྟེན་ནོ་བསྐུལ་ལོ་མ་གཡེལ་སྔོན་དུས་སུ།། མཁན་ཆེན་ཟླ་བའི་སྤྱན་སྔར་ཁས་བླངས་པའི།། དམ་ཚིག་ཚུལ་བཞིན་དགོངས་ལ་༼ཐུབ་བསྟན༽ཆོས་སྡེ་འདིའི།།    ཆོས་སྲིད་འབྱོར་པའི་འཕྲིན་ལས་གང་དགོས་སྒྲུབས།།  སྡེ་འདིར་༼བསྟན་ལ༽ཞུགས་ནས་འདུལ་ཁྲིམས་འཇིག་བྱེད་དང་།། རྟེན་མཆོད་འདུ་སྒོ་ཆོས་གཞིས་འཇོམས་བྱེད་པའི།།    ༼ལོག་ཆོས་རང་བཟོས་འཇིིག་རྟེན་བསླུ་བྱེད་པའི།།༽   དགྲ་བོ་སྐྱ་སེར་ཀུན་གྱི་སྲོག་དབུགས་སྡུས།།     སྙིང་ཁྲག་ཀླད་པ་རྐང་པ་རྐང་མར་ཚིམ་བཞིན་རོལ།།   རྣམ་དག་ཁྲིམས་ལྡན་ཐོས་བསམ་སྒོམ་ལ་བརྩོན།།      སྐྱོ་ཤས་སྙིང་རྗེ་ཡང་དག་ལྟ་བ་དང་།། རིམ་གཉིས་ཟབ་མོའི་རྣལ་འབྱོར་ལྷུར་ལེན་པའི།།    མཁས་བཙུན་གྲུབ་པས་གནས་འདི་༼ནོར་འཛིན༽གང་བར་མཛོད།།  འབྲུ་ལ་ཆོས་སྡེའི་༼འགྲོ་བ་ཀུན་གྱི༽ལེགས་ཚོགས་མ་ལུས་པ།། གང་གི་ཐུགས་བསྐྱེད་སྨོན་མཐུར་རག་ལས་པ།།     མཁན་ཆེན་སྤྲུལ་སྐུ་ཡེ་ཤེས་བསྟན་སྒྲོན་གྱི།། ཚད་མའི་སྐྱེས་བུ་འཇིག་རྟེན་མགོན་རྣམས་ཀྱི།།༽   སྐུ་ཚེ་འཕྲིན་ལས་བཞེད་དོན་མ་ལུས་སྒྲུབས།།ཇི་ལྟར་སྨོན་པའི་དོན་རྣམས་འགྲུབ་པའི་ཕྱིར།།      བྲག་བཙན་དྲག་ཤུལ་མི་བཟད་འཁོར་བཅས་རྣམས།།     ༼ནམ་ཡང་དུས་ལས་མ་འདའ་བྱ་ར་མཛོད།།     བཀྲ་ཤིས་ལེགས་ཚོགས་འདོད་དགུ་ཆར་ལྟར་ཕོབ།།    ཅེས་བསྒྱུར་བྱའོ།།༽      རྟེན་འདིར་ནམ་ཡང་འབྲལ་མེད་བརྟན་པར་བཞུགས།།      སུཔྲ་ཏིཥྛ་བཛྲ་ས་མ་ཡ། ཞེས་པ་འདི་ནི་མཁན་ཆེན་སྤྲུལ་པའི་སྐུའི་གསུང་བཞིན་ཐང་སྐུའི་རྒྱབ་ཡིག་གཏོར་འབུལ་ངག་འདོན་དུ་ཡང་བྱས་ཆོག་པར་ངག་དབང་བྱམས་པས་ཕུར་བུ་ལྕོག་ཏུ་བྲིས་པའོ།།”(8)ཞེས་གསལ།

