འབུམ་པ་ཞེས་པ་ནི་རང་ཅག་བོད་ཀྱི་ཡུལ་འདིར་ཆེས་སྔ་མོ་ཞིག་ནས་དར་སོ་བྱུང་བའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་དད་མོས་ཀྱི་མཚོན་རྟགས་རྩ་ཆེན་ཞིག་དང་། རིག་གནས་ཀྱི་སྣང་ཚུལ་ཐུན་མོང་མ་ཡིན་པ་ཞིག་ལས་བྱུང་བ་ང་ཚོས་བོད་རང་གི་གནའ་བོའི་རྡོ་བརྐོས་རི་མོ་དང་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་སོགས་ལས་གསལ་བོ་རྟོགས་ཐུབ་པ་ཞིག་རེད། ཡིན་ནའང་། ད་ལྟའི་ཆར་བོད་ཕྱི་ནང་དང་རྒྱལ་སྤྱིའི་བོད་དང་བོན་པོའི་རིག་གནས་ཞིབ་འཇུག་པ་དག་གིས་འབུམ་པ་དང་མཆོད་རྟེན་གཉིས་ངོས་འཛིན་ཐ་དད་མེད་པར་དཀྱུས་གཅིག་ཏུ་ར་མགོ་ལུག་སྦྱར་གྱིས་གླེང་བཞིན་པ་འདི་ནི་རིག་གནས་ཞིབ་འཇུག་གི་འཁྲུལ་བ་ཆེན་པོ་ཞིག་དང་། ལྷག་པར་དུ་བོད་ཀྱི་གནའ་ཤུལ་ཞིབ་འཇུག་པའམ་རྡོ་བརྐོས་རི་མོ་ཞིབ་འཇུག་པ་དག་གིས་ལོ་ངོ་མང་པོའི་རིང་འབུམ་པ་ལ་མཆོད་རྟེན་གྱི་མིང་གིས་བསྙད་ནས་འགྲེལ་བཤད་ལྷག་མ་མང་པོ་བྱས་ཡོད།     

འབུམ་པའི་བཟོ་བཀོད་ཀྱི་ཐད་ནས་མཆོད་རྟེན་དང་མི་འདྲ་བའི་ཆ་ཤིན་ཏུ་མང་པོ་ཞིག་ཡོད། དཔེར་ན། མཆོད་རྟེན་ལ་བང་རིམ་དང་བུམ་པ། སྲོག་ཤིང་དང་འཁོར་ལོ་བཅུ་གསུམ་སོགས་ཀྱི་གཏན་འཁེལ་ཡོད་པ་བཞིན་འབུམ་པ་ཡི་བང་རིམ་ལ་གཏན་འཁེལ་ཅི་ཡང་མེད་པར་བང་རིམ་མེད་པ་ཡོད་ལ། ཡོད་པ་དག་ཀྱང་རེ་ཟུང་ལ་བང་རིམ་གསུམ་དང་རེ་ཟུང་ལ་ལྔ་དང་དྲུག་དང་བདུན་སོགས་ཅི་རིགས་སུ་ཡོད། དེ་བཞིན་འབུམ་པ་ལ་འཁོར་ལོ་དང་སྲོག་ཤིང་སོགས་མེད་པ་མང་ཞིང་ཡོད་པ་དག་ཀྱང་དུས་ཕྱིས་སུ་མཆོད་རྟེན་དང་ཉ་དང་ཉུང་མ་མཉམ་བསྲེས་སུ་སོང་བ་གསལ་བོ་མཐོང་ཐུབ།

