བོད་ཀྱི་ཐ་སྙད་རེ་རེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་རེ་རེ་དང་། སྤྱི་ཚོགས་ཀྱི་འཕོ་འགྱུར་མི་འདྲ་བ་སྣ་ཚོགས་ལས་བྱུང་བ་ཡིན་པས་ཐ་སྙད་བཀོལ་སྤྱོད་བྱེད་པའམ་ཐ་སྙད་གསར་བཟོ་བྱེད་པའི་ཚེ། ར་མགོ་གཡག་ལ་སྦྱར་ཞིང་། གཡག་མགོ་ལུག་ལ་སྦྱར་བ་ལྟར་གང་བྱུང་བྱེད་མི་རུང་བར་སྙམ།

བོད་ལ་ཤ་ཞེན་རུས་ཞེན་ཡོད་ཅེས་ཇི་ལྟར་བཤད་ཀྱང་ཐ་སྙད་བཀོལ་སྤྱོད་ཀྱི་སྟེང་ནས་མི་དེས་བོད་རིགས་མི་མང་གིས་བདག་གིར་བཞེས་པའི་རིག་གཞུང་དང་། དེའི་སྐད་ཡིག་ལ་བཅངས་པའི་འདུ་ཤེས་གསལ་པོ་ངེས་ཡོང་།

བོད་ཀྱི་ཐ་སྙད་འགའ་ཤས་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་། འཕེལ་ཕྱོགས་ཀྱི་ས་མཚམས་མི་འདྲ་བའི་དབང་གིས་བྱུང་བ་ཡིན་པས་དེ་དག་བེད་སྤྱོད་བྱེད་སྐབས་མི་སྒེར་གྱིས་གང་བྱུང་གང་དྲན་བྱེད་ཆོག་པ་ཞིག་གཏན་ནས་མ་རེད། དཔེར་ན། སྤྱན་རས་གཟིགས་ཀྱི་སྐྱེ་བའི་ཕྲེང་བ་འཛིན་པ་ཀུན་ལ་ཏཱ་ལའི་བླ་མ་ཞེས་སོགས་དང་། ཀརྨ་བའི་སྐྱེ་ཕྲེང་འཛིན་པ་ལ་ཀརྨ་པ་ཞེས་འབོད་ཚུལ་འདི་དག་ནི། ངེས་པར་དེའི་སྐྱེ་ཕྲེང་འཛིན་པ་ཀུན་ལ་གོ་རྒྱུ་ལས། མཚན་དེ་དག་བླ་མ་ཞིག་ཡོད་ཚད་ལ་བཀོལ་སྤྱོད་བྱེད་འོས་པ་ཞིག་རྩ་བ་ནས་མ་རེད།

འོན་ཀྱང་། དེང་སང་ཐ་སྙད་དེ་དག་གི་བཀོལ་སྤྱོད་བྱ་ཡུལ་གྱི་ས་མཚམས་ལས་བརྒལ་ཏེ་གང་བྱུང་ལབ་བརྡོལ་བྱེད་པ་ནི། བོད་རིགས་མི་མང་དང་དེའི་བསམ་བློའི་འདུ་ཤེས་ལ་རྡོག་བརྫིས་བྱས་པ་ལས་མ་འདས་པས། སྤྱོད་ཚབས་ཆེ་བའི་ཐ་སྙད་བཀོལ་ཕྱོགས་ཀྱི་སྣང་ཚུལ་སྐྱ་བོ་དེ་ལ་ངེས་པར་མི་རེ་ངོ་རེས་ཡིད་འཇོག་བྱ་དགོས་པར་སེམས།

བོད་མིའི་ཐ་སྙད་བཀོལ་སྤྱོད་ཕྱོགས་ནས་གཞན་གྱི་སྐད་ཡིག་བཀོལ་ཚུལ་དང་མི་འདྲ་བའི་ཁྱད་གཤིས་རེ་ཡོད་ལ། དེའི་ཁྱད་གཤིས་ཤེས་པ་ལ་ངེས་པར་བོད་རིགས་མི་མང་གི་གཤིས་ཀ་ལ་རྒྱུས་ལོན་ཟབ་མོ་དགོས་ཡོད། བོད་མིའི་མི་གཤིས་ལ་རྒྱུས་ལོན་མེད་ཚེ་ཐ་སྙད་བཀོལ་སྤྱོད་ལ་རྒྱུས་ཡོད་ཟེར་བ་སྐྱག་རྫུན་འབའ་ཞིག་ལས་མ་འདས་སོ།།

མི་རིགས་དེའི་སྐད་ཡིག་གི་གཤིས་ཀ་ནི་དེ་བཀོལ་སྤྱོད་བྱེད་པའི་སྤྱི་ཚོགས་དང་འབྲེལ་བ་ཏན་ཏན་ཡོད་པས། ཐ་སྙད་གསར་བཟོ་བྱེད་པའམ་བརྡ་སྤྲོད་གཞུང་ལུགས་མ་བརྩམས་པའི་སྔོན་དུ་སྐད་ཡིག་དེ་ཉིད་བདག་གིར་འཛིན་པའི་སྤྱི་ཚོགས་ཀྱི་རང་གཤིས་ལ་ཞིབ་འཇུག་དགོས་པ་གལ་ཆེན་པོ་ཡིན།