གོང་འཁོད་ཀྱི་ནང་དོན་རྣམས་ནི་ཕུར་བུ་ལྕོག་ངག་དབང་བྱམས་པས་པས་(1682___1762)མཛད་པའི་རྡོ་རྗེ་བྲག་བཙན་གྱི་གཏོར་འབུལ་བྱེད་ཚུལ་བསྡུས་པ་རེད།    འདི་ནང་དུ་གསལ་བ་ཡིན་ན།     གནས་སྲུང་རྡོ་རྗེ་བྲག་བཙན་ནི་མཁན་ཆེན་ཟླ་བ་བཟང་པོས་བཀའ་བསྒོ་མཛད་པ་ཞིག་ཡིན་འདུག་སྟེ།   གོང་དུ་ “མཁན་ཆེན་ཟླ་བའི་སྤྱན་སྔར་ཁས་བླངས་པའི།།     ཞེས་གསལ་བ་དེས་ཤེས་ཐུབ།    

གཞན་ཐང་ག་དེའི་རྒྱབ་ལོགས་ཀྱི་དབུས་སུ་ཕྱག་རྗེས་ཤིག་ཡོད་པ་དེའི་གཤམ་དུ། “གངས་ཅན་འགྲོ་བའི་མགོན་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཕྱག་རྗེས།”       (9)ཞེས་བྲིས་ཡོད་པས།      ཕྱག་རྗེས་དེ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཕྱག་རྗེས་ཡིན་པ་གསལ་བོ་རེད།

ག༽

3  ད་ནི་ཐང་ག་དེའི་རྣམ་པའམ་གང་འདྲ་ཡིན་ཚུལ་གསལ་བཤད་ཅིག་བྱ་བསམ་སྟེ།  ཐང་ག་དེའི་འབྲི་སྟངས་ནི་སྨན་གསར་ལུགས་སུ་གཏོགས་ལ། དབུས་སུ་བསྐལ་པའི་མེ་དཔུང་འབར་བ་ལྟ་བུའི་ཀློང་དཀྱིལ་ན་རྡོ་རྗེ་བྲག་བཙན་སྐུ་མདོག་མཐིང་ནག་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་པ།རལ་པ་ཁམ་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔས་དབུར་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་དབྱུག་པ་འཕྱར་ཞིང་། གཡོན་ན་སྦྲུལ་གྱི་ཞགས་པ་འཛིན་པ།མི་ལྤགས་ཀྱི་གཡང་གཞི་དང་སྟག་གི་ཤམ་ཐབས་གསོལ་བ།མགོ་བོ་རློན་པའི་དོ་ཤལ་དང་། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ།  ཞབས་གཉིས་སྟངས་སྟབས་ཀྱིས་འཇིགས་རུང་གི་སྦྲུལ་ལྗང་ལ་ཆིབས་པ།        

སྟེང་གི་དབུས་སུ་མཁན་ཆེན་ཟླ་བ་བཟང་པོ་ཕྱག་གཡས་ཆོས་འཆད་དང་གཡོན་མཉམ་བཞག་གི་སྟེང་ལ་པུ་སྟི་བསྣམས་པ།    པཎ་ཞྭ་སེར་པོ་དང་།    ཆོས་གོས་དང་གོས་བེར་མནབས་པ།     འབོལ་གདན་ཉིས་བརྩེགས་ཀྱི་སྟེང་ལ་རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་པ།   དབུ་སྐོར་གྱི་གཡས་གཡོན་དུ་ཉི་ཟླ་འཆར་བ།

དེའི་གཡས་ན་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེ་གདོང་ཅན།    ཕྱག་གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ།  དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ།      ཐོད་སྐམ་ལྔས་དབུར་བརྒྱན་པ།  མ་ཧེའི་སྟེང་ལ་བཞུགས་པ།

གཡོན་དུ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ་ཧེ་གདོང་ཅན།    ཕྱག་གཡས་རྡོ་རྗེས་མཚན་པའི་ཐོད་དབྱུག་དཀར་པོ་འཕྱར་ཞིང་།      གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ།       སྐྲ་ཁམ་པ་གྱེན་དུ་བརྫེས་པ།     མཆེ་བ་གཙིགས་པ།    གཅེར་བུ་ལིང་ག་གྱེན་དུ་བསྒྲེང་བ།      ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་མེ་རླུང་འཚུབ་མའི་ཀློང་ན་མ་ཧེའི་གདན་ལ་བཞུགས་པ།    