ད་ཡོད་བོད་ཀྱི་འབུམ་པའི་ཁྱབ་ཚུལ་ས་ཁུལ་གྱི་དབང་དུ་བྱས་ན་འབུམ་པ་ནི་སྔར་དུས་བོན་ཆོས་ཀྱི་ལྟེ་བར་གྱུར་བའི་ཞང་ཞུང་གི་ཡུལ་དུ་གཏོགས་པའི་བོད་ཀྱི་སྟོད་མངའ་རིས་དང་དེ་བཞིན་ཧི་མ་ལ་ཡའི་སྦལ་ཏི་དང་ལ་དྭགས། གར་ཞྭ་དང་སྤྱི་ཏི། ཁུ་ནུ་དང་བལ་ཡུལ་གྱི་དོལ་བོ་དང་གློ་སོགས་སུ་གང་སར་མཐོང་རྒྱུ་ཡོད་པ་ཞིག་ཡིན། དེ་བས་ང་ཚོས་འབུམ་པ་ནི་བོན་གྱི་འབུམ་པ་དང་དུས་སྐབས་ཤིག་རིང་གི་བོད་ཀྱི་བོན་པོའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ལ་བཞག་ཀྱང་ཐལ་ཆ་ཅི་ཡང་མེད་པར་འདོད་ལ། ཧི་མ་ལ་ཡའི་ས་ཁུལ་སྤྱི་ཏི་དང་ཁུ་ནུ་ཕྱོགས་སུ་ཧ་ཅང་རྒྱུགས་ཆེ་བའི་སྔ་མོའི་དཔེ་རྙིང་མོ་ལ་རིན་ཆེན་ཕྲེང་བ་ཞེས་པའི་ནང་དུ་ཡང་འབུམ་ཁ་ཡིག་ཅན་བཞེངས་ཞེས་གསལ་བོ་འབྱུང་གི་ཡོད།

སྤྱིར་བཏང་འབུམ་པ་ནི་མཆོད་རྟེན་དང་འདྲ་བར་ནང་དུ་གཟུངས་རྟེན་བཞུགས་འཇོག་གིས་ཕྱག་དང་བསྐོར་བ་བྱེད་ས་ཞིག་ཡིན་ན་ཡང་། འབུམ་པའི་གོ་དོན་གྱི་སྐོར་ལ་ང་ཚོས་ངེས་པར་དུ་བསམ་བློ་ཞིབ་མོ་ཞིག་གཏོང་དགོས་པ་འདྲ། དེ་ཡང་བཙན་པོའི་བླ་འབུམ་དང་ཨ་མདོའི་ཕྱོགས་ཀྱི་འབུམ་ཁང་ཟེར་བ་སོགས་ནི་ནང་གཟུངས་སོགས་གྲངས་ཚད་ཀྱིས་བཅད་པའི་འབོད་སྲོལ་ཞིག་ཡིན་འདུག་མོད། འབུམ་པའི་གོ་དོན་ནི་གྲངས་ཚད་ཅན་གྱི་འབོད་མིང་དེ་དག་དང་མི་འདྲ་བར་དེ་ནི་བོད་ཀྱི་གདོད་མའི་རིག་གནས་ཀྱི་སྣང་ཚུལ་གཏིང་ཟབ་པོ་ཞིག་དང་འབྲེལ་བ་ཡོད་པ་གདོན་མི་ཟ་བ་ཞིག་རེད། དེ་ཡང་བོན་གྱི་ཡིག་ཚང་རྙིང་པ་ལྟར་ན་འབུམ་པ་ཟེར་བ་ནི་ཆེས་གདོད་མའི་ཞང་ཞུང་ངམ་བོན་གྱི་ཡི་དམ་རྙིང་པ་ཞིག་གི་མིང་ཡིན་ལ། ཡི་དམ་དེ་དང་འབྲེལ་བའི་ངོས་འཛིན་ནམ་གསོལ་མཆོད་ཀྱི་བརྒྱུད་རིམ་ཁྲོད་རང་རེའི་མེས་པོ་རྣམས་པས་འབུམ་པ་ཞེས་པའི་དད་རྟེན་འདི་ཉིད་གསར་བཟོ་བྱས་པ་ཡང་ཡིན་སྲིད་པས་འབུམ་པ་ནི་བོན་གྱི་ཡིག་ཚང་ནང་འབྱུང་པའི་ཡི་དམ་འབུམ་པ་དང་འབྲེལ་བ་མེད་པའི་ཁ་ཚོད་ང་ཚོ་སུས་ཀྱང་གཅོད་དཀའ་བ་ཞིག་རེད། དེ་བཞིན་འབུམ་པའི་གོ་དོན་ཡིན་སྲིད་པའི་གནས་ཚུལ་གཞན་ཞིག་ལ་འབུམ་པ་ནི་བོད་རང་གི་གདོད་མའི་ཆོས་ལུགས་དད་མོས་ཁྲོད་ཀྱིི་ལྷ་ཀླུ་གཞི་བདག་སོགས་ཀྱི་ཀླུ་ཡི་སྣང་བརྙན་དེ་རིམ་བཞིན་འབུམ་པའི་གཟུགས་སུ་བཀོད་པར་འདོད་པ་དང་། འདི་ལ་ཚིག་མཛོད་ཁག་ཅིག་གི་ནང་དུ་འབུམ་པ་ནི་སྐུ་གཟུགས་དང་མཆོད་རྟེན་ཞེས་འགྲེལ་བཤད་གནང་ཡོད་ལ། འབུམ་པ་ཀླུ་ཡི་གཟུགས་རིས་དང་འབྲེལ་བའི་ལྟ་ཚུལ་འདི་ཧོབ་སྟེ་བསམ་ན་བློ་ལ་འཇུག་མི་བདེ་བ་ཞིག་ཡིན་ནའང་རིག་གནས་གང་ཡིན་ཡང་དེ་ལ་མི་རིགས་རང་གི་ཡུལ་སྲོལ་དང་མཐུན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པའི་ཆ་ནས་གནད་དོན་འདི་ལ་ཡང་ང་ཚོས་བསམ་གཞིག་གཏོང་དགོས་པར་འདོད་དོ།།