གཞན་གྱི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་ཤིང་། རང་གི་སྤྱི་ཚོགས་ལ་རྒྱུས་ལོན་མ་ཐུབ་པའི་ཚེ། གཞན་གྱི་བརྡ་སྤྲོད་དང་སྐད་གཤིས་ཀྱི་འགྲོས་ཁུར་ཡོང་སྟེ། མི་རིགས་ཀྱི་བརྡ་སྤྲོད་དང་། སྐད་ཡིག་ལ་སྐྱོན་གྱི་ཕུང་པོ་འབའ་ཞིག་ལ་གཟིགས་ནས་བཅོས་བསྒྱུར་བྱེད་དགོས་པའི་ཨག་སྐད་རིང་མོ་དག་ནི། མི་རིགས་ཀྱི་སོན་རྩ་དང་། མ་འོངས་པའི་བདག་པོ་དག་ལོག་ལམ་དུ་འཁྲིད་བྱེད་ཀྱི་དུག་རྫས་ཁོ་ནའོ།།

བོད་ཀྱི་མེས་པོ་ཚོས་ཤུལ་བཞག་གི་ཐ་སྙད་གསོན་པོ་རེ་རེ་འུ་ཅག་གིས་གསོན་དུར་དུ་སྦས་ཤིང་། གསོན་དུར་དུ་སྦས་པའི་བོད་ཀྱི་ཐ་སྙད་དེ་དག་དུས་རབས་ཀྱི་འཕེལ་འགྲོས་ཀྱི་མཚོ་ཀློང་ན་འཐིམས་ཤིང་། ཡིད་གར་འོང་བའི་ཐ་སྙད་དེ་དག་གི་ཚབ་ཏུ་དུག་རྫས་ལྟ་བུའི་གཞན་གྱི་མིང་ཚིག་མང་པོ་ཞིག་སྤྱོད་བཞིན་པ་ལ་སེམས་ཁྲལ་ངོ་མ་ཞིག་དང་། མནོ་བསམ་ཞིབ་མོ་ཞིག་དགོས་འདུག་ཨང་སྙམ།

བོད་ཕྱིའི་མཁས་པས་སྤྱོད་བཞིན་པའི་གནམ་གྲུ་བཞོན་ནས་འོང་ཚུལ་གྱི་སྐད་ཆ་དང་། མང་གིས་བཀོལ་བཞིན་པའི་འཕྲུལ་རྟ་ཁྲིད་ནས་ཡོང་ཚུལ། སློབ་མ་དག་གིས་འཆད་བཞིན་པའི་དཔེ་དེབ་རྒྱགས་པ་སོགས་ཐ་སྙད་འདི་དག་ལ་བལྟས་ཀྱང་ང་ཚོའི་སྤྱོད་བཞིན་པའི་སྐད་ཡིག་གི་ལས་དབང་གསལ་པོ་ཤེས་མི་ཡོང་ངམ། བཞོན་དང་ཁྲིད་ཀྱི་ཐ་སྙད་དང་པོ་གནས་བབས་གང་འདྲ་ཞིག་གི་འོག་ནས་བཏགས་ཏེ། བོད་མི་མང་ཚོགས་ཀྱིས་བེད་སྤྱོད་བྱས་པ་རེད། བོད་མིའི་སྐད་གཤིས་ཀྱི་འགྲོས་དང་མི་མཐུན་པ་འདི་འདྲ་མང་པོ་ཞིག་མཁས་པས་ཀྱང་སྤྱོད་ཉེས་ཤོར་ཚེ།  བྱིས་པ་དག་ལ་ནི་ཁག་ཅི་ཡོད་འདོད།

བྱ་ཚིག་མང་པོ་ཞིག་གི་ཚབ་ཏུ་བྱ་ཚིག་གཅིག་བེད་སྤྱོད་རྒྱུན་མར་བྱས་ཤིང་། མིང་ཚིག་མང་པོ་ཞིག་གི་དོད་དུ་གཞན་གྱི་མིང་ཚིག་བཀོལ་སྤྱོད་ལ་འབད་དེ། མིང་དང་བྱ་ཚིག་མཚམས་སྦྱོར་བྱེད་ཀྱི་ཚིག་ཕྲད་མང་པོ་ཞིག་བེད་མེད་དུ་འགྱུར་བཞིན་པའི་སྣང་ཚུལ་འདི་ལ་གཞིགས་ན། གཞི་ནས་བོད་མི་རིགས་ཀྱི་སྐད་ཆའི་མགོ་རྐང་སྒྲིག་བྱེད་ཀྱི་གྲུབ་ཆ་གསུམ་དག་འཐོར་ཞིག་འགྲོ་བཞིན་ཡོད་པས་མི་རིགས་ཀྱི་སྐད་ཡིག་གི་ཆག་འཇིག་རྟོགས་ངེས།

གང་ལྟར་ཕ་མ་དང་དགེ་རྒན། དབུ་ཁྲིད་དང་ཤེས་ཡོན་པ་སུ་འདྲ་ཞིག་ཡིན་ཡང་ཐ་སྙད་བཀོལ་སྤྱོད་བྱེད་སྐབས་མི་རིགས་ཀྱི་སྐད་གཤིས་ཀྱི་འགྲོས་ལ་མནོ་བསམ་སྔོན་གཏོང་བྱེད་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་། དེ་མིན་གང་དྲན་ཅི་འདོད་དང་། གཞན་རྗེས་གཡམ་རྒྱུགས་ཀྱི་ཚུལ་ལ་འབད་ན། མི་རིགས་ཀྱི་ཐུན་མིན་སྐད་གཤིས་ཀྱི་འགྲོ་ལུགས་ནག་བསུབ་ཏུ་འགྲོ་ཉེན་ཆེའོ།།