གཙོ་སྐུ་བྲག་བཙན་གྱི་གཡས་གཡོན་ན།      རང་བྱུང་གི་བྲག་རི་དང་རྫ་རི།   བྲག་ཕུག་ནས་རྦབ་ཆུ་བཞུར་བ་དང་།     དེའི་བར་གསེང་དུ་ལྗོན་ཤིང་འདྲ་མིན་དང་།   རྩི་ཤིང་སྣ་ཚོགས་ཀྱི་བར་ནས་སྤྲིན་དཀར་ལྡིང་བ་དང་།    བྱ་བྱིའུ་སྣ་ཚོགས་འཁོར་བ།      རྣལ་འབྱོར་གྱི་དབང་ཕྱུག་དག་ཏིང་ངེ་འཛིན་ལ་བཞུགས་པའི་ངང་ཚུལ་ཅན།

གཙོ་སྐུ་བྲག་བཙན་གྱི་ཞོལ་དབུས་སུ་གནས་སྲུང་གདོང་བཙན།    སྐུ་མདོག་དམར་པོ།   ཕྱག་གཡས་ཀྱིས་རལ་གྲི་འཕྱར་ཞིང་།   གཡོན་ན་བུམ་པ་ནོར་བུས་བརྒྱན་པ་འཛིན་པ།      བསེ་ཞྭ་སེར་པོས་གྱོན་ཞིང་རྟ་རྐྱང་དཀར་ལ་ཆིབས་པ།     

ཞོལ་གྱི་གཡས་སུ།   ཡབ་རལ་པ་མཚར་དགུ་སྐུ་མདོག་མཐིང་ནག་སྟག་པགས་ཀྱི་ཤམ་ཐབས་ཅན།    ཕྱག་གཡས་ན་གྲི་གུག་དང་གཡོན་ན་ཐོད་པ་འཛིན་པ།    རལ་པ་ཁམ་སེར།    སྤྱན་གསུམ་པ།   དབུ་ན་ཐོད་སྐམ་གཅིག་གིས་བརྒྱན་པ།     བ་མེན་ཡིན་ནམ་མ་ཧེ་གང་རུང་ལ་བཞུགས་པ།      

ཞོལ་གྱི་གཡོན་ན།    ཡུམ་སྲིན་མོ་སོ་ཐར་སྐུ་མདོག་དམར་པོ་དབུ་ལ་ཐོད་སྐམ་གཅིག་གིས་བརྒྱན་པ།     ཕྱག་གཡས་ན་གྲི་གུག་དང་གཡོན་ན་ཐོད་པ་འཛིན་པ།     སྟག་ལ་ཆིབས་པ།     དེ་དག་གི་ཕྱོགས་བཞིར་དུར་ཁྲོད་དང་།   འཇིགས་སུ་རུང་བའི་གཅན་གཟན་སྣ་ཚོགས་འདུར་རྒྱུག་བྱས་པ་དང་བཅས་སོ།།

གོང་དུ་བཤད་པའི་གནས་ཚུལ་དག་ནི་ངེད་ཀྱིས་ཐང་ག་དེའི་སྐུ་པར་ལ་བལྟས་ནས་རྣམ་པ་ག་རེ་ཡིན་པ་ཇི་བཞིན་དུ་ཡི་གེར་བཀོད་པ་ཡིན་པ་ལས་ཆོ་གའི་གོ་རིམ་ལྟར་བྲིས་པ་མིན་པས་ཆད་ལྷག་སོགས་ཀྱི་སྐྱོན་ཆ་ཡོད་ངེས།        ཕྱིས་སུ་ཆོག་སྒྲིག་ཁུངས་ཐུབ་རེ་ལག་སོན་བྱུང་ན་ཁ་སྐོང་བྱ་རྩིས་ཡོད།