ལར་འབུམ་པ་ལ་མཆོད་རྟེན་ཞེས་པའི་འབོད་ཚུལ་འདི་ནི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ནས་རིམ་བཞིན་བོད་སྤྱི་ཚོགས་སུ་ཁྱབ་བརྡལ་བྱུང་བ་ཞིག་རེད་ལ། དེ་ཡང་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་ལ་དར་ནས་མི་ལོ་མང་པོ་སོང་བར་བརྟེན་ད་ལྟའི་ཆར་བོད་དང་ཧི་མ་ལ་ཡའི་འབུམ་པ་མང་པོ་ཞིག་མཆོད་རྟེན་དང་ར་མ་ལུག་བསྲེས་ཀྱི་ཚུལ་དུ་སོང་ཡོད་ནའང་། དབུས་གཙང་ཕྱོགས་སུ་ད་ལྟ་ཡང་འབུམ་པ་ལ་འབུམ་པ་ཞེས་འབོད་པ་གང་འཚམས་ལྷག་ཡོད་ཚོད་དུ་འདུག དཔེར་ན། ལོ་འགའི་སྔོན་བོན་གྱི་ཡིག་ཆ་རྙིང་པ་རྩ་ཆེན་སྐོར་ཞིག་རྙེད་སའི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་དང་། ཡར་ཀླུང་རྟེན་གསུམ་དུ་གྲགས་པའི་རྟག་སྤྱན་འབུམ་པ། ཚེ་ཆུ་འབུམ་པ། དགོན་ཐང་འབུམ་པ་ལྟ་བུའོ།། འབུམ་པ་ལ་ཡང་འབུམ་པ་དང་འབུམ་པ་ཆེའམ་འབུམ་མོ་ཆེ། གདུང་འབུམ་སོགས་ཀྱི་རིགས་དང་དབྱེ་བ་མང་པོ་ཞིག་ཡོད་འདུག་གོ།

 

གསལ་བཤད། འབུམ་པ་ཞིབ་འཇུག་གི་དབུ་ཁྱུད་ཅེས་པའི་རྩོམ་ཐུང་འདི་ནི་ཁ་སྔོན་ཕྲན་གྱིས་རང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་ལ་དྭགས་ཀྱི་འབུམ་པ་ཟེར་བའི་པར་འགའ་བཞག་པར་དྲ་གྲོགས་མི་ཉུང་བ་ཞིག་གིས་མཆོད་རྟེན་དང་འབུམ་པ་གཅིག་ཡིན་མིན་སོགས་ཀྱི་དྲི་བ་མང་ཙམ་བྱུང་བར་འདིར་དཀྱུས་གཅིག་ཏུ་དཔེ་ཀློག་དང་ལས་བྲེལ་གྱི་བར་གསེང་ནས་ལན་ཐུང་ངུ་འདི་ཕུལ་བ་དགེ་གྱུར་ཅིག།   ཕྱི་ལོ༢༠༡༧ཟླ༡༠ཚེས༢༡མཚན་མོར།