ང༽

4  རྡོ་རྗེ་བྲག་བཙན་བྱ་བའི་གནས་སྲུང་དེ་ནི་དོན་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་རྣམ་འཕྲུལ་ཡིན་པ་རྒྱབ་ཡིག་གི་ནང་དོན་དང་གཏོར་འབུལ་གྱི་ཡི་གེ་སོགས་ལ་བལྟས་ན་ཤེས་ནུས་པ་དང་།       དེ་ནས་མཁན་ཆེན་ཟླ་བ་བཟང་པོའི་རིང་ལ་བཀའ་བསྒོ་མཛད་དེ་འབྲུ་ལ་ཆོས་སྡེ་དགོན་པའི་གནས་སྲུང་དུ་བཀོད་པ་ཞིག་རེད།       ང་ཚོས་རྡོ་རྗེ་བྲག་བཙན་གྱི་ལོ་རྒྱུས་ཤེས་དགོས་ན་ཅིས་ཀྱང་མཁན་ཆེན་ཟླ་བ་བཟང་པོའི་ལོ་རྒྱུས་མདོར་བསྡུས་ཤིག་མ་ཤེས་ཐབས་མེད་རེད།      དེའི་ཕྱིར།     ངས་ཤཱཀྱ་ལྷ་དབང་(1586__1655)་གིས་བརྩམས་པའི་༼ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང༽་ལས་མཁར་ནག་ལོ་ཙཱ་བས་བཤད་པ་ལྟར།         མཁན་ཆེན་ཟླ་བ་བཟང་པོ་ནི་འཕགས་པ་ལྷའི་དབོན་པོ་ཡིན་མིན་དང་།    ཡང་སྙིང་ཁོང་དང་འབྲེལ་བ་ཡོད་མེད་སྐོར་ཆེད་དུ་བཙལ་འཚོལ་བྱས་པ་ན་ཏག་ཏག་༼ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང༽་དུ་དེའི་སྐོར་གསལ་བོར་འཁོད་ཡོད་པ་འདི་ལྟར་ཏེ།  ”འཕགས་པ་ལྷའི་ཡབ་ལ་སྐུ་མཆེད་བཞི་ཡོད་པ་ལས་ཆེ་བ་ཀུ་ཅོར་བ་ནི་འཕགས་པ་ལྷའི་ཡབ་དང་།    ཆུང་བ་རིན་ཆེན་རྒྱལ་མཚན་ལ་མིང་སྲིང་གཉིས་སྐྱེས་པའི་སྲིང་མོ་ལ་མཁན་ཆེན་ཟླ་བ་བཟང་པོ་སྐུ་མཆེད་གཉིས་འཁྲུངས་ཞེས་བཤད།” (10)    ཅེས་པ་དང་།

ཡང་དེ་ཉིད་ལས།       ”མཁན་ཆེན་ཟླ་བ་བཟང་པོ་ནི་ཇོ་བསྟན་པའི་ཞལ་ངོར་འཁྲུངས།      སྐུ་མཆེད་གཉིས་བྱུང་བའི་ཆེ་བ་ནི་མཁན་ཆེན་པ་ཡིན་ཞིང་།       རྗེ་དགེ་འདུན་གྲུབ་(1391___1447)དང་ཧོར་སྟོན་ནམ་མཁའ་དཔལ་བ་(1373___1447)སོགས་བསྟེན་ནས་མཁས་པར་གྱུར་ཏེ།       ཞལ་སྔ་རིན་པོ་ཆེ་(འཕགས་པ་ལྷ)ལ་གསུང་ཆོས་གསན་པས་ཐུགས་འཕྲོག་སྟེ་རྩ་བའི་བླ་མར་འཛིན་ལ།      ལུགས་གཉིས་ཀ་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ།     འདིའི་ཞལ་ཆེམས་སུ་བླ་མ་འཇམ་དབྱངས་གཞོན་ནུ་དང་བླ་མ་ནམ་མཁའ་དཔལ།     དཀོན་མཆོག་འབྱུང་གནས་རྣམ་གཉིས་ཀྱི་གཙོ་བོ་མཛད།       ཞལ་སྔའི་གྲྭ་བུ་སློབ་རྣམས་ཀྱི་སྐྱོང་བྲན་ལ་འབུང་།      ཁྱད་པར་དུ་ཆོས་སྡེ་བ་རྣམས་སྐྱོང་།         ཇོ་གདན་དང་ཡང་སྔར་ལུགས་བཞིན་ཁྱེད་(ཁྱད་)མེད་ཀྱི་འགྲོགས་ལུགས་མཛོད།         ཅེས་གསུངས་པར་འདུག            དེ་ནས་ཇོ་བསྟན་གྱི་མཁན་པོའི་གོ་སར་ཕེབས་ཀྱང་།       སྡེ་ཚུགས་སུ་སོང་བས་ཀུན་སྤྱོད་མི་མཐུན་པར་གཟིགས་ནས་འགྲུ་ལ་བཀྲ་ཤིས་བདེ་ཆེན་གྱི་ཆོས་སྡེ་བཏབ།      གཙུག་ལག་ཁང་བཞེངས།       དལ་སྐབས་ནམ་བྱུང་རྡོ་རྗེ་བྲག་དང་ཆོས་སྟེང་མཚོ་དྲུག་སོགས་དབེན་གནས་རྣམས་སུ་སྒྲུབ་པ་ཡང་མཛད།      དབུ་མའི་ལྟ་ཁྲིད་ལ་མངའ་བརྙེས།       རྒྱལ་ཆེན་རྣམ་སྲས་ཀྱི་ཞལ་གཟིགས།     ཆོས་སྡེ་དར་རྒྱས་ཆེ་བར་བྱུང་བས།     ལྷ་དགའ་དགོན།     ཀྲ་སྡི་རྫིང་ཁ་སེར་རྐོང་བང་སོ་དགོན།     འཛིང་དགའ་རབ་དགོན།     ས་དཀར་དགོན་རྙིང་།     དགོན་གསར་གཉེན་ཡོད།     དོག་པོ་ཁ་སྟེང་དགོན།     གཉན་ཁྲི་སྦུ་ཟུར་དགོན།      སེ་བ་ཉི་སྐྱོག་ཁམས་བུ་དགོན།    ཟེངས་པོ་དཀའ་བཞི་དགོན།      ལོང་པོ་དཀའ་ཐོག་དགོན།     སྙེ་བོ་རྩི་ཕུག་དགོན།     བཅའ་གོང་བང་མདོ་དགོན།     ཟེ་ནང་སྟེང་ང་དགོན།         བྱེ་ལ་དཔལ་རི་དགོན་ལ་སོགས་ཇོ་བསྟན་གྱི་དགོན་ལག་ཐམས་ཅད་དང་།    བསྒྲུབ་མཆོད་ཀྱི་ཐེབ་དང་བཅས་འགྲུ་ལ་སྦྱར།     ལྷ་དགའ་དགོན་རྙིང་སྤོས་ནས་དགོན་གསར་བཏབ།      སྐུ་ཚེ་མཐར་ཕྱིན་ནས་མཐར་ལྷ་དགའ་དགོན་དུ་གཤེགས།    

དེ་ནས་གཅུང་དཔལ་ལྡན་བཟང་པོའམ་བསོད་ནམས་རྡོ་རྗེས་གདན་ས་བསྐྱངས།    དེ་རྗེས་སློབ་དཔོན་ཆོས་རྒྱལ་བས་མཛད།    དེ་རྗེས་སློབ་དཔོན་ཐོག་མེད།        དེ་རྗེས་སློབ་དཔོན་བློ་ལྡན་ཤེས་རབ།      དེ་ནས་ཤཱཀྱ་རྒྱལ་མཚན།      འགྲུ་ལ་ཆོས་རྗེ་ཤེས་རབ་སེང་གེ      དཀའ་བཅུ་པ་ཤེས་རབ།       དཀའ་བཅུ་པ་སངས་རྒྱས་ཤེས་རབ།      དཔལ་འབར་ཆོས་རྗེ་ལེགས་པ་ཤེས་རབ།       ཇོ་བསྟན་རབ་འབྱམས་པ།     སློབ་དཔོན་དཔལ་བཟང་།    སློབ་དཔོན་ཆོས་རྒྱལ།    དེ་རྗེས་རྒྱ་བྲག་ཆོས་རྗེ།      བསོད་ནམས་རྒྱལ་བ།     ཤེས་རབ་སེང་གེ།       འཇམ་དབྱངས་རྒྱལ་པོ།      སློབ་དཔོན་སྨོན་ལམ་བློ་གྲོས།      དཔལ་འབྱོར་རྒྱལ་པོ།     ལྷ་རི་མགོན་པོ།      བླ་མ་ཟག་རིལ་དཀའ་བཅུ་པ་བསྐོས།      སློབ་དཔོན་རིན་ཆེན་ནམ་མཁའ་རྒྱ་མཚོ།      དེ་ནས་སྤྲེའུ་ཞེས་པའི་མེ་མོ་ལུག་ལ།       བདག་གིས་(ཤཱཀྱ་ལྷ་དབང་།  1586__1655)མཁན་པོའི་གོ་ས་བཟུང་ནས་ལོ་གཉིས་སོང་།       (11) ”ཞེས་གསལ།        གོང་དུ་བཤད་པའི་མཁན་ཆེན་ཟླ་བ་བཟང་པོའི་རྣམ་ཐར་བསྡུས་པ་དང་གདན་སའི་མཁན་པོ་རྣམས་ཀྱི་ལོ་རྒྱུས་བཅས་ནི་འཕགས་པ་ཤཱཀྱ་ལྷ་དབང་གིས་མཛད་པའི་༼ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང༽་ལས་གསུངས་པ་ལྟར་བཀོད་པ་ཡིན་ནོ།།

ཤཱཀྱ་ལྷ་དབང་(1586___1655)གིས་མཛད་པའི་༼ཞལ་སྔ་བཀའ་བརྒྱུད་ཀྱི་ཆོས་འབྱུང༽་དང་།     མཁར་ནག་ལོ་ཙཱ་བས་མཛད་པའི་༼མཁར་ནག་ཆོས་འབྱུང༽་གཉིས་ཀར་མཁན་ཆེན་ཟླ་བ་བཟང་པོ་ནི་འཕགས་པ་ལྷའི་དབོན་པོ་ཡིན་པའི་ལོ་རྒྱུས་གསལ་བ་སོགས་ལ་གཞིགས་ན།         སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་༼དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ༽་རུ།      མཁན་ཆེན་ཟླ་བ་བཟང་པོ་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཡིན་པར་བཤད་པ་དེ་ད་དུང་བརྟག་དགོས་པར་སེམས་སོ།།         

ཅ༽

5  རྡོ་རྗེ་བྲག་བཙན་གྱི་ཐང་ག་འདི་ནི། འབྲུ་ལའམ་འགྲུ་ལ་ཆོས་སྡེ་བཀྲ་ཤིས་བདེ་ཆེན་དགོན་གྱི་མཁན་ཆེན་ཟླ་བ་བཟང་པོའི་སྐུ་སྐྱེ་ཡེ་ཤེས་བསྟན་པའི་སྒྲོན་མེ་ལགས་ཀྱིས་ཐུགས་བཀོད་བྱས་ནས་རྟེན་བཞེངས་བྱས་པ་ཞིག་ཡིན་འདུག་ཀྱང་།      ལྷ་རིས་པའི་མཚན་མི་གསལ་བས།        གནས་སྐབས་སུ་ལྷ་རིས་པའི་ལོ་རྒྱུས་ཤེས་མ་བྱུང་།          རི་མོའི་འབྲི་སྟངས་ནི་དབུས་ཀྱི་སྨན་གསར་ལུགས་ཡིན་པ་མངོན་གསལ་དོད་པོ་ཡིན་པས་རྒྱས་བཤད་མི་བྱེད།      

མཁན་ཆེན་ཡེ་ཤེས་བསྟན་པའི་སྒྲོན་མེ་ནི་དུས་སྐབས་དེར་མི་སྣ་གྲགས་ཅན་ཞིག་ཡིན་ཚུལ།        རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཐད་ཀར་ཕྱག་ཐམ་དང་སྨོན་ཚིག་གནང་བ་དེར་བལྟས་ན་ཤེས་ཐུབ་པ་དང་།         ཕུར་ལྕོག་ངག་དབང་བྱམས་པ་ལའང་ཐུགས་འདྲིས་ཟབ་པས་ཕྱག་རྩོམ་གྱི་ཞུ་བ་པོ་སོགས་མཛད་པ་དང་།     གཞན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ་གྲས་སུའང་༼ཀོང་པོ་འབྲུ་ལ་དགོན་མཁན་ཆེན་ཡེ་ཤེས་བསྟན་སྒྲོན་གྱི་སྐུ་སྐྱེ་སླར་ཡང་གསལ་བར་བྱེད་པའི་བདེན་ཚིག༽་ཅེས་པ་ཞིག་༼བཀྲས་ལྷུན་པར་མ༽བཞུགས་པ་སོགས་ལ་དཔྱད་ན།       ཁོང་སྤྱིར་བཏང་གི་སྐུ་སྐྱེ་ཞིག་མིན་པ་ང་ཚོས་གསལ་བོར་ཤེས་ཐུབ་པ་དེ་རེད།       

དགའ་ལྡན་ཁྲི་ཐོག་དོན་གཅིག་པ་ཡེ་ཤེས་ཐར་འདོད་(1756—1829)ཀྱང་འབྲུ་ལ་ཆོས་སྡེ་དགོན་དུ་ཡུན་རིང་བཞུགས་པ་མ་ཟད་དགོན་དེའི་གྲྭ་རྒྱུན་ཡང་ཡིན་པས།     གཅིག་བྱས་ན་མཁན་ཆེན་ཡེ་ཤེས་བསྟན་པའི་སྒྲོན་མེ་ནི་ཁྲི་ཆེན་ཐར་འདོད་ཀྱི་བླ་མ་ཡིན་ནམ་ཡང་བསམ།      མཁན་ཆེན་ཡེ་ཤེས་བསྟན་པའི་སྒྲོན་མེའི་ལོ་རྒྱུས་ཞིབ་མོ་མ་མཐོང་བས་རེ་ཞིག་དེ་ཙམ་ལས་ཞུ་རྒྱུ་མ་བྱུང་།

གནས་སྲུང་རྡོ་རྗེ་བྲག་བཙན་ནི།      སྤྱིར་བཤད་ན།     འཇིག་རྟེན་པའི་ལྷའི་གྲས་སུ་གཏོགས་པ་ཞིག་རེད།         ཀོང་པོའི་ཕྱོགས་སུ་གནས་སྲུང་འདི་མཚན་སྙན་ཆེ་བ་མ་ཟད་སྤྱི་ཚོགས་ཀྱི་འགྲོ་ལུགས་འདུག་ལུགས་ཀུན་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དེ་འདྲ་ཞིག་རེད།        རྡོ་རྗེ་བྲག་བཙན་ནི་སྦྲུལ་ཞིག་ལ་ཞོན་ཡོད་པ་དང་།         དེ་ནི་རྡོ་རྗེ་བྲག་བཙན་དེ་ཀླུ་གཉན་གྱི་བདག་པོ་ཡིན་པར་མཚོན་བྱེད་ཡིན་པ་ཤེས་ནུས་ལ།           བོད་ཀྱི་ཡུལ་སྲོལ་ལ་སྦྲུལ་ནི་ཀླུའི་མཚོན་བྱེད་ཅིག་རེད།     ཀོང་པོ་ལུང་པ་ནི་ལྟོས་འཇོག་གིས་བཤད་ན།     ཀླུ་གཉན་ས་བཙན་ཞིག་ཡིན་པ་ཡོངས་གྲགས་ལྟར་ཡིན་ཞིང་།      གནས་སྲུང་རྡོ་རྗེ་བྲག་བཙན་བཞུགས་པས།         ཀོང་པོ་ཡུལ་གྱི་ས་གཉན་ཆུ་གཉན་གྱི་གནས་བདག་བཙན་པོ་དེ་བྱུང་བ་དང་།     གནས་བདག་བཙན་པོ་ཡོད་པས་ད་གཟོད་ས་སློག་རྡོ་སློག་གི་གཏོར་བརླག་ཐེབས་མེད་པ་དང་།      ཆུ་དྭངས་རི་གཙང་གི་ཁོར་ཡུག་ཡིད་དུ་འོང་བ་དེ་ད་ལྟའི་བར་མ་ཉམས་པར་གནས་ཡོད་པ་དེ་རེད་དོ།།      

མཆན་འགྲེལ།

1)    རྡོ་རྗེ་བྲག་བཙན་གྱི་ཐང་གའི་རྒྱབ་ཡིག་ཏུ་གསལ།    མ་ཕྱི་གཅིག     ཨ་རིའི་རོ་བྷིན་ཊི་ནོར་རྫས་བཤམས་སྟོན་ཁང་གིས་བསྒྲིགས་པའི་༼ཐོད་བརྒལ་གྱི་འཇིག་རྟེན___བོད་ཀྱི་ཤེས་རབ་དང་སྙིང་རྗེའི་སྒྱུ་རྩལ༽་བྱ་བའི་དཔེ་ཆ་རུ་ཡོད།

(2)  དེང་སང་བཤད་ན་ཀོང་པོ་རྒྱ་མདའ་རྫོང་གི་ས་ཁོངས་ཞོ་ཁ་ཞེས་པའི་ས་ཆ་དེར་ཡོད།

(3)    མཆན་དང་པོའི་དཔེ་ཆ་རུ་ཡོད།

(4)    མཆན་དང་པོར་བཤད་པའི་ཐང་ག་དེའི་རྒྱབ་ཡིག་ན་གསལ།

(5)    ༼དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ༽་ཞེས་བྱ་བ།         སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས།       ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།      ཤོག་ངོས་73སྟེང་གསལ།   

(6)    མཆན་ལྔ་པའི་ཤོག་ངོས་289སྟེང་གསལ།

(7)      ༼མཁར་ནག་ཆོས་འབྱུང་།༽     མཁར་ནག་ལོ་ཙཱ་བས་མཛད།      སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།       ཤོག་207སྟེང་གསལ།

(8)    ༼ཕུར་ལྕོག་ངག་དབང་བྱམས་པའི་གསུང་འབུམ།༽        གླེགས་བམ་གསུམ་པ།       མི་རིགས་དཔེ་སྐྲུན་ཁང་།     ཤོག་ངོས་129་ནས་130བར་གསལ།

(9)   མཆན་དང་པོར་བཤད་པའི་ཐང་ག་དེའི་རྒྱབ་ཡིག་ན་གསལ།

(10)    ༼ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང།༽        ཤཱཀྱ་ལྷ་དབང་གིས་བརྩམས།           བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།     ཤོག་4སྟེང་གསལ།

(11)    མཆན་བཅུ་པའི་ཤོག་ངོས་53་ནས་55་བར་གསལ།

                 སྤྱི་ལོ་2017/10/11/་ཉིན་ལ་ཚངས་དབང་གིས་བྲིས་པ་དང་།       སྤྱི་ལོ་2017/10/18་ཉིན་ལ་ཡང་བསྐྱར་འཕྲི་སྣོན་དང་བཅས་མཇུག་རྫོགས་པར་བྲིས་པ་དགེའོ།།